མ་ལོ་བཞུད་པའི་དྲན་གདུང་།
རྩོམ་པ་པོ། ཀ་ལོ་བ་མི་འགྱུར་རྡོ་རྗེ།
རྩོམ་པ་པོ། ཀ་ལོ་བ་མི་འགྱུར་རྡོ་རྗེ།
ལུས་ཤ་ཁྲག་གནང་མཁན་ཨ་མ་དྲན་བྱུང་། །
གུང་ཉི་མའི་གྲིབ་ཆེན་ཆུ་ལ་བརྒྱབ་དུས། །
དྲིན་མ་ལོས་གསུངས་པའི་མགུར་དབྱངས་དྲན་བྱུང་། །
ཐུགས་བྱམས་བརྩེའི་ངང་རྒྱུད་ཆུ་ལས་རིང་ལ། །
ངག་ཤིས་རྒྱུད་འཇམ་པོར་བལ་ལས་ཡང་པའི། །
རྟེན་དལ་འབྱོར་གནང་མཁན་ཨ་མ་བགྲེས་མོ། །
ངའི་ཁྱེད་ཉིན་དྲན་པ་སྐར་ཆ་ཙམ་མིན།།
ཁྱེད་མེད་པའི་སྒྱུ་མའི་གྲོང་ཁྱེར་འདི་རུ། །
ང་དབང་མེད་བུ་ཆུང་སྡུག་གིས་མནར་ཡོད། །
རྟེན་དལ་འབྱོར་གནང་བའི་བཀའ་དྲིན་འདི་འདྲ། །
དྲིན་འཇལ་བར་མ་ནུས་བུ་ང་སྐྱོ་བྱུང་། །
ཁྱེད་ཟེར་བ་འཇིག་རྟེན་ཁམས་ན་བཞུགས་དུས། །
དྲིན་ཆེ་ནོ་འདི་འདྲ་ཡིད་ལ་མ་ཤར། །
སྔོན་ལས་དབང་ཞིག་འཆི་མ་འགྲིམ་དུས། །
ང་གཤོག་མེད་བྱིའུ་ཐང་དུ་ལུས་སོང་། །
དྲིན་མ་ལོ་སེམས་ཀྱི་ལྷ་སྐུ་གསོན་པོ། །
ལྷ་རྗེ་བཙུན་སྒྲོལ་མ་མངོན་སུམ་མཚུངས་མེད། །
ཁྱེད་ང་རང་བསྐྱུར་ནས་གླིང་གཞན་ཕེབས་དུས། །
ང་འཁོར་མེད་འཁྱམས་པོར་འདི་ལྟར་ལུས་སོང་། །
ཁྱེད་མེད་པའི་སེམས་ཀྱི་ན་ཟུག་འདི་འདྲ། །
ཤ་མཆིན་པའི་བར་ན་ཟུག་གཟེར་ཡོད་འདུག།
སྦྲ་སྨུག་པོའི་ཆོན་ཐག་ལྷོད་པོའི་འོག་ནས། །
དྲིན་མ་ལོ་དྲན་པའི་སྨྲེ་སྔགས་ཤོར་སོང་། །
རྩོམ་སྒྲིག་པ། རོང་པོ་རང་འཚོལ། དོ་དམ་པ། རོང་པོ་རང་འཚོལ།