རྨ་དགེ་མོ་ནམ་སྤྱི་སྟེགས་སུ་ཕེབས་པར་དགའ་བསུ་ཞུ།
ལམ་སྟོད་ལམ་སྨད།
རྩོམ་པ་པོ། ས་དམར་གྲགས་པ།
ལམ་སྟོད་ལམ་སྨད།
༡
རི་བོ་འདི་ལ་མིང་སྣ་ཚོགས་པ་ཞིག་ཡོད།
ལྷ་ལས་བབས་པའི་དོན་མང་ཙམ་ཡོད།
རྨི་ལམ་ལས་མཇལ་བའི་གོ་བ་ཤིན་ཏུ་མཛེས།
དུས་ཚོད་ཐག་པ་བཞིན་བསླེས་པའི་ཤུལ་དུ།
ཁྱོད་ནི་མི་དཀར་རྟ་དཀར་ཅན་དེ།
འཛམ་གླིང་སྐོར་བ་སྐོར་མཁན་དེ་ཁྱོད་ཡིན།
བླ་རུས་ཉི་མར་ལྡེ་ས།
སེམས་ལ་ཚ་ཕོག་བརྒྱག་ས།
ལམ་དེ་སྟོད་སྨད་གཉིས་རེད།
ཁྱིམ་དེ་ཕོ་ཁྱིམ་མོ་ཁྱིམ།
ནང་དེ་ཕྱི་ནང་གཉིས་རེད།
སྟོད་སྨད་གཉིས་ཀྱི་མདུད་པ།
ཡུལ་འདི་ལ་མིང་སྣ་ཚོགས་པ་ཞིག་ཡོད།
དྲན་པ་སྣ་ཚོགས་པ་ཞིག་ཡོད།
༢
རི་རབ་ཀྱི་རྩེ་མོར་གནས་བྱས་པའི་བདག་གི་མེས་པོ།
གཤོག་པ་རླུང་གི་བདག་པོ་ཅན།
རྟ་ཁ་ལྷ་ལ་སྐོར་མཁས་ཅན།
མི་ཁ་དགྲ་ལ་གནང་མཁན་ཅན།
ངའི་རུས་པའི་ནང་གི་ཨ་ཡིག་དཀར་པོ་ཁྱོད།
ལྷ་མིའི་མཛེས་པ་གཅིག་ཏུ་འདུས་པའི་ཡུལ་ལུང་ཀུན།
གངས་དཀར་ཏི་སེ།
ཨ་མྱེ་སྟག་ཤར།
ས་གཞི་རྟ་སྒ་འདྲ་བོ་འདིར་ལུས་པའི་བདག་འཛིན་ཅན་དག
འོད་ལ་འཐིམ་པར་ཤོག
༣
རོང་ནས་དབུས་དང་།
དབུས་ནས་སྟོད་དུ་རྒྱུགས་པའི་ལམ་ཆུང་ལྷམ་འདྲ་བ་འདི།
གདང་ལའི་ཕ་རོལ་ཚུལ་རོལ་གྱི་སྨུག་པ་བཞིན།
ནམ་མཁའ་མིག་གང་གི་ནང་དུ་འཛུལ་ནས་འདུག
གཙོད་ཁྱུའི་རྭ་རྩེར་མདུད་པའི་ལམ་ཆུང་།
ལམ་ཆུང་ཁ་དཀར་ཁོག་དཀར།
རི་རྒྱུད་གངས་ལ་གཏད་པའི་ས་གཞིའི་སྒལ་བ།
ལྷ་ས།
ས་དམར་སྡེ་བ།
ངའི་བྲང་ཁར་མེ་ཏོག་བཞད་ས།
ངའི་སྙིང་ལ་གྲིབ་མ་ཕོག་ས།
སྤྲིན་པའི་རྐང་རྩེར་ཁྲིད་པའི།
ཆར་གྱི་མུ་ཏིག་དཀར་པོ།
རི་བོ་གནམ་གྱི་ཕོ་བྲང་།
ས་གཞི་གངས་ཀྱི་ཕ་གཞིས།
༤
ཟླ་འོད་སར་ལྷུང་བའི་སྒྲ་ལ།
རྐང་འཇབ་ལག་འཇབ་བྱེད་མཁན་དག
ཆུ་ཁར་དཔར་བའི་མི་སེམས།
ནང་ནས་ནང་དུ་འཛུལ་མཁན།
ཕྱི་ནས་ཕྱི་ལ་རྒྱུགས་མཁན།
ནང་ནས་ཕྱི་ལ་ལྟ་མཁན།
