རྨ་དགེ་མོ་ནམ་སྤྱི་སྟེགས་སུ་ཕེབས་པར་དགའ་བསུ་ཞུ།
ང་།
རྩོམ་པ་པོ། རོང་པོ་རང་འཚོལ།
ང་ནི་ང་སྟེ། ཚེ་སྲོག་རེ་རེའི་ནང་སྙིང་ན་མི་མངོན་པའི་སྟོབས་ཤུགས་ཤིག་ཏུ་གནས་ཡོད་ཅིང་། རྣམ་ཤེས་རེ་རེའི་གཏིང་རིམ་ན་མི་ཟད་པའི་བག་ཆགས་ཤིག་ཏུ་གྲུབ་ཡོད། ངའོ་སྙམ་པ་ཉིད་ཁོ་ནས། འུ་ཚོར་ཁེར་རྐྱང་གི་གྲོང་ནས་འདུ་འཛི་རྙེད་ཅིང་འདུ་འཛིའི་གྲོང་ནས་སླར་ཡང་ཁེར་རྐྱང་གི་མལ་ས་ཉམ་ང་བ་ཞིག་ཏུ་ལྷུང་འགྲོ། ང་ནི་ང་སྟེ། ས་གཞི་རིལ་མོ་གཡས་སྐོར་གཡོན་སྐོར་བྱི་ལྟར་བརྒྱབ་ཀྱང་། མཁར་དང་གྲོང་ཁྱེར་ཆགས་འཇིག་གནས་སྟོངས་ཇི་ལྟར་བརྩམས་ཀྱང་། ང་ཉིད་ཡོད་པས་འཇིག་རྟེན་ནི་ཡང་བསྐྱར་མགོ་རྩོམ་ཆོག་ཆོག་ཅིག་ཡིན།
ཀུན་གྱིས་ཤེས་གསལ་ཅན་གྱི་ངའམ་ཡང་ན་སུས་ཀྱང་རྟོགས་དཀའ་བའི་ང་ཉིད། ཚེ་སྲོག་རེ་རེའི་འགུལ་སྐྱོད་ཀྱི་ཁྲོད་དུ་མར་མེ་བཞིན་གསལ་བས། དེ་ཉིད་ཁོ་ནས་ཟླ་བའི་བྲང་འོག་དང་རྒྱ་མཚོའི་རླབས་རྒྱུན་ལ་དྲོད་ཚད་ཅིག་ཚོར་ཐུབ། དྲང་སྲོང་རྒན་པོའི་དགོངས་ཀློང་བཞིན། སྣང་ཞིང་སྲིད་པའི་དངོས་པོ་ཐམས་ཅད་ཆོས་ཉིད་གང་ཞིག་གི་ཀློང་དུ་སྟོང་འཁོར་བརྒྱག་བཞིན་ཡོད་ལས་ཆེ་མོད། ངའོ་སྙམ་པ་ཉིད་ཁོ་ནས། སྐྱེ་འཆི་ལ་མཐའ་མེད་ཅིང་། མྱ་ངན་དང་མུན་ནག ཆགས་སྡང་དང་རེ་དོགས་ཡོད་ཚད་ལྟེ་བ་གཅིག་ལ་འཁྱུད་དེ་འཁོར་བཞིན་ཡོད།
ངའོ་སྙམ་པ་ཉིད་ཁོ་ནས། ང་དང་ཁྱོད་ཀྱིས་མཐོང་འདོད་པའི་རྒྱང་རིང་ནི་ཅིས་ཀྱང་རབ་རིབ་ཅིག་ཏུ་འགྱུར་འགྲོ་ཞིང་། ང་དང་ཁྱོད་ཀྱིས་འཐོབ་འདོད་པའི་ཟང་ཟིང་དེའང་མག་མོག་ཅིག་ཏུ་ཡལ་འགྲོ། རང་ལ་ཡོད་པའི་ཤེས་རབ་དང་མཐུ་དཔུང་ཡོངས་སུ་བསྒྲིལ་ཏེ་སྔུན་ནས་སྔུན་དུ་ཤོར་ཡང་། མདུན་ཕྱོགས་ནི་ཚར་རྒྱུ་རྫོགས་རྒྱུ་མེད་པའི་ས་སྟོང་པ་ཞིག་དང་ལམ་གྱ་གྱུ་འབའ་ཞིག་ཡིན་པས། ཀུན་གྱི་ལོག་མལ་ནི་ཡང་བསྐྱར་གསལ་ལ་མི་གསལ་གྱི་ང་ཉིད་ཁོ་ནའི་སྟེང་དུ་འབབ་ངེས། དེ་ལྟ་ནའང་། ང་ཞེས་པའི་ཡིག་འབྲུ་ཁེར་རྐྱང་འདིས་རྣམ་ཤེས་རེ་རེའི་ལྡེབས་ངོས་སུ་མི་སྡུག་པའི་ཚོན་རིས་སྣ་ཚོགས་འབྲི་ཞིང་མཆིས་པས། ཇི་སྲིད་ང་ཉིད་ཡོད་པ་དེ་སྲིད་དུ་འཁོར་བ་ནི་མེ་ཕུང་ཞིག་ལྟར་འབར་ངེས་ལ། ང་དང་ཁྱོད་ཀྱང་མེ་ཕུང་དེའི་དྲོད་ཐིགས་ཁོ་ནར་བཅར་དགོས་ཨང་།
