ཚེ་སྲོག་གི་ཉག་ཐག ལྷུག་རྩོམ། རོང་པོ་རང་འཚོལ།

民生   2024-11-09 20:02   西藏  

སྲོག་གི་ཉག་ཐག


རྩོམ་པ་པོ། རོང་པོ་རང་འཚོལ།


   འགྲེལ་མི་ཕོག་པ་དེ་དག་འབྲེལ་མེད་དུ་བཏང་རྗེས། ཁུ་སིམ་མེར་ཟུར་ཞིག་ཏུ་གབ་ན་འདོད་ཀྱང་། འཆིང་བ་དམ་པ་དེ་ཁོ་ནས་ཡང་ཡང་ཕྱི་རོལ་དུ་འཁྱེར་འགྲོ། ཁ་སང་གྲོགས་དག་གི་འཛུམ་ཀོང་དེའི་ཆེད་དུ་སྲང་ལམ་དེར་ཡུན་རིང་འདས། ཁ་བརྡའི་བར་ནས་རྒྱུས་ཡོད་དང་རྒྱུས་མེད་གཉིས་ཀ་གླེང་། སྐབས་རེ་མ་ཤེས་པ་དེ་དག་ཀྱང་ཤེས་སྣང་འབའ་ཞིག་གིས་རྣམ་གཞག་མང་དུ་བྱས། མི་ཟེེར་བ་དེར་གནས་ལུགས་མང་དུ་འདུག ཡང་ན་གནས་ལུགས་ཟེར་བ་ཅི་ཡང་མེད་པ་འདྲ། ཁོས་འདི་ལེགས་ཟེར་ན་གཞན་དེས་དེ་མིན་པ་ཞིག་ཧ་ཅང་ལེགས་ཞེས་སྨྲ། གཉིས་ཀས་ངོས་རེ་ནས་བཟུང་སྟེ་དངོས་པོ་ཞིག་དུམ་བུ་མང་དུ་གཏུབས། ངས་དེ་གཉིས་ཀྱི་བར་འདུམ་ལྟ་བུ་ཞིག་གླེང་ཡང་དེའང་ངོས་གཞན་ཞིག་ཏུ་གྱུར། དེ་བས་ཆོས་ཉིད་ཟེར་བ་ཞིག་ཡོད་མེད་ཀྱང་ཆ་མི་དཔོག་པ་ལྟ་བུར་སྣང་།
   སྐབས་ཤིག་ལ་དོན་མེད་པའི་ཁ་རྩོད་མང་དུ་བརྒྱབ་རྗེས། སྐད་ཆ་ནི་སྐད་ཆ་ཙམ་དུ་མི་འགྱུར་བར་དེའི་རྒྱབ་ན་སེམས་ཀྱི་སྨུག་ལྗོངས་ནག་ལིང་ངེ་བ་རེ་ཡོད་འདུག་པས། སེམས་དང་སེམས་ཀྱི་འཐབ་འཁྲུག་ཤིག་ཏུ་གྱུར། འཐབ་འཁྲུག་དེས་ལུས་ཀྱི་རྣམ་འགྱུར་ཀྱང་གཞན་ཞིག་ཏུ་བྱས་སོང་། གྲོགས་པོ་ཀ་པ་བཞིན་ནག་རོག་རོག་ཏུ་གྱུར། ཁ་པ་མཆུ་མུག་མུག་གིས་འདར། ངའང་རང་གི་ཁོག་ན་དམ་དུ་བཟུང་བའི་བསམ་ཁྱེར་དེས། ལུས་ས་ཐོག་དུ་འདུག་པར་གནས་བཟོད་མི་བདེ་བ་ལྟ་བུར་གྱུར། ལབ་གླེང་། ཡང་ན་མི་སེམས་ཀྱི་སྐུད་སྣེ། དེ་ལྟར་འཛིངས་པས་ང་ཚོའི་རྩོད་གཞིར་གྱུར་བའི་དངོས་པོ་ཆུང་ཆུང་དེ་ཟུར་རེ་རེ་ནས་ལོག་འགྲོ། ཡང་ན་འཛིངས་འགྲོ།
