རྨ་དགེ་མོ་ནམ་སྤྱི་སྟེགས་སུ་ཕེབས་པར་དགའ་བསུ་ཞུ།
ལྷ་སའི་ཞོགས་པ།
རྩོམ་པ་པོ། ར་ས་བསྟན་འཛིན་ཆོས་གྲགས།
ལྷ་སའི་ཞོགས་པ་ནི། ཞོགས་ཁྲོམ་ཐོག་ནས་བྲེལ་འཚུབ་ངང་ནས་སྔོ་ཚོད་ཉོ་བའི་རྣམ་པ་དེ་ཉིད་མ་ཡིན་ལ། མཁའ་དབུགས་གཙང་མ་ཡིན་ནོ་ཞེས་པའི་སྐད་ཆ་སྟབས་བདེ་ཞིག་གིས་ལྷ་སའི་ཞོགས་པའི་ནང་སྙིང་ཡོད་ཚད་མངོན་པར་འདོད་པ་དེ་བས་ནོར་འཁྲུལ་ཡིན། ལྷ་སའི་ཞོགས་པ་ནི། སྔོ་བསངས་ནམ་མཁའ་ལྟ་བུར་དྲི་མ་མེད་པའི་སེམས་ཀྱིས་ག་ལེར་བསླངས་པའི་བྱིས་པ་ལྷད་མེད་ཅིག་དང་ཁྱད་མེད་ལ། ལྷ་སའི་ཞོགས་པ་ནི། རྡུལ་གྱི་ཕུང་པོ་བཞིན་དུ་བརྩེགས་པའི་ཁ་སང་མང་པོ་ཞིག་གི་དཀའ་ཚེགས་དང་། རྒྱབ་གཟུགས་མང་པོ་འགྱེལ་ཞིང་ལངས་ལ། ལངས་ཤིང་སླར་ཡང་འགྱེལ་བའི་མཚན་མོ་མང་པོ་འགྲིམས་པའི་རྗེས་སུ་ད་གཟོད་ལྷམ་མེར་བཀྱེད་པའི་འོད་ཟེར་ཞིག་གི་སྔོན་འགྲོ་དེ་ཉིད་ཡིན། དེས་ན། ལོ་རྒྱུས་དེབ་ཐེར་འགའ་རེ་བཀླགས་པ་དང་། མིའི་རིགས་རིག་པའི་ཐབས་ལམ་ཐོག་ནས་ཕྱི་ཡི་འགྲེལ་བརྗོད་ཙམ་གྱིས་ཡོད་ཚད་ཁོང་དུ་ཆུད་པའི་སྤོབས་སེམས་སམ། པར་ཆས་སྣ་རིང་དེ་ཉིད་རིང་དུ་བསྲིངས་ཏེ། ཞོགས་པའི་ཉི་ཐིག་པོ་ཏ་ལ་ཡི་རྒྱ་ཕིབས་ཐོག་ཏུ་འཕྲོས་པའི་སྐད་ཅིག་ཙམ་དེ་པར་དུ་བླངས་ནས། ལྷ་སའི་ཞོགས་པའི་མཛེས་པ་འདི་ཉིད་བདག་གིས་རྟོགས་སོ་སྙམ་པའི་ང་རྒྱལ་བྱུང་ན་དེ་བས་ག་ལ་རུང་།
བསངས་དུད་ཀྱི་ལྡེམ་མྱུར།
ལྷ་སའི་ཞོགས་པའི་མཁའ་དབུགས་གསེང་ན་འགྲམས་པ་ནི། ཇོ་ཁང་མདུན་དུ་ལྷོག་ལྷོག་ཏུ་འཕྱུར་བའི་བསངས་ཀྱི་དུད་སྤྲིན་དེ་ཉིད་རེད། གྱ་གྱུར་ནམ་མཁའི་མཐོངས་སུ་འཕྱུར་བའི་བསངས་དུད་དེ། མཆོད་པའི་ལྷ་མོ་ཞིག་གིས་ལྡེམ་མྱུར་ལྡན་པའི་ཐོག་ནས་གར་སྟབས་བྱེད་པ་དང་ནི་ཀུན་ནས་མཚུངས་པའམ། ཡང་ན་བསངས་ཁུང་ནང་དུ་སྡིག་སྒྲིབ་ཡོད་ཚད་བཙོ་སྦྱངས་ཐེངས་ཤིག་བྱས་པའི་རྗེས། ཤུལ་དུ་ལུས་པའི་དག་གཙང་ལྡན་པའི་རྣམ་ཤེས་མང་པོ་རུ་བསྒྲིགས་ཏེ། མཁའ་སྤྱོད་ཡུལ་དུ་གཤེགས་པའི་ཤོད་ཚུལ་དེ་དང་ཀུན་ནས་མཚུངས། བསངས་དུད་དེ། རང་དགའ་བ་ཞིག་གཏན་ནས་མ་ཡིན་ཏེ། ལོ་ངོ་སྟོང་ཕྲག་མང་པོར་ལྷ་སའི་མཁའ་དབྱིངས་ངོས་སུ་འཕྱུར་བའི་བསངས་ཀྱི་རྒྱུན་ལ་རྫོགས་མཐའ་གཏན་ནས་མེད་ནའང་། ལྷ་སའི་ནམ་མཁའ་སྔར་བཞིན་དྭངས་ཤིང་གསལ་བ་མ་ཡིན་ནམ། དེ་ནི། ཁྱོད་ཀྱི་རང་གཤིས་དྭངས་ཤིང་གཙང་བ་ཡིན་སྟབས་ཀྱིས། ཡངས་ཤིང་ཡས་པའི་ནམ་མཁའི་གློ་བས་ཡོད་ཚད་རྔུབ་ལེན་ཐུབ་པ་ཡིན་ངེས་རེད། བརྡོལ་བོན་དག་གིས་རེ་བ་སྟོང་དང་སྨོན་པ་ཁྲི་ཕྲག་དུ་མ་བསངས་དུད་གསེང་ན་བསྟིམས་མྱོང་ཞིང་། བན་དེ་རྣམས་ཀྱིས་ཀྱང་། འཛམ་གླིང་སྤྱི་བསངས་ཞེས། དཀར་ཕྱོགས་སྐྱོང་བའི་སྲུང་མའི་རྔམ་ཟིལ་བསངས་དུད་ཁྲོད་ནས་མཇལ་བའི་རེ་བ་བསྐུངས་ཡོད་པས། དེ་ནི་བསངས་ཁུང་ནང་གི་དབལ་རླབས་ཚ་བའི་མེ་ལྕེ་ལྟ་བུའི་ལོ་རྒྱུས་ནང་། བཙོ་སྦྱངས་བྱས་ཏེ་ཕན་ཚུན་འགལ་བ་མེད་པར་བསྲེས་པའི་རྒྱུ་ལས་རིམ་གྱིས་དུ་ཁུང་ནང་ནས་འཕྱུར་བའི་མཛའ་བརྩེའི་ཁ་བཏགས་དཀར་པོ་ཞིག་གི་དོད་ཀྱང་རེད། མེས་པོ་དག་གི་རྒས་ཤིང་རེ་བས་ཁེངས་པའི་བཞིན་གྱི་དཀྱིལ་འཁོར་རྣམས། བདག་ཚོར་གཏད་དེ་བསངས་དུད་དབུས་ན་རིམ་བཞིན་བསྟིམས་ཟིན་པས། བདག་གིས་ཀྱང་། སྐྱ་རེངས་མ་འཆར་ཙམ་ནས་བསངས་ཀྱི་དུད་སྤྲིན་ག་ལེར་ཕྱེས་ཏེ་མེས་པོའི་བཞིན་རས་མཇལ་བར་རེ་ཞིང་ཡོད། སྐབས་རེ། ཕྲུ་གུས་གཉིད་མ་སད་ཀྱི་ངང་། ཞོགས་པ་སྔ་པོ་དེ་འདྲར་ཇོ་ཁང་མདུན་དུ་བསངས་མཆོད་འབུལ་དུ་སོང་ན་བསུན་གྱི་མེད་དམ་ཟེར། བདག་གིས་དལ་མོའི་ངང་། བདག་གི་བསུན་སྣང་ཆེ་ཤོས་ནི། ཅི་ཡང་རིག་ཐབས་མེད་མོད། ཅི་ཡང་རིག་པར་འདོད་པའི་མཚན་མོའི་མུན་དོང་རིང་མོ་དེ་ཉིད་རེད་ཅེས་ཡང་ནས་ཡང་དུ་བཤད།
གོམ་བགྲོད་ཀྱི་རྡོག་སྒྲ།
