མགྲོན་ཆང་གི་སྙན་ངག་ཚན་པ་གསུམ།

民生   2024-11-09 11:38   西藏  


ཆུ་ཁ་ན་འཕྱོ་བའི་སོག་མའི་ཕོན་པོ།


རྩོམ་པ་པོ། མགྲོན་ཆང་། ( ཞར་བཀོད་གཉིས། )


ང་རང་སོག་མའི་ཕོན་པོ་བཞིན།
ཆུ་ཡི་ཁ་ན་འཕྱོ།
དེ་ནི་རྨི་ལམ་ཙམ་མིན།
ང་དང་ཁྱོད་དང་ཁོ་ཚོ་ཡང་དེ་ལྟར་འཕྱོ་བཞིན་འདུག  
ངས་ཁྱོད་ལ་དེ་ལས་གཞན་པའི་རང་ཉིད་ངོ་སྤྲོད་ཞུ་ཐབས་མི་འདུག

ཁྱོད་རང་ཡིད་ཆེས་གཏིང་ནས་མེད་ཚེ།
ངས་ཁྱོད་ལ། ཕྱག་ཏུ་གླེགས་བམ་བཟུང་པ།
འཁོར་གྱི་དབུས་ན་སྤྱན་གྱི་ཉི་ཟླ་ཁྲ་ཆིལ་ལེར་ཡོད་པའི་
སྐྱེས་བུ་ཞིག་ཀྱང་ངོ་སྤྲོད་བྱ་ངེས།

ཁྱོད་རང་ད་དུང་ཡིད་ཆེས་གཏིང་ནས་མེད་ཚེ།
ངས་ཁྱོད་ལ། སྐད་གྲགས་ཆོད་པའི་སྤྲང་པོ་ཞིག་ཀྱང་ངོ་སྤྲོད་བྱ་ཆོག
སྤྲང་པོ་དེས། མི་རྣམས་ཆུ་ཡི་ཁ་ན་འཕྱོ་རྗེས།
བྱ་རྒོད་དུ་བརྫུས་ནས་ནམ་མཁའ་རུ་འཕུར་ཐུབ་པའང་ར་སྤྲོད་བྱས་ཡོད།

ཁྱོད་རང་ལ་ངེས་ཤེས་འདྲོངས་ན།
ངས་ཁྱོད་ལ་ད་དུང་སྐད་ཆ་གཅིག་བརྗོད།

སྤྲང་པོ་ཁོང་གིས་ང་ཚོ་དོན་དུ་ཆུ་ཁ་ན་འཕྱོ་བའི་
སོག་མའི་ཕོན་པའང་མ་རེད་ཟེར།

ཟླ་དྲུག་པའི་ནམ་མཁའ།

           
ཆར་ནག་འདི་སོང་རྗེས།
ཉི་འོད་ཡིད་ཚིམ་པར་འཕྲོས་དང་།
ལྷག་རླུང་གིས་བཀྲུས་བཀྲུས་པའི་མཐར།
དབུགས་ངལ་ཞིག་གསོ་ཆོག་པར་ཞུ།

ནམ་མཁའ་སྐྱ་མདོག་གིས་དཀྲིགས་པས།
ཟླ་དྲུག་པའི་བྱང་ཐང་ཡང་སྐྱ་བོ་ཡིན་འདུག
ཁྱོད་རང་བར་མེད་དུ་མ་ཤུམ་རོགས།
ཉག་ཕྲ་བའི་དུས་ཚོད་བརྒལ་རྗེས།
བདེ་སྐྱིད་ཁྱོད་དང་ཉེ་བར་བཅར་ངེས།

སྒྱུ་མའི་གྲོང་ཁྱེར།

                 
གསང་བ་ཞིག་རྙེད་དོགས་ཀྱིས།
འཇའ་ཡི་ཚོན་རྩིས་གྲོང་ཁྱེར་ལ་བཀྲག་མདངས་བསྣན།
མག་མོག་གི་འཚེར་བའི་སྐར་ཚོགས།
གྲོང་ཁྱེར་གྱི་གློག་སྒྲོན་འོག་ལྷེམ་མེེར་གཟིམས།
སྒྱུ་མའི་གྲོང་ཁྱེར། གློག་གི་བ་གམ་ཅན།
འུག་པས་སྐྱོ་གདུང་གིས་འབ་གྱིན་པ།
ཁོའི་གནས་ཚང་བོར་བར་སེམས་ཁུར་ཙམ་མ་ཡིན་ཏེ།
མཚན་མོར་མེལ་ཚེ་བྱེད་མ་ཐོབ་པས་ཡིན།


རྩོམ་སྒྲིག་པ། རོང་པོ་རང་འཚོལ། དོ་དམ་པ། རོང་པོ་རང་འཚོལ། 


玛尔格莫兰
སྐལ་བ་བཟང་སོང་། འདི་ནས་འུ་ཚོས་དབྱངས་གསལ་གྱི་བྱིན་རླབས་ཞུ་རུ་འགྲོ།
 最新文章