རྨ་དགེ་མོ་ནམ་སྤྱི་སྟེགས་སུ་ཕེབས་པར་དགའ་བསུ་ཞུ།
སོག་རུ་ཀརྨ་ཀུན་ཁྱབ་ཀྱི་དེབ་གསར«བོད་ཀྱི་སྦྲ་གུར་རྣམ་བཤད»འགྲེམ་སྤེལ་ཚོགས་འདུ་ནག་ཆུར་སྤེལ་བ།
ཟླ༧ཚེས༡༣ཉིན་གྱི་ཕྱི་དྲོར། ནག་ཆུ་གྲོང་ཁྱེར་དཔེ་མཛོད་ཁང་དང་ཤག་པོ་རིག་གནས་མཉམ་སྤྱོད་ལྟེ་གནས་ཀྱིས་མཉམ་སྦྲེལ་ཐོག་སོག་རུ་ཀརྨ་ཀུན་ཁྱབ་ཀྱི་དེབ་གསར«བོད་ཀྱི་སྦྲ་གུར་རྣམ་བཤད»ཅེས་པའི་འགྲེམ་སྤེལ་ཚོགས་འདུ་འཚོགས།
བོད་ལྗོངས་རིག་རྩལ་ལྷན་ཚོགས་ཀྱི་དེ་སྔའི་ཀྲུའུ་ཞི་སྐུ་གཞོན། རྒྱལ་ཁབ་ཀྱི་རིམ་པ་དང་པོའི་སྐད་གཉིས་རྩོམ་པ་པོ་ཕུན་ཚོགས་བཀྲ་ཤིས་དང་། བོད་ལྗོངས་རིག་རྩལ་ལྷན་ཚོགས་རྩོམ་སྒྲིག་བྱ་བའི་པུའུ་ཡི་ཀྲུའུ་རེན་གཞོན་པ། «བོད་ཀྱི་རྩོམ་རིག་སྒྱུ་རྩལ»གྱི་གཙོ་སྒྲིག་པ་ལྷ་གཡང་ནོར་བུ། ནག་ཆུ་གྲོང་ཨུད་དྲིལ་བསྒྲགས་པུའུ་ཡི་པུའུ་ཀྲང་གཞོན་པ། ནག་ཆུ་གྲོང་ཁྱེར་རིག་རྩལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་ལྷག་པ་ཚེ་རིང་། ནག་ཆུ་གྲོང་ཁྱེར་རིག་གནས་ཡུལ་སྐོར་ཅུད་ཀྱི་ཅུད་ཀྲང་གཞོན་པ་ཟླ་བ། ནག་ཆུ་གྲོང་ཁྱེར་གེ་སར་ཆེད་གཉེར་གཞུང་ལས་ཁང་གི་ཀྲུའུ་རེན་ཚེ་རིང་ལུང་འཕེལ་སོགས་འགྲེམ་སྤེལ་ཚོགས་འདུར་ཞུགས་ཤིང་། དེ་བཞིན་ནག་ཆུའི་རྩོམ་པ་པོ་མི་གྲངས༥༠ཉེ་བ་འགྲེམ་སྤེལ་ཚོགས་འདུར་ཞུགས་ཡོད།
«བོད་ཀྱི་སྦྲ་གུར་རྣམ་བཤད»ནི་རྩོམ་པ་པོས་མཐོང་སྣེ་གསར་པར་བརྟེན་ནས་བོད་ཀྱི་སྦྲ་ནག་གི་ལོ་རྒྱུས་དང་། རྒྱུན་འཛིན་དང་སྲུང་སྐྱོབ། འཚེམ་བཟོའི་བརྒྱུད་རིམ་སོགས་ཀྱི་སྐོར་ལ་རིག་གཞུང་གིས་རྒྱས་བཤད་བྱས་ཡོད། བོད་རང་སྐྱོང་ལྗོངས་རིག་གནས་ཐིང་གཟུགས་འདས་རིག་གནས་ཁྲུའུ་ཡི་འགན་འཁུར་བ་ཧོར་དཀར་ནོ་མོ་དང་། ནུབ་བྱང་མི་རིགས་སློབ་ཆེན་གྱི་དགེ་རྒན་འབའ་སྟོད་པདྨ་དབང་རྒྱལ། བོད་ཀྱི་རྩོམ་པ་པོ་གྲགས་ཆེན་ཕུན་ཚོགས་བཀྲ་ཤིས། ནག་ཆུའི་རྩོམ་པ་པོ་བསྟན་པ་ཆོས་གྲགས། སྨྲི་ཏི་མཚན་འབར་སོགས་ནས། «བོད་ཀྱི་སྦྲ་གུར་རྣམ་བཤད»ནི་བོད་ཀྱི་སྦྲ་ནག་ངོ་སྤྲོད་བྱས་པ་ཙམ་མ་ཟད་སྦྲ་ནག་གི་ཐུན་མིན་ཁྱད་ཆོས་དང་མཛེས་སྡུག་མཚོན་པར་བྱས་ཡོད་ལ། རིག་གནས་ཀྱི་ནང་སྙིང་བསྔོག་འདོན་ཟབ་མོ་དང་ཟབ་ཅིང་བརླིང་བའི་ཚིག་གི་རྒྱས་བཤད་བརྒྱུད་ནས་ཀློག་པ་པོར་བོད་ཀྱི་དམངས་ཁྲོད་རིག་གནས་ལ་དེ་བས་གཏིང་ཟབ་པའི་སྒོ་ནས་གོ་བ་ལེན་ཐུབ་པར་བཟོས་ཡོད་པ་སོགས་ཀྱི་སྐོར་ནས་དཔྱད་བརྗོད་ཀྱང་གནང་ཡོད
དཔེ་དེབ་འགྲེམ་སྤེལ་ཚོགས་འདུའི་སྟེང་། རྩོམ་པ་པོས་ནག་ཆུ་གྲོང་ཁྱེར་དཔེ་མཛོད་ཁང་ལ«བོད་ཀྱི་སྦྲ་གུར་རྣམ་བཤད»ཕུལ་ཞིང་། ཁོང་གིས་རེ་བར་གུས་པའི་དེབ་འདི་ཉིད་ཕུལ་བ་བརྒྱུད་ནས་དཔེ་མཛོད་ཁང་གི་དཔེ་དེབ་ཉར་ཚགས་བྱ་རྒྱུར་རིན་ཐང་ལྡན་པའི་དཔེ་དེབ་དེ་བས་མང་དུ་ཆགས་པ་དང་། རྒྱ་ཆེའི་ན་གཞོན་ཀློག་པ་པོར་བོད་རིགས་ཀྱི་དམངས་སྲོལ་རིག་གནས་ལ་སློབ་སྦྱོང་བྱེད་པའི་འདུན་པ་སྔར་ལས་འཕེལ་བར་སྨོན་ཞེས་བསྟན།