རྨ་དགེ་མོ་ནམ་སྤྱི་སྟེགས་སུ་ཕེབས་པར་དགའ་བསུ་ཞུ།
རྟོག་པ་ནས་འཛགས་པའི་གཤེར་ཁུ།
རྩོམ་པ་པོ། ར་ས་བསྟན་འཛིན་ཆོས་གྲགས།
༡
སུ་ཞིག་གིས། མུན་པའི་ཁྲོད་ནས་ཅི་ཡང་མི་མཐོང་ཟེར། ལེགས་པར་ལྟོས་དང་། མུན་པའི་ཁྲོད་ནས་མུན་པ་མཐོང་གི་འདུག མུན་པའི་ཁ་དོག་ནག་པོ་དེ་ཉིད་མཐོང་གི་འདུག དེ་ནི་བདག་ལ་མཚོན་ན། ཉིན་མོའི་སྐབས་ཀྱི་ཁ་དོག་གཞན་པ་མཐོང་བ་ལས་ཀྱང་བདེན་སྣང་ཆེ། གཉིད་ཐབས་མེད་པའི་མཚན་མོ་འདིར། བདག་གིས་རང་གིས་རང་ལ་སེམས་གསོའི་ཚུལ་དུ་དེ་ལྟར་ལབ་བཞིན་ཡོད། འོན་ཏེ། ཡིད་ཀྱི་གཏིང་རུམ་ན། དེ་མ་ཐག་ཏུ་གཉིད་དུ་ཡུར་ན་བསམ་བཞིན་ཡོད། ཡང་ན་ཞོགས་པའི་འོད་ཟེར་ཐོག་མ་དེ། སྔས་མགོའི་འགྲམ་དུ་ཆུ་བོའི་རྒྱུན་བཞིན་ལྷུང་ལྷུང་བཞུར་ན་སྙམ་གྱིན་ཡོད། སྤྱིར་ན་གྲང་རེག་གིས་གཙེས་པའི་བོད་ཟླ་བཅུ་གཅིག་པའི་དགུན་གཞུང་འདིར། དྲོ་ལྷང་ལྷང་གི་འོད་ཟེར་དེ་གྲང་ཤུར་ཤུར་གྱི་ཆུ་བོའི་རྒྱུན་ཞིག་རེད་ཅེས་དཔེར་བཀོད་ན། ཚང་མར་སྟོང་ཅང་ཅང་གི་སྣང་བ་ཞིག་སྟེར་མོད། ཡུན་རིང་གཉིད་ཐེབས་བཅགས་པའི་མི་ཞིག་གིས། མགོ་རྔ་བྲལ་བའི་སྐད་ཆ་ཅུང་ཙམ་བརྗོད་སྲིད་རུང་། ཚང་མས་འཁང་ར་མི་བྱེད་པར་བདག་ལ་ཡིད་ཆེས་ཡོད།
མང་པོ་ཞིག་གིས་ན་རེ། ཞོགས་ཉིའི་བཞིན་རས་དམར་པོ་རེད་ཅེས་ཟེར། འགའ་ཞིག་གིས། ཞོགས་ཉིའི་གདོང་པ་སེར་པོ་ཡིན་ཞེས་བརྗོད། གང་ལྟར་བདག་གིས་རེ་ཞིང་སྒུག་པའི་སྐྱ་རེངས་ཐོག་མ་དེ་ཉིད་འཆར་ལ་ཉེ་བྱུང་། ལྷ་སའི་བུམ་པ་རིའི་ཕྲག་རྩེ་ནས་འཆར་བའི་ཉི་མའི་བཞིན་རས་དེ། སྐྱ་བོ་ཞིག་ལས་དམར་པོ་མིན་ལ་སེར་པོའང་གཏན་ནས་མིན། ད་དུང་། སུ་ཞིག་གིས་ཨུ་ཚུགས་ཀྱིས་བུམ་པ་རིའི་ཕྲག་གོང་ནས་འཆར་བའི་ཉི་མ་དེ་དམར་པོའམ་སེར་པོ་རེད་ཅེས་བརྗོད་ན། དེ་ནི་ལྷ་སར་ཐོན་མྱོང་མེད་པའམ། གཞན་གྱི་རྗེས་སུ་འབྲངས་བའམ། ཡང་ན་གཞན་གྱི་མིག་ཤེས་ཁོ་ན་ལས། རང་གི་མིག་གི་ཤེས་པར་ཡིད་ཆེས་མེད་པའི་མི་ཞིག་ཡིན་ངེས་རེད། འགའ་རེས། སྐྱ་བོ་ཞེས་པའི་ཁ་དོག་དེ་ལ་དགའ་པོ་མེད་པས་ཐ་སྙད་དེ་ཉིད་བཀོལ་འདོད་མེད་ནའང་། དེ་ནི་རང་གི་ཞེ་འདོད་ཁོ་ན་ལས། མངོན་དུ་གྱུར་པའི་ཆོས་ལ་བསྙོན་ཏེ་རང་ཉིད་རྫུན་དུ་གཏོང་འདོད་སུ་ལ་མཆིས། འོན་ཏེ་ཞེ་འདོད་མཚོ་བཞིན་ཟབ་པའི་སེམས་ཁོང་གིས། ང་ཚོས་རྒྱུན་དུ་བསམ་བཞིན་མིན་པའི་ཐོག་ནས་རང་གིས་རང་ལ་མགོ་བོ་སྐོར་བཞིན་འདུག
ང་ཚོ་ཉི་མ་དང་ཐག་ཉེ་ཤོས་ཀྱི་ས་ཆ་རེད་ཅེས་གཞན་གྱི་ངག་ནས་མ་ཎི་བཞིན་དུ་འདོན་གྱིན་པས། ང་ཚོས་རང་ཉིད་ཉི་མའི་གླིང་དུ་སོན་པའི་སྤོབས་སེམས་ཤིག་ངང་ངམ་ཤུགས་སུ་འཆར་ངེས་མོད། དོན་དུ། ང་ཚོ་ཉི་མས་རྒྱང་ནས་རྒྱང་དུ་དོར་བའི་ས་ཞིག་རེད་ཨང་སྙམ་གྱི་འདུག མུ་མེད་ཀྱི་བྱང་ཐང་དང་། མཐར་ཆགས་ཀྱི་མངའ་རིས། ང་ཚོས་ཨ་མྱེས་སུ་འབོད་པའི་སྲིད་པའི་གངས་རྒན་དེ་དག་ལ་གཟིགས་དང་། ད་དུང་གྲང་རེག་ལས་སྐྱེས་པའི་འབྲོང་གཡག་གི་སྣ་ཁུང་ལས་འཐུལ་བའི་རླངས་པ་དང་། རང་གི་ལུས་སུ་གྱོན་པའི་སློག་པ་མཐུག་པོ་དེ་ལ་སོམས་དང་། རང་གི་ཕྲག་པར་མགོ་བོ་བསྙེས་ཏེ་ཡོད་པའི་ཆུང་མས་ཀྱང་། གྲང་བའི་ཤེད་ཤུགས་བཟོད་ཐབས་མེད་པར་གདོང་གི་ཕྱེད་ཀ་རས་ཀྱིས་བཏུམས་པའི་ཚུལ་ལས་མི་ཤེས་སམ། གཞན་གྱི་ངག་ལས་རང་གི་བཞིན་རས་རྟོགས་ཐབས་བྱེད་པ་ལས། རང་ངོ་རང་ལ་རྒྱུས་མངའ་ཡོད་པའི་གནས་ཚུལ་དེ་དག་དེ་བས་གལ་ཆེ་ཨང་། སྐབས་དེར། བདག་གི་སྒེའུ་ཁུང་ནང་། འཚང་ཁ་ཤིག་ཤིག་ངང་ནས་འཛུལ་ཏེ་འོང་བའི་གྲང་ཅང་ཅང་གི་འོད་ཟེར་དེ་དག་མཐོང་མ་ཐག