   མི་དག་གིས་གནས་ལུགས་ཞེས་ཡང་ཡང་ཟློའང་། གནས་ལུགས་རྩོད་སར་གནས་ལུགས་འཐོར་འགྲོ་བས། ཆོས་ཉིད་ལའང་ཆོས་ཉིད་ཀྱི་རྫུ་བག་ཅིག་ཡོད་འདུག་སྙམ། ང་རང་རྩོམ་རིག་ལ་དགའོ་ཞེས་སྨྲས་ན། གཞན་ཚོས“རྩོམ་རིག་ཟེར་བ་ཅི་རེད། བཟའ་ཡང་མི་ལོ། གྱོན་ཡང་མི་རུང་། དེས་ལྟོ་གོས་གང་གི་ཚབ་ཀྱང་མི་ཡོང་”ཞེས་སྨྲ། གཞན་ཞིག་གིས་དངོས་པོའི་བཟང་ས་རྒྱན་ས་གླེང་ན། ངས་ཅིས་ཀྱང་དེའི་ལྡོག་ཕྱོགས་ནས་ཅི་ཞིག་གླེང་རྒྱུ་ཡོད་ཡོད་ལྟར་སྣང་། དེ་བཞིན་འབྲོག་པ་ཚོས་རྟ་ཕོ་ཆེན་གྱི་ཡག་རབས་རྒྱན་རབས་གླེང་ན་ཉན་པ་པོའང་སེམས་འགུལ་ཡོང་བ་རེ་བཟོ་ཐུབ་པས། སྐབས་རེ་བརྟན་གཡོ་ཐམས་ཅད་ནི་ཆོས་ཉིད་གང་ཞིག་གི་འགལ་འདུའི་ཀློང་དུ་གནས་སམ་སྙམ།
   ང་ཚོ་མི་རེར་དགའ་ཁ་རེ་མཆིས། མི་རེར་ཞེ་སྡང་དང་ཁེངས་དྲེགས་རེའང་མཆིས། མི་རེར་རྟོགས་དཀའ་བའི་མི་ཚེའི་སྐྱིད་སྡུག་རེ་མཆིས། དར་ལ་བབས་རྗེས་མི་རེར་ཚུགས་ཐུབ་པའི་ལྟ་བ་དང་འདུ་ཤེས་རེའང་མཆིས། དེ་བས་མི་རེར་དབང་བའི་སེམས་ཀྱི་འཇིག་རྟེན་རེ་མཆིས་ཤིང་། འཇིག་རྟེན་དེ་དང་འཇིག་རྟེན་གཞན་ཞིག་གདོང་ཐུག་བྱུང་ཚེ། སྐྱེ་བོ་ཚོའི་གཏམ་སྒོ་མོ་འབྱེད་པ་ལ་ཐོགས་པ་མ་མཆིས། དུས་རྒྱུན་སྨྲ་བ་ཉུང་བའི་མི་དག་ཀྱང་། རང་སེམས་སུ་སྲ་ཁྲིག་གེར་གནས་པའི་ཕ་བོང་དེར་དོ་ཕོག་བྱུང་ཚེ། ཁོས་ཀྱང་ཨག་སྐད་འབྱིན་པར་ཐེ་ཚོམ་ཅི་ཡང་མེད། དེ་ལྟར་གཏམ་དང་གཏམ་ཡན་གྱི་རྒྱབ་ཏུ་སེམས་བསམ་པས་བཞེངས་པའི་འཇིག་རྟེན་རེ་མཆིས། འཇིག་རྟེན་དེའི་དོན་དུ་སྐྱེ་བོ་ཚོ་ཡང་ཡང་རྩོད་དགོས།