ང་ཉིད་ཡོད་པས། ངས་ཁྱོད་ལ་གཏམ་དུ་བྱ་བའང་མང་དུ་ཡོད་དེ། ང་གཉིས་ཀྱི་ཐོག་མའི་བརྩེ་དུང་ནས་མགོ་བརྩམས་ཏེ་བར་གྱི་ཁྱིམ་གཞིས། མཐའ་མར་བུ་རབས་ཚ་རྒྱུད་དང་རིགས་རུས་ཆོ་འབྲང་ཐམས་ཅད་རེའུ་མིག་ཏུ་འགོད་དགོས། དེ་ནས་དེ་དག་རེ་རེ་རེ་རེར་ཡང་བསྐྱར་སྡོང་པོ་དང་ཡལ་གའི་དོད་དུ་འབྲི་བཞེངས་བྱ་དགོས། དེ་ནི་ང་ཉིད་གྲུབ་པའི་དོན་སྙིང་དང་ང་ཉིད་འཚོ་བའི་དམིགས་ཡུལ་ཞིག་ཟེར་ངེས། གང་ལྟར། ངའོ་སྙམ་པ་ཉིད་ཁོ་ནས། འཁོར་བ་ནི་རང་བཞིན་གྱིས་ཆགས་པའི་ཞོ་དང་། བདེ་སྡུག་ཀྱང་རང་བཞིན་གྱིས་འབབ་པའི་ཆུ་རྒྱུན་ལྟ་བུ་ཞིག་ཡིན། ང་། ཡིག་འབྲུ་གཅིག་གི་མཚོན་དོན་གྱིས་གྱང་ངོས་ཀྱི་སྲིད་པ་འཁོར་ལོའང་ཉམ་ཆུང་བའི་ཚུགས་ཀར་ཀེམ་ཀེམ་གཡོ་ངེས།
ང་ནི་ང་སྟེ། བཙལ་བཙལ་བའི་རི་ལུང་དུ་འབབ་པ་ཁྱོད་ཡིན་ཞིང་ཉུལ་ཉུལ་བའི་རུམ་ཆུང་ནས་རྙེད་པའང་ཁྱོས་ལས་གཞན་མེད། དེའང་དེ་ལྟར་ཁ་བ་བཞིན་བབས་བབས་པའི་མཐའ་མར་ཞུ་འགྲོ་ཞིང་བྱེ་རིལ་བཞིན་མུར་མུར་བའི་མཐའ་མར་ཡལ་འགྲོ། དེ་ལྟ་ནའང་། ང་ནི་ང་སྟེ། སྲོག་ལྡན་རེ་རེའི་སེམས་ཁོང་དུ་ང་ཉིད་སྲ་གཟུགས་ཀྱི་རྡོ་བ་ཞིག་ལྟར་ཟོར་རེར་གནས་ཤིང་། སྐྱེ་འགྲོ་རེ་རེའི་སྣང་ཞིང་ན་ང་ཉིད་གནའ་བོའི་སྡོང་རྒན་ཞིག་ལྟར་ཧྲེང་ངེར་ཡོད་ངེས། ང་ཉིད་དེ་ལྟར་ཁེར་ཚུགས་ཀྱིས་བཟུང་ཞིང་ཟིན་པ་ལས། ང་ལ་ང་ཡིར་འཛིན་པའི་ང་ཡི་གྲོགས་དང་། ང་ཡི་དགྲ། ང་ཡི་རིགས་དང་ང་ཡི་རུས། དེ་བཞིན་ང་དང་ང་ཚོའི་སྔོན་དང་ད་ལྟའི་སྐྱིད་སྡུག་གི་སྐྱ་རིས་ཐམས་ཅད་ཀྱང་ལོ་ཟླའི་ཤོག་ལེབ་ངོས་སུ་ཤིག་ཤིག་ཏུ་བསྣར་ཡོང་སྟེ། ངའོ་སྙམ་པ་ཉིད་ཁོ་ནས། དེ་ལྟར་འུ་ཚོའི་སྟན་ཆུང་ལ་ཙོག་འདུག་བྱེད་མཁན་ཞིག་དང་འུ་ཚོའི་རྒྱན་གོས་ལ་ཁྲུ་ཚད་འཇལ་མི་ཞིག་ངང་གིས་གྲུབ་ཡོད།
མདོར་ན། ང་ནི་ང་སྟེ། འཆི་གསོན་གྱི་ཉག་ག་ན་དར་ལྕེ་བཞིན་གཡོ་ཞིང་རེ་དོགས་ཀྱི་ལ་ཐང་ན་རྟ་ཕོ་བཞིན་རྒྱུག་མཁན་དེའོ། །