གསར་བྲིས་སྙན་ངག་ཁག་བཞི།
རྩོམ་པ་པོ། རོང་པོ་རང་འཚོལ།
ང་རང་ས་སྲོད་ཅིག་ལ་བཅོལ་ཡོད།
ང་རང་གཙང་ཆུའི་དཀྱོག་མཚམས་ཤིག་ན་ཡོད།
ང་རང་ན་ཚོད་ཀྱི་སྨིན་མཚམས་ཤིག་ན་ཡོད།
འཐོབ་འོས་པ་དག་ཐོབ་རྗེས།
ཤོར་འགྲོ་བ་དག་ཀྱང་ཤོར་འགྲོ།
འོན་ཏང་། ང་ལ་ཁ་ཏ་བྱེད་པའི་ངའང་མེད།
འུག་འཐོམ་མེར་ས་སྲོད་ཀྱིས་ང་ལ་ས་སྲོད་ཅིག་བསྩལ།
ཞོགས་གླུ།
ཁྱོད་ནི་འདབ་དྲུག་ཁ་བ་བཞིན། །
ནངས་འདིར་བདག་གི་སྙིང་ལ་སིམ། །
ལུས་ཀྱི་སྙེ་མ་འདར་འདར་བྱུང་། །
སེམས་ཀྱི་ལྕོང་མོ་འཁྱུག་འཁྱུག་བྱུང་། །
བདག་ནི་རྐང་པ་དྲུག་པ་ལྟར། །
ཁྱོད་ཀྱི་གམ་དུ་ཡང་ཡང་འཁོར། །
འཛུམ་པའི་པད་མོ་མུར་མུར་བྱས། །
འཁྱིལ་བའི་ལྟེང་ཀ་བཞིབས་བཞིབས་བྱས། །
མལ་གྱི་ཞི་བ་རྒྱབ་དུ་དོར། །
ཆགས་པའི་ཆུ་བོ་སྔུན་དུ་བསུས། །
འུ་གཉིས་གཏན་དུ་འགྲོག་བྱེད་པའི། །
སྨོན་ལམ་ཉིན་སྲིབ་གཉིས་སུ་བྲིས། །
རྟ་རྐྱང་སྒ་རྐྱང་ཉིད་ཀྱིས་ནི། །
འཁོར་བའི་རི་ལུང་ཀུན་ཏུ་ཉུལ། །
ཨ་ཅག་འཛུམ་པ་ཡག་བྱུང་ཞུ། །
བུ་ཆུང་པང་པ་ཡག་བྱུང་ཞུ། །
ཡལ་གྱིན་པའི་ན་བུན།
སྒོ་དང་སྒེའུ་ཁུང་དམ་དུ་གཏན་རུང་རླུང་པོའི་ཤག་སྒྲ་འ་འུར་ལྡང་། །
མིག་དང་རྣ་བ་ཤེད་ཀྱིས་བཙུམས་ཀྱང་སེམས་ཀྱི་ལྗོན་པ་ལང་ལིང་གཡོ། །
དེ་ཚེ་ཁྱོད་ནི་སེམས་མེད་བེམ་གོག་སྤྲིན་དང་ན་བུན་དོད་དུ་ནི། །
རྟེན་མེད་མཁའ་མཐའི་མཁའ་མཐའ་གང་ན་དལ་བ་དལ་བུར་ཡལ་ན་སྙམ། །
རྙེད་པའི་ནོར་རྫས་ངེས་པ་མ་མཆིས་ད་ཡོད་ད་མེད་སྨིག་རྒྱུའི་འགྲོས། །
བསྐྲུན་པའི་མཁར་གྲོང་བརྟན་པ་མ་མཆིས་ནངས་ཡོད་ནུབ་མེད་རྨི་ལམ་འཕྲུལ། །
རྐང་ཆུང་རྗེན་པ་ས་ལ་བཞག་པའི་གཡས་འཁྱིལ་རི་མོ་ཆ་འགྲིག་ཀྱང་། །
རེས་ཡོད་རེས་མེད་སྣང་མུན་འཁོར་བ་འདི་ལ་ཡིད་བྱེད་ཉོན་རེ་མོངས། །
ཁོ་ནི་དེ་ལྟར་འཁོར་བའི་གཞིས་ལ་ཆགས་སྡང་ཆུ་བོ་ལྡོག་འབབ་ཀྱིས། །
ས་ལ་བཀྲ་བའི་ལྗང་བུ་དག་ཀྱང་རང་གི་ཚེ་རབས་གྲོགས་སུ་སྙེན། །
དལ་འབབ་ཆུ་དང་འདབ་དྲུག་ཁ་བ་དེ་བཞིན་དཀར་དམར་ཕྲ་ཚོམ་དག །
རིང་དུ་འགྲོགས་པའི་མཛའ་ན་མོ་བཞིན་སྙིང་གི་ཉི་མ་ཉིད་དུ་ཁྱེར། །
གཉིད་དུ་ཡུར་བ།
ཟབ་དྲགས་པའི་བག་ཆགས་རླུང་ལ་བསྐུར། །
མཐུག་དྲགས་པའི་དྲེག་པ་ཆབ་ལ་བཀྲུས། །
རྗེན་གཅེར་བུར་ཕུད་དེ་སྟན་ལ་བསྡད། །
འདྲིས་སྙིང་གི་བུ་ཆུང་མཐོང་སྙམ་བྱུང་། །
ལས་དཀར་ནག་གོང་བ་ཐུར་ལ་ཕབ། །
ལུགས་བཟང་ངན་ཐུ་བ་ཡར་ལ་བརྫེས། །
དྲིན་ཨ་མས་གནང་བའི་ཤ་དང་ཁྲག །
འཐུམ་མ་བྱས་སྦ་བ་ཅང་མ་བྱས། །
ཡད་ཡུད་དེ་སོང་བའི་མདང་གི་མིག །
སྐྱོ་ཆད་དེ་ལྷུང་བའི་སྔོན་གྱི་སེམས། །
གཞི་མེ་ལོང་ངོས་ཀྱི་མི་གཙང་རྫས། །
དར་ལན་གཅིག་ཕྱགས་ཏེ་གཉིད་དུ་ཡུར། །
སྒྲིག་སྦྱོར་བ། རོང་པོ་རང་འཚོལ།