རྨ་དགེ་མོ་ནམ་སྤྱི་སྟེགས་སུ་ཕེབས་པར་དགའ་བསུ་ཞུ།
ལུགས་ཀྱི་བསྟན་བཅོས་མི་ཆོས་གནད་ཀྱི་འཕྲེང་བ་དང་དེའི་འགྲེལ་བ་ངོ་སྤྲོད།
མི་ཆོས་གནད་ཕྲེང་གི་སྤྱི་ཁོག
དང་ཐོག་འབྲོམ་སྟོན་པས་མཛད་པའི་མི་ཆོས་གནད་ཀྱི་ཕྲེང་བ་འདི་ནི། བོད་སིལ་བུའི་སྐབས་ཀྱི་ཚབ་ཚོན་རང་བཞིན་གྱི་ལུགས་ཀྱི་བསྟན་བཅོས་ཉག་གཅིག་དེ་ཡིན་ཅིང་། བོད་སིལ་བུ་སྐབས་ལུང་པ་རེ་ལ་དཔོན་ཆུང་རེས་བཟུང་ཡང་ཕན་ཚུན་འཁྲུག་རྩོད་མེད་པར་ཞི་མཐུན་གྱིས་འཚོ་བ་དང་། སྣ་མང་གི་ལྟ་གྲུབ་མང་པོ་འགྲན་རྩོད་དེ་ཙམ་མེད་པར་རང་རང་ས་ན་རྩ་བ་བཙུགས་ཤིང་རྩེ་མོ་རྒྱས་པ། ད་དུང་ཡ་རབས་བཟང་སྤྱོད། ཤེས་རིག་དང་དཔལ་འབྱོར་འཕེལ་རྒྱས་སོགས་གཅིག་གྱུར་ཐབས་ཀྱིས་སྐྱོང་བའི་རྒྱལ་ཁབ་ཡོད་པ་ལྟར་འཕེལ་རྒྱས་དང་ཞི་མཐུན་གནས་ཐུབ་པ་ནི། རང་རེའི་མེས་པོ་དག་གི་མི་རེའི་སེམས་ཁོང་ན་འཇིག་རྟེན་སྐྱོང་ཐབས་ཀྱི་ལམ་ལུགས་སྲོལ་ཀྱི་གནས་ལུགས་ཀྱི་སྡོམ་རེ་འཛིན་རྒྱུ་ཡོད་པས་རེད། མི་ཆོས་འདི་དེ་སྐབས་མི་རྣམས་ཀྱི་འདུ་ཤེས་འཛིན་སྟངས། ཡ་རབས་དང་མ་རབས། རྒན་བཀུར་གཞོན་གཅེས། དངོས་པོའི་ཆོས་ཉིད་ལ་ལྟ་སྟངས་སོགས་དམངས་ཁྲོད་དུ་ཇི་ལྟར་ཡོད་པ་ལྟར་དུ་ཚིགས་སུ་བསྡེབས་པ་ཞིག་ཡིན་པ་ཡང་། མི་ཆོས་གནད་ཕྲེང་ལས། ཁོ་བོས་ས་མཐའ་སྐོར་བས་མི་མཐོང་མྱོང་། །རྣ་གཏམ་མང་དུ་ཐོས་པས་བཤད་པ་ཚ། །ཞེས་འབྲོམ་རང་ཉིད་བོད་མདོ་དབུས་ཁམས་གསུམ་སྐོར་མྱོང་བས་བོད་མི་མང་པོར་འབྲེལ་འདྲིས་བྱེད་མྱོང་བ་དང་། དེ་དག་གིས་གནའ་མིའི་ཀུན་སྤྱོད་ཀྱི་གནས་ལུགས་སྡོམ་ཚིག་གི་གཏམ་མང་པོ་རྣ་བར་ཐོས་པས་བཤད་པ་ཚ་བོ་ཡོད་ཅེས་གསུངས་པ་ལྟར། མི་ཆོས་གནད་ཕྲེང་འདི་མཁས་པའི་རྣམ་དཔྱོད་ཙམ་ལས་བྱུང་བ་མ་ཡིན་པར་དེ་སྐབས་ཀྱི་བོད་མིའི་ཀུན་སྤྱོད་ཀྱི་སྡོམ་ཚིག་དག་ཡིན་པར་གོ་བ་དང་། མི་རིགས་གཞན་གྱི་ལྟ་སྤྱོད་ཀྱིས་ཤུགས་རྐྱེན་མེད་པར་བོད་མི་རང་གི་བསམ་པའི་ཚོར་འདུའི་སྡོམ་ཚིག་ཡིན་པ། རྒྱ་དཀར་ནག་གི་ལུགས་ཀྱི་བསྟན་བཅོས་དག་གིས་མ་བསླད་པའི་བོད་མིའི་རང་རྩོམ་གྱི་ལུགས་ཀྱི་བསྟན་བཅོས་དྭངས་མ་ཞིག་ཡིན།
