སྐར་ཆ་བཞི་ལྔ་། རོང་པོ་རང་འཚོལ།

民生   2024-10-31 23:30   西藏  

སྐར་ཆ་བཞི་ལྔ།


རྩོམ་པ་པོ། རོང་པོ་རང་འཚོལ།

   ང་གཉིས་ཀྱི་མདུན་དུ་སྒྲོག་རྩེ་ནར་མོ་ཞིག་དང་། དེའི་ཐོག་ཏུ་ཇ་མངར་མོ་ཉིས་དམ་ཞིག ད་དུང་ནང་དུ་ཟས་འཕྲོ་ཅུང་ཟད་ལུས་ཡོད་པའི་ཕོར་བ་ཆེ་བ་གཉིས་དང་། སྒམ་གྱི་གཡས་སྣེ་དང་གཡོན་སྣེ་རེར་ཇ་ཕོར་གྷི་ལ་སི་ཆུང་ཆུང་རེ་བཞག་ཡོད། ད་ལྟའི་སྐད་ཆ་ལྟར་ན། འབུ་སྲིན་དག་ཀྱང་འཚོ་བར་ཧ་ཅང་དགའ་ཞེན་ཡོད་པ་འདྲ་སྟེ། ལུས་ལ་གཤོག་ལེབ་ཆ་རེ་དབང་བའི་སྦྲང་བུ་ཆུང་ཆུང་དེ་ཚོས་སྐར་ཆ་བཞི་ལྔ་ཙམ་ཕར་ལ་འཕུར་རྗེས་སླར་འཚུར་འཁོར་ཡོང་ནས། སྒྲོག་ངོས་ཀྱི་མངར་དྲེག་ལ་མཆུ་ཆུང་སྣུན་ཙམ་སྣུན་ཙམ་གྱིས་ཞིམ་ཟ་མངར་ལྡག་བྱེད་ཀྱིན་མཆིས། ང་རང་སུན་སྣང་ཞིག་གིས་དེ་དག་ཇི་ཙམ་ཕར་བསྐྲད་ཀྱང་དེ་ཚོས་ཡང་བསྐོར་བསྐྱར་བསྐོར་གྱིས་སླར་ཚུར་རུབ་ཡོང་། དོན་དུ་ཁོ་ཚོས་ཀྱང་འཚོ་བ་དང་ཚེ་སྲོག་ཅེས་པའི་རྩ་ཆེའི་དངོས་པོ་དེར་བརྩོན་ལེན་བྱེད་པ་འདྲ།
   ཇོ་ཇོའི་བཞིན་ལ་ནམ་རྒྱུན་ལས་ལྡབ་འགྱུར་གྱིས་བགྲེས་ཉམས་ཤིག་མངོན་གྱི་འདུག འོན་ཏེ་ཁོའི་སེམས་ཀྱི་མུན་པ་ཇེ་མོག་ཏུ་འགྲོ་དོགས་ནས་ངས་ཅི་ཡང་གླེང་མ་ཕོད། ཤ་དང་ཁྲག་གི་འབྲེལ་ལམ་དེས་མིན་ན། ང་རང་ད་ཐེངས་ཇོ་ཇོ་འཕྲད་པར་སོང་བ་ནི་ངོ་མ་རྔོ་ཉོ་བ་རང་སྟེ། དེས་ང་རང་རེ་ཞིག་ཅི་བྱེད་འདི་བྱེད་མེད་པར་གྱུར་པ་མ་ཟད། ང་གཉིས་ཕྲད་པའི་དུས་ཡུན་དེ་ཙམ་གྱི་རིང་ང་དབུགས་གཏོང་ལེན་ལའང་དཀའ་སྣང་ཡོང་བ་ལྟ་བུའི་ཇོ་ཇོ་དང་ལྷན་དུ་སྡུག་སྒོམ་དགོས་ཁེལ་སོང་།
  “ཇོ་ཇོ། ད་སེམས་སྡུག་མ་བྱེད། འཆི་གསོན་ཀུན་ལ་ཡོད་པས་སེམས་སྡུག་བྱས་པས་ཅི་ཕན། དེ་ལས་དགེ་རྩ་ཅི་འགྲུབ་བྱོས་དང་། ཚར་ཟིན་པ་ལ་བསམ་བློ་གཏོང་གིན་བསྡད་ན་རང་གི་ལུས་སེམས་ལ་གནོད་བྱེད་རེད”
   ངས་འཚབ་འཚུབ་ངང་དེ་ལྟར་གླེང་སྐབས། ཇོ་ཇོས་དབུགས་རིང་ཞིག་བཏང་ཐར“ཅི་ཡིན་ན་མིན་ན། ད་ནི་ངའི་འཇིག་རྟེན་ཚར་སོང”ཟེར། རེད། ངས་ཀྱང་དེ་ལྟར་རང་བསམས་སོང་། ཁྱོ་བོ་ཞིག་ལ་མཚོན་ན་ཁོའི་གཟའ་ཉོབ་དག་མེད་པར་གྱུར་པ་ནི་ཁོའི་འཇིག་རྟེན་འཐོར་ཞིག་སོང་བ་རང་ཟེར་ཆོག འོན་ཏེ་ངས་སེམས་གསོའི་ཚུལ་དུ་དེ་ལྟར་གླེང་དགོས་པ་མ་ཡིན་ནམ། མ་གཞིར་ང་རང་གཞན་དང་ཁ་བརྡ་བྱེད་མཁས་པོ་དེ་འདྲ་རང་མིན་པས། ངའི་སེམས་གསོ་ཡིན་སྙམ་གྱི་སྐད་ཆ་དེས་ཇོ་ཇོའི་སེམས་ལ་ཅི་ཞིག་བྱུང་མིན་ཤེས་མ་སོང་། དེ་ལྟར་ཇ་ཁང་སྟོང་པ་དེར་ང་གཉིས་ཁོ་ན་འུག་འཐོམ་མེར་འདུག་དགོས་པ་དེས། ངའང་ངོ་མ་སེམས་ཧ་ཅང་མི་སྐྱིད་པར་གྱུར་ཅིང་ཇོ་ཇོས་ཅིའི་ཕྱིར་མ་གཟབ་པ་ཡིན་ནམ་སྙམ།