གྲ་སྒྲིག་ཨང་གསར་གྱིས་ཆས་པའི་རྒན་རྒོན་གྱི་དཔུང་ཚོགས། ལག་པ་གཡས་ཀྱིས་མ་ཎི་བསྐོར་ཞིང་། གཡོན་གྱིས་ཕྲེང་བ་བགྲང་ཏེ། པོ་ཏ་ལ་ཡི་ཞབས་ཟུང་བརྒྱུད་དེ་ལྷ་སའི་ཞོགས་པའི་རུམ་ནས་རྔམ་རྔམ་བརྗིད་བརྗིད་ངང་ནས་བགྲོད་ཀྱིན་འདུག དུས་རབས་གཉིས་ཀྱི་གསེབ་ན་བྱ་བཞིན་ལྡིང་བའི་རྒན་རྒོན་དག་གི་ངག་ལས་འགྲོ་བ་རིགས་དྲུག་ཁོ་ནས་ཁྱབ་འདུག་ལ། སྡུག་བསྔལ་དོར་ཞིང་བདེ་བ་པང་དུ་བླངས་པའི་སྨོན་ཚིག་ཁོ་ནས་ཞོགས་པའི་མཁའ་དབུགས་དེའང་མེ་བཞིན་སྦར། འོན་ཏེ་སྤྱི་ཚོགས་གཉིས་ཀྱི་ཤུལ་ལམ་རིག་མྱོང་ཡོད་པའི་ཁོང་ཚོའི་འདྲེན་བྱེད་ཀྱིས། དགའ་སྐྱོ་འདྲེས་མའི་བརྙན་རིས་ཡོད་ཚད་འབད་པ་དུ་མས་བརྙན་འཕྲིན་ཇི་བཞིན་ང་ཚོར་བསྟན་གྱི་ཡོད་འདུག་ལ། ཨོམ་དང་ཧུང་ཞེས་བདེ་སྡུག་ཐམས་ཅད་སྔགས་ཀྱི་ནང་དུ་བསྡུས་ཏེ་ང་ཚོར་འཚོལ་དཔྱོད་བྱ་རུ་བཅུག་པ་དང་ཡང་ཧ་ཅང་འདྲ། ད་དུང་ཞོགས་པའི་རྫོང་རྒྱབ་ཀླུ་ཁང་ནང་། མ་ཎི་བསྐྱུར་ཞིང་ཕྲེང་བ་དོར་བའི་རྒན་རྒོན་འགའ། སྐབས་རེ་ལག་ཏུ་གྲི་རིང་འཁྱེར་ཏེ་གྲི་རྩེད་སྦྱོང་བཞིན་ཡོད་འདུག་ལ། སྐབས་རེ་ལག་ཏུ་རླུང་གཡབ་ཐོགས་ཏེ་རྒྱ་རིགས་རྒན་མོ་བཞིན་དུ་རླུང་གཡབ་ཞབས་བྲོ་འཁྲབ་ལ་བྲེལ། སྐབས་རེ་ལུས་གསོའི་དགའ་འཁྱིལ་རྩལ་སྦྱོང་གིས། རང་གི་ཡིད་ལ་ཆུང་ངུའི་དུས་ནས་འཇགས་པའི་ང་རྒྱལ་ལྟར་སྣང་རེ་རེའི་ཤུགས་ལ་བརྟེན་ཏེ་སྲོལ་རྒྱུན་ཁོ་ནའི་ཁྱབ་ཁོངས་ཤིག་ལས་བརྒལ་བར་འདོད་པའི་འདུན་པ་སྐྱུར་མོ་རེ་རེ་བཅངས་མོད་ཀྱང་། ཁོང་ཚོས་བརྗོད་པའི་ད་མ་དིག་གི་རྒྱ་སྐད་དང་། སྨུག་ཅིང་ནག་པའི་ངོ་གདོང་། རང་བཞིན་ངང་ནས་ཕྱུངས་བའི་བྱ་བྱེད་ཐམས་ཅད་ཀྱིས། ཁོང་ཚོ་ནི། ནམ་ཡང་ཁྱབ་ཁོངས་འདི་ལས་བརྒལ་ཐབས་མེད་ཀྱང་ལོ་རྒྱུས་ཤིག་གི་ཀློང་ན་ཁད་ཀྱིས་འཁྱམས་པའི་འགྲུལ་པ་གཏོལ་མེད་ཅིག་གི་ཚུལ་དུ་གནས། པར་ཆས་ཐོགས་པའི་ཡུལ་སྐོར་ཕོ་མོ་འགའ་ཞིག་གིས། ཞོགས་པའི་ཉི་ཐིག་ལུས་ལ་ཟུག་ཅིང་། རང་གི་གྲིབ་མ་ལྕགས་སྒྲོག་བཞིན་དུ་འདྲུད་བཞིན་ཡོད་པའི་རྒན་རྒོན་རྣམས་ལ་འཛེམས་དོགས་ཅི་ཡང་མེད་པའི་ཐོག་ནས་པར་དུ་བླངས་བཞིན་འདུག