ནང་དོན་ངོ་སྤྲོད་རོབ་བཤད།
མི་ཆོས་གནད་ཕྲེང་འདིར་ཤོ་ལོ་ཀ་སོ་བཞི་ལྷག་དང་། ཚིག་རྐང་བརྒྱ་དང་སོ་བདུན་ཡོད། སྤྱིར་བོད་ཀྱི་སྔ་མའི་བསྟན་བཅོས་རྣམས་ཀྱི་སྤྱི་ལུགས་ལྟར་ཐོག་མར་དགེ་བ་ཀླད་ཀྱི་དོན་དང་། བར་དུ་དགེ་བ་གཞུང་གི་དོན། མཐའ་མར་དགེ་བ་མཇུག་གི་དོན་བཅས་གཞུང་ཡོངས་རྫོགས་དོན་ཚན་ཆེན་པོ་གསུམ་གྱིས་གྲུབ་པ་དང་། ཀླད་ཀྱི་དོན་ལའང་མཆོད་བརྗོད་འཕགས་པ་སྤྱན་རས་གཟིགས་ལ་ཕྱག་འཚལ་བ་དང་། བརྩམ་པར་དམ་བཅའ་བ་ཚིགས་སུ་བཅད་པའི་སྒོ་ནས་བསྟན་པ། བར་དུ་དགེ་བ་གཞུང་གི་དོན་ལ། གནས་དང་ཕྱོགས་རྣམས་གང་དུ་འགྲོ་ཡང་རུང་། །གཞི་དང་གནས་མལ་གང་དུ་བྱེད་ཀྱང་རུང་། །གྲོགས་དང་འགྲོགས་ལུགས་སུ་ལ་འཚོལ་ཡང་རུང་། །གཞན་དང་བསྟུན་པ་མི་ཆོས་རྩ་བ་ཡིན། །ཞེས་གསུངས་པ་བཞིན་ས་གནས་དང་ཡུལ་ཕྱོགས་གང་དུ་འགྲོ་ཡང་རུང་། གཞི་གང་དུ་འདུག་པ་དང་གནས་མལ་གང་དུ་བྱེད་ཀྱང་རུང་། གྲོགས་སུ་དང་ཕན་ཚུན་འགྲོགས་ལུགས་སམ་འབྲེལ་འདྲིས་བྱེད་སྟངས་གཞན་དང་བསྟུན་པ་དེ་མི་ཆོས་ཀྱི་རྩ་བ་ཡིན་པ་དང་། འདུན་མ་དེ་ཉིད་རྩ་བ་བཟུང་ནས་སྤྱི་སྒེར་གྱི་ལས་དོན་སྒྲུབ་ལུགས། ཟས་ཀྱི་ཟ་ལུགས། རྒྱུ་ནོར་སྤྱོད་ལུགས། དགྲ་གཉེན་བར་མ་རིས་སུ་མ་མཆིས་པའི་ཡར་མཐོ་བར་བཀུར་ལུགས། དམའ་བ་སྐྱོང་ལུགས། བར་བར་འགྲོགས་ལུགས་སོགས་མིའི་རིགས་ལ་ཆེས་མཁོ་བའི་བཟང་སྤྱོད་སྣ་ཁ་མི་འདྲ་བའི་དོན་ཆེན་བདུན་ཅུ་དོན་དྲུག་ལྷག་དང་། དེ་ལ་དབྱེ་བ་ཕྱེ་ན་མང་དུ་དབྱེ་རྒྱུ་ཡོད་བཟོ་འདུག །མཐའ་མར་དགེ་བ་མཇུག་གི་དོན་ལ་བསྔོ་བ་དང་སྨོན་ལམ་ཚིགས་སུ་བཅད་པའི་སྒོ་ནས་བསྟན་ཡོད།