   ང་ཚོ་བརྩད་བརྩད་པའི་མཐར་གཞི་གཅིག་ཏུ་འབབ་པ་ཅི་ཡང་མ་མཆིས། དེ་ནི་དཔེར་བཞག་ན། བྱིས་པ་དག་སྐྱེད་ཚལ་དུ་ཞུགས་ནས་རང་རང་གང་ལ་དགའ་བའི་མེ་ཏོག་རེའི་ཁ་དོག་ལ་རྩོད་པ་བྱེད་པ་དང་འདྲ། ཅིག་གིས་དཀར་པོ་ཡག་ཅེས་སྨྲས་ན། གཞན་ཞིག་གིས་དམར་པོ་དང་། གཞན་དང་གཞན་གྱིས་སེར་པོའམ་སྔོན་པོ་སོགས་ལ་དགའ་ཁ་རྩོད་པ་ལྟར་སྣང་། ཞིབ་ཏུ་བསམས་ན། མཐར་ཐུག་པའི་བདེན་པ་དང་དགེ་བ་ཟེར་བ་ཞིག་མེད་མེད་ལྟར་སྣང་ཡང་། ཡང་ཞིབ་ཏུ་བརྩད་དུས་དོན་དང་བྱ་བ་རེ་རེའི་ངོས་རེ་ན་ཅིས་ཀྱང་བདེན་བདེན་འདྲ་བའི་གནས་ལུགས་དང་གནས་ལུགས་མ་ཡིན་པ་རེའང་མཆིས་པས། ང་ཚོའི་སེམས་ཁ་ལྷོད་ལ་བབས་བྱུང་། གྱེས་ཁ་མར། ང་ཚོས་ཕན་ཚུན་ལག་འཇུ་རེ་བྱས་ཤིང་ཡང་ཡང་འཛོམ་དགོས་པའི་ཁ་ཆད་རེའང་བྱས།
   གཏམ་གླེང་རེ་རེ། རྩོད་པ་རེ་རེ། ཅི་ཡང་མེད་ས་ནས་བརྩད་ན་ཡོད་ཡོད་ལྟར་སྣང་ཞིང་། ཅི་ཞིག་ཡོད་ས་ནས་བརྩད་ན་མེད་མེད་ལྟར་སྣང་། སེམས་དང་བསམ་པ། གཞི་དང་དངོས་པོ། འགལ་འདུ་གང་ཞིག་གི་ཕ་རོལ་དང་དང་ཚུ་རོལ་ན་མཆིས། ཕ་རོལ་དང་ཚུ་རོལ་དེའི་ཀློང་ན། འུ་ཚོ་ལམ་དུ་ལེན་དགོས་ཟེར། གནས་ལུགས། ཡོད་ཀྱང་མཆོག་ལ་མེད་ཀྱང་རུང་། སྲོག་གི་ཉག་ཐག ཁ་སེམས་བར་གྱི་འགལ་དུ་དེར་ལུས་འདུག འགལ་འདུ་དེ་གས། འུ་ཚོ་གཏམ་གླེང་དང་ཚེ་སྲོག་གི་སྟོབས་ཤུགས་རྙེད་ཐུབ་པ་འདྲ། རང་རང་རང་རང་གི་ས་ནས། བསམ་གཞིག་གིས་བསྐྱོར་བའི་ཚེ་སྲོག་གི་ཉག་ཐག་རེ་དང་། ཚེ་སྲོག་གི་ཉག་ཐག་རེ་ནས་ཐུན་མིན་གྱིས་གླུ་སྒྲ་རེའང་མཆིས། གླུ་སྒྲ་དེའང་མཐར་དེད་ན་ཚེ་སྲོག་གི་ཉག་ཐག་དེར་སིམ་འདུག འདར་ལྷེམ་ལྷེམ་བྱེད་པའི་ཚེ་སྲོག་གི་ཉག་ཐག་དེར་སིམ་འདུག


རྩོམ་སྒྲིག་པ། རོང་པོ་རང་འཚོལ། དོ་དམ་པ། རོང་པོ་རང་འཚོལ། 


玛尔格莫兰
སྐལ་བ་བཟང་སོང་། འདི་ནས་འུ་ཚོས་དབྱངས་གསལ་གྱི་བྱིན་རླབས་ཞུ་རུ་འགྲོ།
 最新文章