སྐབས་དེར། སྐོར་བར་འགྲོ་བའི་ཕྲུ་གུ་པྲ་ཚག་ཅིག་གིས་ཡ་མཚར་ངང་ནས་རང་གི་ལག་ཐོགས་ཁ་པར་ཐོག་གི་པར་ཆས་ཀྱིས། ཡུལ་སྐོར་ཕོ་མོ་དེ་དག་པར་དུ་བླངས་པར་བརྩམས་པའི་སྐད་ཅིག་དེར། ཕྲུ་གུ་དེ་ལ་ཡུལ་སྐོར་བས། དེ་ལྟར་དོན་མེད་ངང་ནས་མི་གཞན་པར་དུ་བླངས་ན་ཁྲིམས་དང་མཐུན་ཐབས་མེད་ལ་བླུན་རྨོངས་ཡིན་ཚུལ་ཁ་ཏ་བྱས། དེ་རྗེས་སླར་ཡང་རང་གི་པར་ཆས་རྒན་རྒོན་དག་གི་ངོ་ལ་གཏད་དེ་པར་སྒོ་ཆད་མེད་ངང་ནས་མནན་བཞིན་འདུག
བཞུར་བཞིན་པའི་སྐྱིད་ཆུ།
སྐྱིད་ཆུ་བཞུར་བཞིན་འདུག དུས་ཚོད་ཀྱང་བཞུར་བཞིན་འདུག ལྷག་པར་དུ་དུས་ཚོད་ཀྱི་བར་དུ་འཚང་ག་རྒྱག་པའི་མི་ཚོགས་དག་ཀྱང་བཞུར་བཞིན་པའི་སྣང་ཚུལ་ལ་བསམ་གཞིག་བཏང་ན། སེམས་ལ་བྲེལ་དངངས་ཤིག་ཀྱང་འོང་གི་འདུག ཆུང་དུས་སུ། སྐྱིད་ཆུའི་འགྲམ་ངོགས་ཧ་ཅང་ཡངས་ཤིང་། འཇག་མའི་ཕོན་པོ་ཧ་ཅང་སྟུག ནར་སོན་རྗེས། སྐྱིད་ཆུའི་འགྲམ་ངོགས་ཧ་ཅང་དོག་ཅིང་། ཁང་བརྩེགས་ཁོ་ནས་ཡོངས་སུ་འཛིང་། ད་གཟོད་ཞོགས་པ་མ་གཏོགས་སྐྱིད་ཆུའི་བཞུར་རྒྱུན་ཐོས་ཐབས་མེད་ལ། ཞོགས་པའི་གནས་སྐབས་ཕྲན་ཙམ་དེ་རུ། ད་གཟོད་སྐྱིད་ཆུའི་ཡངས་ཤིང་ཡས་པའི་འགྲམ་ངོགས་ཀྱི་ལྷིང་འཇགས་ལ་རོལ་ཡང་ཐུབ། སྐྱིད་ཆུར་ཉིན་མཚན་གྱི་དབྱེ་བ་མེད་ལ། སྐྱིད་སྡུག་གི་འཆར་སྒོ་ཅི་ཡང་མེད་མོད། ཁྱེད་ཀྱིས་ཉིན་མཚན་མང་པོ་འགྲིམས་མྱོང་ལ། སེམས་ཀྱི་འཆར་སྒོ་མང་པོ་ཁྱེད་ལ་གཏད་ནས་ཡོད། བདག་གི་སྤོ་བོས་ཁྱེད་ཀྱི་འགྲམ་དུ་ག་ལེར་ཙོག་སྟེ་ཆུ་བསངས་ཕུལ་ཞིང་ནད་མེད་ལོ་བརྒྱ་ཐུབ་པའི་སྨོན་པ་བཏབ་མྱོང་ལ། བདག་གི་རྨོ་བོས་གདོང་གི་རྔུལ་ཆུ་ཡོད་ཚད་འདི་རུ་བཀྲུས་ཏེ་ངོ་ནས་འཛུམ་ཞིག་ལངས་ཀྱང་མྱོང་། བདག་གི་ཕ་མ་གཉིས་ཀྱིས་ཀྱང་། ང་རང་ཁྱེད་ཀྱི་ནང་དུ་ལུས་པོ་བཀྲུས་པ་གྲངས་མེད་ཡིན། དྲན་པ་རྩ་ཆེན་དེ་དག་ཐམས་ཅད་ཁྱེད་ལ་བརྟེན་ནས་བྱུང་བས། ཡོད་ཚད་སླར་ཡང་ཕྱིར་ལྡོག་བྱས་པ་ལྟ་བུའི་སྣང་བ་བསྟེར་ཡོང་ལ། ཡང་ན། ཡོད་ཚད་ནམ་ཡང་བཟློག་ཐབས་མེད་པའི་སྣང་བ་ཞིག་ཀྱང་བསྟེར་གྱིན་འདུག