   “ཇོ་ཇོ། ད་སེམས་སྡུག་མ་བྱེད། ཁྱོད་ནམ་རྒྱུན་རླངས་འཁོར་ཡག་པོ་གཏོང་མཁན་ཞིག་ལ། ཨ་ཡ་་་”
   ཡུན་ཙམ་རྗེས་ངས་དབུགས་རིང་ཞིག་འཐེན་བཞིན་དེ་ལྟར་ངག་ནས་ཐལ། ངའི་སྐད་ཆ་དེས་ཇོ་ཇོའི་སྐྱོ་ཉམས་ཀྱི་བཞིན་རས་སྐྱ་བོ་དེ་ནས་མཆི་མའི་རྡོག་པོ་འགའ་ཐོལ་གྱིས་ལྷུང་བྱུང་། ཇོ་ཇོའི་མཆི་མ་བཞིན་རས་ནས་འབབ་དུས་ངའི་མཆི་མ་ཁོང་དུ་མིད་བཞིན་ཡོད། དེ་ལྟར་ཡུན་ཙམ་བསྡད་པའི་མཐར་ཇོ་ཇོས་ཁ་སང་གི་དོན་རྐྱེན་དེའི་རྩ་བ་ནས་གླེང་བྱུང་།
   “ལས་མ་དག་རང་རེད། ང་ངོ་མ་སྨྱོ་སོང་བ་འདྲ། ང་ཚོ་ལམ་བཞི་མདོ་དེར་ཐོན་དུས་མདུན་ཐད་ཀྱི་ཡར་ཙམ་ན་སྨན་ཁང་མིག་གིས་མཐོང་ཐུབ་ཀྱི་འདུག གློག་བརྡ་དམར་པོ་ཡོལ་བར་སྐར་ཆ་བཞི་ལྔ་ལས་མི་འདུག་ཀྱང་བུ་མོའི་ནད་གཞིར་བསམས་ནས་ངས་ཨུ་ཚུགས་ཀྱིས་ཤོར་བ་ཡིན། གློག་བརྡ་དམར་པོ་ཡོལ་བར་སྐར་ཆ་བཞི་ལྔ་ལས་མི་འདུག སྐར་ཆ་བཞི་ལྔ། ངས་དེའང་སྒུག་མ་བཟོད་པ་རེད། ང་ངོ་མ་བསོད་ཟད་རེད”
   ཡང་བསྐྱར་ཇོ་ཇོའི་བཞིན་རས་ནས་མཆི་མ་རྡོག་པོ་འགའ་ཧྲིལ་གྱིས་འགྲིལ་བྱུང་།
   རེད་ཨང་། ཇོ་ཇོས་ལམ་བཞི་མདོ་དེ་ནས་སྐར་ཆ་བཞི་ལྔ་ཙམ་སྒུག་ཡོད་ན། རླངས་འཁོང་གདོང་ཐུག་གི་དོན་རྐྱེན་དེ་འབྱུང་མི་སྲིད་ལ། ཇོ་ཇོ་ཚང་ནང་མི་ཚང་མ་ད་ལྟ་འཇིག་རྟེན་དཀར་ངོགས་འདིར་འཚོ་བཞིན་ཡོད་པ་གདོན་མི་ཟ། དེ་ལྟར་སེམས་བཞིན་ངས་ཇོ་ཇོའི་མཆི་མའི་བཞུར་རྒྱུན་ཁྲོད་ནས་འཇིག་རྟེན་ཕྱི་མར་གྱར་ཟིན་པའི་ཇོ་ཇོའི་བཟའ་ཟླ་བུ་ཕྲུག་ཚང་མ་མངོན་བྱུང་། ཁྲག་གིས་བརྫིས་པའི་རྣམ་ཤེས་འདས་པོ་དེ་དག་མངོན་བྱུང་། ངོ་མ་ཇོ་ཇོ་སྨྱོ་སོང་བ་མིན་ནམ། དེ་དུས་ཀྱི་སྐར་ཆ་བཞི་ལྔ་ནི་ཁོའི་བཟའ་ཉོབ་དག་འཆི་གསོན་གང་དུ་འཇོག་མིན་གྱི་བརྡ་རྟགས་ཤིག་རེད་ཨང་།
   “སྐར་ཆ་བཞི་ལྔ”
   གཏམ་དེ་ཐོས་དུས་ངའི་སེམས་ལའང་ཚ་ཤར་ཞིག་རྒྱུག་བྱུང་།

༢༠༢༤ / ༨ / ༢༣


རྩོམ་སྒྲིག་པ། རོང་པོ་རང་འཚོལ། དོ་དམ་པ། རོང་པོ་རང་འཚོལ། 


玛尔格莫兰
སྐལ་བ་བཟང་སོང་། འདི་ནས་འུ་ཚོས་དབྱངས་གསལ་གྱི་བྱིན་རླབས་ཞུ་རུ་འགྲོ།
 最新文章