སྦྲ་ནག་ལགས། སྙན་ངག ནགས་ཀྱི་ལྕུག་ཕྲན།

民生   2024-07-30 09:53   西藏  







སྦྲ་ནག་ལགས།

 

རྩོམ་པ་པོ། ནགས་ཀྱི་ལྕུག་ཕྲན།


ཁ་ཆར་སེར་བའི་འཇིགས་ལས་གཡོལ་ཆེད་རྩིད་སྐུད་མང་པོས་གར་རྩིག་བརྒྱབ།།
ལྷགས་རླུང་ངར་མས་འཁྱེར་བར་མི་ཐུབ་ཕུར་པ་མང་པོས་རམ་འདེགས་བྱས།།
དྭངས་གཙང་མཁའ་རླུང་ཡར་མར་རྒྱུ་བར་སྣ་ཚོགས་བུ་གའི་མཛེས་ཉམས་ཅན།།
མཐོ་སྒང་འབྲོག་པའི་སྙིང་གི་ནོར་བུ་མཐིང་སྨུག་སྦྲ་ནག་གྲུ་བཞི་ལགས།།

བདེ་མོའི་ཐང་དུ་དཀྲོང་ངེར་འགྲེང་བྱེད་ཀ་ར་མང་པོས་སྐྱོར་ཡ་ཅན།།
མི་བརྟན་གང་སར་གཡོ་བར་མི་ནུས་སྦྲ་ཐག་མང་པོས་ལྷས་མ་བསླས།།
འབྱར་མེད་སོ་སོར་མི་བྲལ་ཕྱིར་དུ་ཁབ་དང་སྐུད་པས་སྲ་བཙེམས་བྱས།།
ཕྱི་ནང་ཀུན་མཛེས་བཟོ་བཀོད་ལེགས་པའི་མེས་པོའི་སྦྲ་ནག་གྲུ་བཞི་ལགས།།

གཞན་རིགས་ས་ནས་རིན་གྱིས་མ་ཉོས་རང་རིགས་ཕ་རྫས་འཁྲུལ་མེད་དངོས།།
གཞན་པའི་རྫས་སྦྱོར་ལྷད་ཀྱིས་མ་སྦག་རང་ཉིད་འབྲོག་པའི་ཐོན་ཁུངས་དངོས།།
གཞན་དག་ཚན་རིག་རྩལ་གྱིས་མ་སྐྲུན་རང་ཅག་མེས་པོའི་རྣམ་དཔྱོད་དངོས།།
གཞན་པར་མེད་པའི་སྦྲ་ནག་གྲུ་བཞི་རང་རིགས་འབྲོག་པའི་ཕ་ནོར་ལགས།།

འགྲོ་དུས་ཁལ་རྒྱབ་གཅིག་ལས་མེད་པས་གང་འདོད་ས་རུ་འཁྱེར་བདེ་ཡིན།།
འབུབས་དུས་ཁྱིམ་མི་རྒྱུ་རྫས་ཡོད་ཚད་ཅི་འདོད་བཀྲམ་སའི་མཁར་རྫོང་ཡིན།།
དབྱར་དུས་ཆར་ཆུའི་གདོང་ལེན་ཡིན་ལ་དགུན་དུས་ལྷག་པ་འགོག་རོགས་ཏེ།།
མེས་པོ་གོང་མའི་ཐུགས་ལས་འཁྲུངས་པའི་ཕ་ཁྱིམ་སྦྲ་ནག་གྲུ་བཞི་ལགས།།

ཨ་ཅེ་འབྲོག་མོའི་རྩོལ་བས་གྲུབ་པའི་སེམས་ཀྱི་ཁེན་སའི་སྦྲ་ནག་ལགས།།
ཨ་ཁུ་འབྲོག་པའི་ཐབས་ཀྱིས་བསྐྲུན་པའི་ཡིད་ཀྱི་ཆགས་ཡུལ་སྦྲ་ནག་ལགས།།
མདོར་ན་མཐོ་སྒང་འབྲོག་པའི་ཡུལ་ན་འགྱིང་ངེར་གནས་པའི་སྦྲ་ནག་ལགས།།
ཁྱེད་ཉིད་འུ་ཅག་འབྲོག་པའི་མཁར་ཡིན་མཁར་རྫོང་ནང་གི་ཐོག་མ་ལགས།།

2022 / 3 / 31

༢༠༢༤ལོའི«ནག་ཆུ་སྲིད་གྲོས»དུས་དེབ་འདོན་ཐེངས་དང་པོ་རུ་འཁོད།


སྒྲིག་སྦྱོར་བ། རོང་པོ་རང་འཚོལ། 

玛尔格莫兰
སྐལ་བ་བཟང་སོང་། འདི་ནས་འུ་ཚོས་དབྱངས་གསལ་གྱི་བྱིན་རླབས་ཞུ་རུ་འགྲོ།
 最新文章