ཟླ་བས་སྐྱོང་བའི་འཇིག་རྟེན། ལྷུག་རྩོམ། ར་ས་བསྟན་འཛིན་ཆོས་གྲགས།

民生   2024-08-02 09:50   西藏  





  རྨ་དགེ་མོ་ནམ་སྤྱི་སྟེགས་སུ་ཕེབས་པར་དགའ་བསུ་ཞུ།     


ཟླ་བས་སྐྱོང་བའི་འཇིག་རྟེན།

 
རྩོམ་པ་པོ། ར་ས་བསྟན་འཛིན་ཆོས་གྲགས།



   
   ཟུག་གཟེར་ཆེ་བའི་མཚན་མོ་འདིར། ནམ་མཁའི་ལྡེབས་སུ་ཁེར་རྐྱང་ངང་དུ་སྦྱར་བའི་ཟླ་བ་དེ་ཉིད་ཤུགས་ཀྱིས་འཛིན་འདོད་མོད། དེ་ནི་བྱིས་བློ་ཙམ་དང་སྟོང་བསམ་ཞིག་ལས་ཅི་ཡང་ཡིན་མི་སྲིད། ཅི་ཡང་མིན་པའི་ཕ་རོལ་ནས། བདག་གིས་ངོ་མ་སྟོང་བསམ་ཁྲོད་ཀྱི་ཟླ་བ་དེ་ཉིད་ཤུགས་ཀྱིས་འཛིན་པར་འདོད། བདེན་འཛིན་ཆེ་བའི་སེམས་ཀྱི་བྲན་ཏུ་ཚུད་ཡོད་རུང་། རང་མགོ་རང་གིས་བསྐོར་བའི་ཉེས་མིང་འགེལ་སྲིད་ཀྱང་། ཐུང་ལ་མགྱོགས་པའི་མི་ཚེ་དེར། དེ་འདྲའི་སྟོང་བསམ་ཐེངས་གཅིག་ཅིས་ཀྱང་ཡོད་ཆོག་ཨང་། 
   འཇིག་རྟེན་འདིར། བདེན་པ་ཁོ་ན་ཡང་དག་ཡིན་པའི་ངེས་པ་མེད་ངེས་ལ། རྫུན་པའི་རྫུན་ཕུགས་བརྟོལ་བའི་ཁབ་རྩེ་དུས་དང་རྣམ་པ་ཀུན་དུ་བརྡར་བའི་དགོས་པ་ཅི་ཞིག་ཡོད། ཚང་མར་ཐིག་ཤིང་ཞིག་གིས་ཚད་བཅལ་བྱེད་པའི་དུས་ནས་བཟུང་། ང་དང་ཟླ་བ་བར་ཐག་བཀྱེད་འགོ་ཚུགས་ཟིན་ལ། བསམ་པ་དེ་ཡང་ཤོག་བྱ་བཞིན། ཆོས་ཉིད་འདྲ་བའི་ཐག་པ་ཞིག་གིས་སྟངས་འཛིན་ཡང་ནས་བསྐྱར་དུ་བྱས། དེ་ནས་བཟུང་། ཟླ་བས་མཐོངས་ནས་བདག་ལ་ཅེར་ལྟ་བྱེད་པར་འགྱུར་བ་གཏན་ནས་གཏོང་མྱོང་མེད་མོད་ཀྱང་། ང་དང་ཟླ་བ་བར་ཐག་བཀྱེད་དུ་བཅུག་མཁན་བདག་གི་སེམས་པ་ཁོ་ན་ཡིན་པ་ཤེས། ལོ་ངོ་འདི་དག་ལ། ས་གཞི་སྟེགས་སུ་བྱས་ཏེ་ཟླ་བར་རྒྱང་ལྟ་ཡུན་རིང་བྱ་མྱོང་ལ། མཚོ་ངོས་མེ་ལོང་བྱས་ཏེ་ཁྱོད་ཀྱི་གཟུགས་བརྙན་ལའང་ཡུན་རིང་ཞེན་པས་སྐྱོང་ཡང་མྱོང་། ལྷག་པར། དབྱུག་པ་ཅན་གྱི་སོར་མོའི་རྩེ་ནས་འཛགས་པའི་དཀར་ཞིང་གསལ་བའི་ཟླ་བའི་དྲི་བསུང་ཡང་། མཛེས་མའི་བཞིན་རས་བརྒྱུད་དེ་ལོ་ངོ་སྟོང་ཕྲག་ལྷག་རིང་ཤོག་བུའི་ངོས་སུ་འཁྲིལ་བའི་ཚུལ་དག་ངག་ནས་ཡང་ནས་ཡང་དུ་བཟློས་ཀྱང་མྱོང་། འོན་ཏེ་ཁྱོད་ཀྱི་བཞིན་རས་ལ། དངོས་སུ་སོར་མོས་རེག་པའི་འདུན་པ་གཏན་ནས་བཅངས་མེད་ལ། གདོད་ནས་བསྒོས་པའི་བག་ཆགས་ཀྱིས། ཁྱོད་ནི་རྒྱང་རིང་ཞིག་ནས་ལོངས་སུ་སྤྱད་བྱ་ལས། དངོས་སུ་རེག་ཐུག་བྱ་ཐབས་མེད་པའི་འཇའ་ཚོན་ལྟ་བུ་ཞིག་ཏུ་བསྐྲུན་པས་ཡིན། 
   ཉི་མའི་ལུས་ནས་འཕྲོས་པའི་དྲོད་ལྡན་འོད་ཟེར་དག མཚན་མོའི་སྐབས། ཟླ་བས་གཡར་ཏེ་ས་གཞིར་འཕྲོ་ཁུལ་བྱས་མོད་ཀྱང་། དེ་ནི་ཇི་འདྲའི་བསིལ་བའི་ཆོས་དང་ལྡན་པ་ཞིག ཕོར་པའི་ནང་དུ་བླུགས་ནས་ཡོད་པའི་ལྷིང་ངེར་གནས་པའི་ཆུ་ངོས་སུ། ཟླ་བའི་གཟུགས་བརྙན་འཆར་བ་དེ། བདག་གིས་ངོམས་མེད་ངང་ནས་ཡང་ནས་ཡང་དུ་ཧུབ་ཀྱིས་འཐུང་ཆོག་ལ། ཁྱོད་ཀྱི་བཞིན་ལ་ལག་གིས་བྱིལ་བྱིལ་ཡང་མོ་ཡིད་ཚིམས་ལྡན་པ་བྱེད་ཀྱང་ཆོག འོན་ཏེ། ཟླ་བའི་དཀྱིལ་འཁོར་ངོས་སུ་ལོ་ངོ་སྟོང་ཕྲག་མང་པོར་མཚམས་མེད་རྒྱུག་བཞིན་ཡོད་པའི་རི་བོང་དེ། ད་དུང་ཟླ་བའི་ལུས་ནས་གྲོལ་ཐུབ་མིན་འདུག་ལ། ཟླ་བ་ཡང། ལོ་ངོ་སྟོང་ཕྲག་པོར་ནམ་མཁའི་དཀྱིལ་འཁོར་ངོས་ནས་ཇི་ཙམ་བྲོས་ཐབས་བྱས་ནའང་། ཡང་ནས་ཡང་དུ་གཞི་དེར་རེས་ཀྱིས་འཁོར་བཞིན་འདུག ང་རང་ཡང་། སྐྱེ་བ་དུ་མའི་བར། མཚན་མོ་རེར། མིག་རྒྱང་ནམ་མཁའི་ཁྱོན་དུ་བལྟ་ཁུལ་བྱས་ནའང་། ཁྱོད་ཀྱི་བཞིན་གྱི་རྒྱ་ཁྱོན་དེ་ལས་སྐད་ཅིག་ཙམ་ཡང་གཡོལ་ཐབས་མིན་འདུག་མོད། ཁྱོད་ལ་རེག་པའི་གོ་སྐབས་ད་བར་གཏན་ནས་ཐོབ་མ་མྱོང་། སྐབས་དེར། སྐྱེ་བ་དུ་མར་བསགས་པའི་མིག་ཆུ་དེ། ནམ་མཁར་གཏོར་ཏེ་ཁྱོད་ལ་བཅངས་པའི་དུང་སེམས་ཆེམ་ཆེམ་ངང་དུ་སྤར་བ་དེ་ཡང་ཅི་འདྲའི་དགའ་སྤྲོ་ཞིག སེམས་པ་དེ། ནམ་ཡང་ཚིམས་རྒྱུ་མེད་པའི་སྟོང་བ་ཆེན་པོ་ཞིག་གི་གཟུགས་སུ་སྤྲུལ་ཏེ་འདོད་པའི་ཕྱོགས་སུ་བསྲིངས་ཡོད་ལ། འདོད་པ་ཡང་། རླུང་ཁམས་ཆེན་པོ་ཞིག་གི་ཉམས་ཀྱིས་འཆར་ཏེ་ཚིམས་རྒྱུ་མེད་པའི་ཡིད་ཀྱི་སྟོང་བའི་ཀློང་དུ་འགྲམས་བཞིན་འདུག སེམས་དང་འདོད་པའི་བར་དུ་བཙིར་གནོན་ཐེབས་པའི་བསྐལ་པ་དེ་དག་རིང་། འཁོར་བ་ཞེས་པའི་གཞོང་པ་ཆེན་པོ་དེ་ཉིད་ནམ་ཡང་མ་སྟོངས་ལ། གཞོང་པ་དེ། ཟླ་བ་བཞིན་དུ་ཇི་འདྲའི་འཁྱགས་ཤིང་མག་མོག་ཡིན་ནའང་། འདོད་པས་བསྲེགས་པའི་སེམས་ཅན་དག་ལ་ཅི་འདྲའི་མཁོ་ཆེ་ཨང་།
   ཟུག་གཟེར་འཇགས་པའི་ཉིན་མོ་དེར། ཟུག་གཟེར་ཆེ་བའི་མཚན་མོ་དེ་ཉིད་དྲན་འོང་ལ། འཁོར་བ་ལྟ་བུའི་ཟླ་བ་དེ་ཉིད་ལྷག་གིས་དྲན་ནས་འོང་། འཁོར་བ་ཇི་འདྲའི་ཀུན་རྫོབ་ཡིན་པ་བདེན་ངེས་ཀྱང་། བདག་གིས་མ་བརྟག་མ་དཔྱད་པ་ཡི་ངོ་ལ་ཁྱོད་ཉིད་ཇི་འདྲའི་བདེན་ཞིང་ཚུགས་ཐུབ་ཅན་ཞིག་རེད་འདུག་སྟེ། ཟླ་བ་ཇི་འདྲའི་མག་མོག་ཆེ་ནའང་། ཉི་འོད་མེད་པའི་མཚན་འདིར། ཟླ་བ་དེ་ཉིད་ཅི་ཞིག་ལས་ཀྱང་གསལ་ཞིང་ཡིད་དགར་འོང་བ་ཇི་བཞིན་ཡིན། 

༢༠༡༣-༡༢-༩ ཉིན།
ཆེད་དེབ«ཕལ་པའི་རང་མདངས»ལས་དྲངས།
སྒྲིག་སྦྱོར་པ། རོང་པོ་རང་འཚོལ།




玛尔格莫兰
སྐལ་བ་བཟང་སོང་། འདི་ནས་འུ་ཚོས་དབྱངས་གསལ་གྱི་བྱིན་རླབས་ཞུ་རུ་འགྲོ།
 最新文章