མི་ཆོས་གནད་ཕྲེང་གི་རིན་ཐང་།
སྤྱིར་ཡིག་ཚགས་འདི་བོད་ཀྱི་ལོ་རྒྱུས་ཐོག་ན་ཆེས་སྔ་བའི་བརྗོད་བྱ་རྗོད་བྱེད་ཕུན་སུམ་ཚོགས་པའི་ལུགས་ཀྱི་བསྟན་བཅོས་ཤིག་ཡིན་པ་དང་། མི་ལོ་སྟོང་ལ་ཉེ་བའི་ཡིག་རྙིང་ཡིན་པས་རིག་དངོས་ཀྱི་རིན་ཐང་དང་། ལོ་རྒྱུས་ཀྱི་རིན་ཐང་། སྒྱུ་རྩལ་གྱི་རིན་ཐང་བཅས་རིན་ཐང་ཆེན་པོ་གསུམ་དང་ལྡན་ཞིང་། རྒྱས་བསྡུས་འཚམ་པ། བརྗོད་བྱ་གཏིང་ཟབ་པ། ཁ་གསལ་ལ་གོ་བདེ་བ་སོགས་དགེ་མཚན་ཆེས་ཆེ་བས། བོད་སིལ་བུའི་དུས་སྐབས་སུ་མི་ཚོས་ཆེ་མཐོང་གང་ཞིག་ལ་བྱེད་པ། མི་ཚེའི་རིན་ཐང་གི་ལྟ་ཚུལ་གང་འདྲ་ཡོད་མེད། ཡ་རབས་མ་རབས་ཀུན་སྤྱོད་ཀྱི་མཚམས་འཛིན་གང་ལ་བྱེད་མིན་སོགས་དཔྱད་གཞིའི་ཡིག་ཆ་ཤིན་ཏུ་གལ་འགངས་ཆེ་བ་ཞིག་ཡིན། སྙན་ངག་མེ་ལོང་གི་གཞུང་མ་དར་བའི་སྔོན་གྱི་བོད་རྩོམ་ཞིབ་འཇུག་གི་དཔྱད་གཞི་གལ་ཆེ་བ་ཞིག་ཀྱང་ཡིན།
ད་ཐེངས་བཀའ་དྲིན་མཉམ་མེད་གཟིམ་འོག་མཆོག་སྤྲུལ་རིན་པོ་ཆེ་རྗེ་བཙུན་༸བསྟན་འཛིན་ཡེ་ཤེས་མཆོག་གིས་མཛད་པའི་མི་ཆོས་གནད་འགྲེལ་འདི་ནི། མི་ཆོས་གནད་ཀྱི་ཕྲེང་བའི་འགྲེལ་བ་ཐོག་མ་དེ་ཡིན་ལ། རྒྱས་བསྡུས་འཚམ་པ། ཁ་གསལ་ལ་གོ་བདེ་བ་སོགས་དགེ་མཚན་ཆེ་བར་སྣང་། རྩོམ་ཚུལ་ཐད་མི་ཆོས་གནད་ཕྲེང་གི་རྩ་བ་དཔེ་རྙིང་ཁག་དང་། མཐོ་རིམ་སློབ་འབྲིང་གི་སྐད་ཡིག་དེབ་བཞི་པ་སོགས་ཕན་ཚུན་དཔེ་བསྡུར་མཛད་དེ་དག་པར་བཅོས་ཐོག །དེ་ལ་རྒྱས་བསྡུས་འཚམ་པའི་འགྲེལ་བ་མཛད་ཅིང་དེའི་ཟུར་རྒྱན་ལྟ་བུར་ཞང་སྟོན་བསྟན་པ་རྒྱ་མཚོས་(༡༨༢༥-༡༨༩༧)མཛད་པའི་མི་ཆོས་འགྲེལ་བ་བསླབ་བྱ་ནོར་བུའི་ཕྲེང་བ་བཀོད་གནང་མཛད་འདུག །ཟུར་དུ་མི་ཆོས་གནད་ཀྱི་ཕྲེང་བ་རྒྱ་ཡིག་ཏུ་བསྒྱུར་བའང་འདུག་གོ །
ལུགས་ཀྱི་བསྟན་བཅོས་མི་ཆོས་གནད་ཀྱི་འཕྲེང་བ་དང་དེའི་འགྲེལ་བ་ངོ་སྤྲོད་ཀྱི་ཚུལ་དུ་གཟིགས་པ་སྤྲུལ་མིང་པ་བློ་བཟང་བཟོད་པས།