དེ་ལྟར་ཡིད་ནང་བྱུང་བའི་འགལ་བ་ནི། ཏག་ཏག་ང་ལ་མཁོ་བའི་ཡིད་ཀྱི་འཆར་སྒོ་དེ་ཉིད་ཡིན་ཡང་སྲིད། འཆར་སྒོ་དེ། ཧ་ཅང་མཛེས་ཤིང་ཡིད་དུ་འོང་བ་ཞིག་གི་ཚུལ་གྱིས་བདག་གི་ཡིད་ཀྱི་སྒོ་མོ་རྡུང་གིན་འདུག བདག་གིས་ཀྱང་ཡིད་ཀྱི་སྒོ་གླེགས་དལ་གྱིས་ཕྱེས་ཏེ་འཆར་སྒོ་དེ་ཉིད་རང་གི་ཡིད་དུ་རང་དགར་རྒྱུ་རུ་བཅུག གང་ཡིན་ཞེ་ན། མཛེས་པ་ནི་ནམ་ཡང་ཐོབ་ཐབས་མེད་པ་དེ་ལ་རེ་སྙེགས་བྱེད་པའི་བསམ་པའི་འདུན་པ་ཞིག་ལས་བྱུང་བས་ཡིན།
ཁ་ཁུ་སིམ་པའི་ལྷ་སའི་ཞོགས་པ་དེ་ཉིད་ག་ལེར་བཞུད་བཞིན་འདུག ཅུང་ཙམ་ནས། པར་ཆས་ཐོགས་པའི་ཡུལ་སྐོར་མི་སྣ་མང་པོ་ལྷ་སའི་ཁུག་ཀྱོག་གང་སར་ཁེངས་ངེས་ལ། ཡ་མཚན་ཆེ་མདོག་དང་། ཡིད་སྨོན་འཆོར་བའི་མིག་ཟུང་མང་པོ་ཅ་དངོས་རེ་རེའི་ཐོག་ཏུ་འཕངས་ངེས་རེད། འགའ་རེས་ནི། རང་གི་ཡུལ་དུ་ལོག་པའི་རྗེས། བོད་དུ་བསྐྱོད་པའི་ཡུལ་སྐོར་ཟིན་ཐོ་ཀུན་གྱིས་ཡིད་སྨོན་ཤོར་ཞིང་། རྟོག་པའི་ངོས་ཀྱི་ཤམ་བྷ་ལ་དེ་དངོས་སུ་འཕོས་པ་ལྟ་བུའི་དཔེ་དེབ་མང་པོ་འབྲི་ཡང་ངེས།
འོ། དུས་ཚོད་དགུ་དང་ཕྱེད་ཀར་ཐོན་ལ་ཉེ། ཁོང་ཚོ་ཤམ་བྷ་ལ་རུ་སླེབས་པ་ལྟ་བུའི་སྣང་བ་སྐྱིད་པོ་ཡོད་སྲིད་ཀྱང་། ང་རང་སྔར་བཞིན་འཚོ་བ་ཞེས་པའི་དངོས་ཡོད་འཇིག་རྟེན་འདི་རུ་བགྲོད་དགོས་ལ། གལ་ཏེ་ལས་ཀར་དུས་ཚོད་ཇི་བཞིན་མ་ཐོན་ན། འགོ་པའི་སྡང་མིག་ང་ལ་བགྲད་སྲིད་ལ། ཟླ་ཕོགས་བཅག་ངེས་ཞེས་པའི་སྐད་ཆ་སྦོམ་པོ་དེ་ཡིས་བདག་གི་གཉའ་ནས་མནན་ངེས་ཡིན། ད་དུང་འགོ་པའི་སྐད་ཆ་ཚིག་འབྲུ་གཅིག་གིས་ཀྱང་། བདག་གི་གྲུབ་འབྲས་ཡོད་ཚད་དམ། བདག་གི་འཚོ་གོས་ཡོད་ཚད་བསིལ་བུར་གཏོང་ཡང་ངེས་སྲིད།
ག་ལེར་བཞུགས། ལྷ་སའི་ཞོགས་པ། ང་རང་རིངས་པ་རིངས་པར་ཆས་དགོས་འདུག
ཆེད་དེབ«ཕལ་པའི་རང་མདངས»ལས་དྲངས།
སྒྲིག་སྦྱོར་པ། རོང་པོ་རང་འཚོལ།