སུན་སྣང་ཞིག་ཀྱང་རང་ཤུགས་ངང་ནས་འཆར་འོང་བས། ཉལ་ཆས་མགོ་བོར་བཏུམས་ཏེ་ཁ་དོག་ནག་པོ་དེ་ལ་ལོངས་སྤྱོད་བྱེད་པར་འདོད། གང་ལགས་ཤེ་ན། འོད་སྣང་འོག་གི་དངོས་པོ་ཡོད་ཚད་ཀྱིས་བདག་ལ་འཁྲུལ་སྣང་རི་བོ་ལྟ་བུ་སྦྱིན་ནའང་། བདག་གིས་འཁྲུལ་སྣང་དེ་དག་བདེན་པར་འཛིན་དགོས་མོད། གཞན་གྱིས་མུན་དོང་ཞིག་ལ་མཛུབ་ཀེར་གྱིས། དེ་ནི་འོད་སྣང་ལྡན་པའི་ཁུང་བུའོ་ཞེས་བརྗོད་མཁན་མེད་པས་མ་མཐར་དེ་ཉིད་བདེན་པ་ཉིད་དུ་གནས་པས་ཡིན།
༢
སྐོར་བར་ཆས་ཤིང་འདུག ཕྲེང་བ་བགྲང་བཞིན་མཆིས། མ་ཎི་འདོན་གྱིན་ཡོད། མཆོད་མེ་སྟོང་ཕྲག་མཉེན་ལྕུག་ལྡན་པའི་ངང་ནས་འབར་བཞིན་འདུག ད་དུང་། བསང་དུད་འཁྲིགས་པའི་མཁའ་དབྱིངས་སུ། ང་ཚོའི་ལྷ་དང་ལྷ་མོས་གར་ལ་རོལ་ཞིང་སིལ་སྙན་ལྷང་ལྷང་ངང་ནས་ཁྲོལ་གྱིན་ཡོད་ངེས་རེད། དེ་ནི་བྲིས་ན་ཚར་ཐབས་མེད་པའི་སྙན་ངག་ལྟ་བུའི་ཡུལ་ཞིག་མ་ཡིན་ནམ། དེ་ནི་བཟུང་ན་ཟིན་ཐབས་བྲལ་བའི་དབུགས་རྒྱུན་ལྟ་བུའི་ཆོས་ཤིག་མ་རེད་དམ།
བཞིན་རས་གཉེར་མས་ཁེངས་པའི་རྒན་མོ་ཞིག ཇོ་ཁང་མདུན་དུ་བཞེངས་པའི་འཇིམ་བརྙན་བཞིན། མ་ཎི་ལག་འཁོར་ཐོད་དུ་གཏུགས་ཤིང་། མིག་གཉིས་དམ་པོར་ཟུམ་སྟེ་སྨོན་ལམ་རྩེ་གཅིག་འདེབས་པའི་སྐབས་ཀྱི་སེམས་འགྱུ་དེ། རི་བཞིན་ལྕི་ལ་མཚོ་ལྟར་ཟབ་ཅེས་བརྗོད་པར་མི་སྤོབས་མོད། རྒན་མོའི་རྩ་སྦུབས་ཡོངས་ནས་སྦགས་བསླད་བྲལ་བའི་ཆུ་མིག་བཞིན་དུ་བརྡོལ་བའི་ཉེར་འབྲས་དེ་ཉིད་ཡིན་པ་སུ་ཡིས་བསྙོན། ད་དུང་། ཐག་རིང་ཞིག་ནས་ལུས་པོ་ས་གཞིའི་བྲང་ཁར་གླན་ཏེ་ཡོང་བའི་ཕྱག་འཚལ་བ། གོམ་པ་རེ་རེ་མདུན་དུ་སྤོས་པའི་གནས་སྐབས་སུ། ལུས་པོ་ཇི་ཙམ་དཀའ་ཡང་སེམས་ཀྱི་དམིགས་པར་ཇེ་ཉེར་གྱུར་བས་དེ་ཡི་བདེ་བ་སུ་ཡིས་སྦྱིན་ཐུབ་བམ། པར་ཆས་ཐོགས་པའི་ཡུལ་སྐོར་བས། “དེང་རབས”ཞེས་པའི་ཐ་སྙད་རྩོད་གཞི་ཅན་དེ་རང་དང་ངོ་བོ་གཅིག་ཏུ་གྲུབ་པར་སྣང་བའི་འཁྲུལ་ཤེས་ཀྱིས། འཛེམས་དོགས་མེད་པར་“གནའ་མི་”དག་ལ་ཡང་ཡང་པར་དུ་བླངས་པའི་སྐབས། དོན་དུ་པར་ཆས་རྒྱབ་ན་ཡོད་པའི་མིག་དབང་དང་། མིག་དབང་དེ་ཡི་རྒྱབ་ནའང་ཡོད་པའི་རང་གི་ཤེས་པ་དེ་ཉིད་ཡོངས་སུ་འཁྲལ་འཁྲུལ་གྱུར་པར་སྣང་དོགས་ཅི་ཡང་མེད་པ་འདྲ། འོན་ཏེ། གནས་སྐབས་ཙམ་དང་མངོན་སུམ་མཐོང་དུ་ཡོད་པའི་ཆོས་ལ་ཧ་ཅང་གཅེས་པ་མི་ཡི་གཤིས་སུ་གྲུབ་ཟིན་པས། སེམས་ཀྱི་བདེ་བ་རང་གིས་རང་ཉིད་ཉམས་སུ་མྱོང་བ་ལས། གཞན་ལ་འདི་ཞེས་བསྟན་དུ་མེད་པའི་རང་བཞིན་དེས། ཀུན་གྱི་དེ་ལ་དེ་ཙམ་སྣང་དོགས་མེད་པ་དེའང་ཡ་མཚན་དགོས་དོན་ཅི་ཞིག་ཡོད།
༣
སུ་ཞིག་གིས། ཉིན་མོའི་འོད་སྣང་ཁྲོད་ནས་ཅི་ཡང་མཐོང་ཐུབ་ཟེར། ལེགས་པར་ལྟོས་དང་། འོད་སྣང་ཁྲོད་ནས་འོད་ཀྱི་དཀར་ཆ་ཙམ་དང་ཁྲ་ཙམ་མ་གཏོགས་ཅི་ཡང་མཐོང་མི་ཐུབ། དེ་ནི་མུན་པའི་ནང་ནས་མུན་པའི་ཁ་དོག་ནག་པོ་མཐོང་བ་དེ་དང་ཁྱད་པར་དེ་ཙམ་མེད་པ་འདྲ། སྤྱིར་ན་འོད་ཀྱི་སྣང་བར་ཐམས་ཅད་དགའ་བ་རང་གཤིས་ལྟ་བུར་གྲུབ་ཟིན་རུང་། འོད་ཀྱིས་ང་ཚོར་འཁྲུལ་སྣང་སྟེར་བ་ཉུང་ཉུང་གཏན་ནས་མ་ཡིན་ལ། འོད་ལ་ཁ་དོག་མང་པོར་བྱེར་བའི་ཁྱད་ཆོས་ལྡན་པ་དེས། ང་ཚོའི་ཤེས་པ་གཅིག་ཏུ་གནས་ཐབས་མེད་པར་གང་སར་འཕྱོ་བ་དེའང་ཅི་ཡང་མི་མཐོང་བ་དང་ཁྱད་པར་ཅི་ཞིག་ཡོད།
གཉིད་ཐབས་མེད་པའི་མཚན་མོ་དེ་དག་ལ། བདག་གི་རྟོག་པ་གང་སར་འགྱུ་བཞིན་འདུག ཉིན་མཚན་རེས་ཀྱིས་འབྱེད་པ་ཆོས་ཉིད་ཡིན་པ་ཇི་བཞིན་དུ། མཚན་མོར་མིག་གིས་མུན་པ་མ་གཏོགས་མ་མཐོང་མོད། ཤེས་པར་འོད་སྣང་མང་པོ་འཁོར་གྱིན་འདུག ཉིན་མོར་མིག་གིས་ཁྲ་ཁྲ་མང་པོ་མཐོང་ནའང་། ཤེས་པ་ཕལ་ཆེར་མུན་དོང་དུ་ལྷུང་ནས་ཡོད་པ་འདྲ། དེ་ནི་རྟོག་པ་ཡིན་ནའང་། རྟོག་པ་དོན་མཐུན་ཡིན་པ་ང་ལ་ཡིད་ཆེས་ཡོད།