ཕྱི་ནས་ནང་དུ་འཇབ་མཁན།
རྡོ་ལེབ་ངོས་ཀྱི་ར་བ།
སོ་གསེང་གི་ནགས་ཚལ།
མཐོང་སྣང་ཆག་པོ།
རྣ་ནང་གི་རྒྱ་མཚོའི་སྒྲ་ལས་ཤོར་བའི་ཀོ་གྲུ་དེ་མཐོང་བྱུང་ངམ།
ནད་དམིགས་སྟེང་བརྡེག་པའི་ཚིག་ལ།
རང་བྱུང་གི་རྡུལ་འཁྲུངས་འདུག་གམ།
༥
བར་སྐོར་གྱི་ཉི་འོད།
ས་དམར་སྡེ་བའི་མ་ཎི་ལྷ་ཁང་།
མཆོད་ཁང་།
རྡོ་བརྐོས་ནག་པོ།
རི་བོང་གི་རྐང་ལག་ལྟ་བུའི་འཕྲུལ་འཁོར་སྣ་ཚོགས།
སྡོམ་རྒྱའི་ངོས་ཀྱི་གཙང་བོ།
ཨ་མ་འབྲུག་མཚོ།
ཁྲི་ཤོར་རྒྱལ་མོ།
བྱང་གི་གནམ་མཚོ་ཕྱུག་མོ།
སྟོད་ཀྱི་མ་ཕམ་གཡུ་མཚོ།
མཚོ་མོ་ཁྲི་སྟོང་གཅིག་ཏུ་འདུས་པའི་ངའི་སེམས་པའི་རྒྱ་ཁྱོན།
ཉི་མའི་རྐང་འོག་ན་ལུས་པའི་བདག་གི་རྩིབ་རུས།
ལྕགས་ཀྱི་རྣམ་ཤེས།
ཕ་ཡུལ།
ལས་ལ་ཚོན་རྩི་བྱུགས་ས།
ཆུ་ལས་མར་ལེན་ས།
གསེར་གྱི་བྱེ་མའི་ནང་གི་ཁྲོན་པ།
ཅོ་ནེ།
ལྷ་སའི་ཚེ་སྨོན་གླིང་གི་རྒྱབ་རི་མཐོན་པོ།
ཨ་མྱེ་མགོན་པོ།
༦
རི་བོ་འདི་ལ་མིང་སྣ་ཚོགས་པ་ཞིག་ཡོད།
འཇའ་ཡི་གོས་ཆེན་ཡོད།
གནམ་གྱི་ར་བ་ཡོད།
དུས་ཚོད་ཐག་པ་བཞིན་བསླེས་པའི་ཤུལ་དུ།
ལྷ་སའི་ལྕགས་པོ་རིའི་རྩེ་མོ་ས་ལ་ཟུག
ཡི་གེའི་ངག་ལ་བཏབ་པའི་ཞོགས་པ་དེ་གསེར་ལམ་ལམ་གྱིས་འཕུར།
ཁྲ་རིག་རིག་གི་མིག་ཟུང་ཡོད་ཚད།
ལྕགས་ཐག་བཞིན་ཚ་ལ་བརྒྱབ་སྟེ་སྤང་དང་བྲག་རི་མཉམ་དུ་སྦྲེལ།
རྡོ་བ་ནད་པ་ཞིག་གི་ཁོག་ཏུ་སངས་རྒྱས་བརྐོས།
མེ་ལོང་ནང་ནས་ཉི་འོད་བཤངས།
མཚན་ལ་སོ་འཆོས་པའི་དྲན་པ་སྣ་ཚོགས།
འཕུར་ཁོམ་མ་བྱུང་བའི་བྱིའུ་ཞིག་གིས།
བྱང་ཆ་ལྡན་པའི་ངང་ཁྱེར་ནས་འཕུར་སོང་།
༧
དོ་ནུབ།
ཟླ་བ་ཕྱེད་ཀ་མགོར་གྱོན་པའི་རི་བོ་ཧི་མ་ལ་ཡས།
སྐར་ཚོགས་ཀྱི་ཕྱུ་པ་གྱོན་ནས་འདུག
ཕ་ཡུལ་དང་མཉམ་དུ་འདྲེས་པའི་ས་གཞི་འདི།
བཀྲུས་ནས་ཉི་མར་བཞག་པའི་ཕོར་བ་ཞིག་ལྟར།
གཙང་མ་གཙང་རྐྱང་དུ་ཡོད་པའི་དཀྱིལ་འཁོར་ཞིག་ཏུ་སྒོམ།
མཚན་མོ་རེ་རེར་ངས་ཕ་ཡུལ་དྲན།
ལྷ་ས་དྲན།
ལྷ་ས་དྲན་བཞིན་པའི་ཕ་ཡུལ་ལྷག་ཏུ་དྲན།
ར་སྐོར་སྒོ་བཞི་ཅན་ཞིག་ལ་མིང་སྣ་ཚོགས་བཏགས།
མིང་སྣ་ཚོགས་ལ་ཚོན་སྣ་ཚོགས་བྱུགས།
བར་སྐོར་དང་ས་དམར་སྡེ་བའི་མ་ཎི་ཁང་གཞི་གཅིག་ཏུ་བསྡུས།
ཟླ་བའི་ངོས་ནས་ས་ཁྲ་ཞིག་བཙལ།
ཕོར་བ་གཙང་མ་ཞིག་གི་ནང་དུ་ཆུ་བླུགས།
ཀོ་གྲུ་ཞིག་གི་གྲིབ་མ་བཙལ།
ཉིན་མོ་རེ་རེ་ངས་ཕ་ཡུལ་ལ་བལྟས།
ལྷ་སར་བལྟས།
ལྷ་སར་བལྟ་ཞོར་ཕ་ཡུལ་ལ་ཟུར་མིག་ཤོར་འགྲོ།
༨
སྐྱིད་ཆུ་བཞུར་ཤུལ་ན་ང་ལྷག་འདུག
རྨ་ཆུ་འཐུང་ཤུལ་ན་རྡོ་ལྷག་འདུག
རྫ་ཆུ་དང་འབྲི་ཆུ་གཉིས་ཀ་ངའི་ལྷམ་སྒྲོག་གི་སྣེ་གཉིས་ལྟར།
སྙིང་གི་རྩེ་མོ་བསྡམས་ནས་འདུག
ལྷ་སར་མིང་སྣ་ཚོགས་ཡོད།
ར་ས། ལྷ་ས། རྡོ་ས།
མིང་རེ་རེ་ལ་སྙིང་ཉེ་བའི་ཁ་དོག་རེ་རེ་ཡོད།
ཆང་དང་རྫུན་དང་ང་ཡི་ཁ་དོག་ཡོད།
དྲན་ན་བཤད་རྒྱུ་མེད་པའི་ཁ་དོག་ཀྱང་ཡོད།
འདི་དག་ཡོད་ཚད།
ཨ་མའི་ངག་ནས་བོས་པའི་གཏམ་རྒྱུད་ཀྱི་ཁ་ལྕེ་འདྲ་ལེ།
སོག་མའི་གསེང་གི་ཉི་ཟེར་འདྲ་ལེ།
ཁ་མི་གྲག་པའི་རྡོ་སྐུ་རང་བྱུང་ཞིག་དང་འདྲ་ལེ།
ང་རང་རྐང་རྗེན་ལ་འགྲོ་བའི་རླུང་བུ་ལྟར།
ལྷ་སའི་མིག་ནང་ན་བསྡད་ཡོད།
ཉི་མའི་ཁོག་པའི་ནང་ན་བསྡད་ཡོད།
༩
ལམ་སྟོད་སྨད་གཉིས་ཀྱི་མིག་ལ་བརྒྱུས་པའི།
སྤུ་ཧྲེང་ལོ་སར།
བེའུ་ལུག་ལོ་སར།
ཀོང་པོ་ལོ་སར།
རབ་བྱུང་ལོ་སར།
སོ་ནམ་ལོ་སར།
དཔྱིད་གསར་དུས་ཆེན།
བོད་ཀྱི་ལོ་སར།
འོ་མ་ཆུ་ལ་འདྲེས་པའི་དཀར་ཐིགས།
སྨོན་ལམ་ལྷ་ལ་ཕོག་པའི་དག་སྣང་།
རི་རབ་ཀྱི་རྩེ་མོར་འགྱིང་བའི་མེས་པོ་དག
མཆོད་མེའི་དཀར་ངོགས་སུ་ཕེབས་ཤོག
བསང་རྡུལ་གྱི་ཕོ་བྲང་དུ་ཕེབས་ཤོག
ཀྱེ།
བདག་གི་རུས་པའི་ནགས་ཚལ་དུ་འཛུལ་ཤོག
མིག་ཆུའི་ཕྱི་ནས་བཞུགས་རོགས།
ཤོག་བྱ་ནད་པ་ཞིག་འཕུར་སའི་ནམ་མཁའ།
ནམ་མཁའ་མཐོ་དམའ་གཉིས་ཀ
ལེགས་ཚོགས་ཀྱི་རྟེན་འབྲེལ་འཛོམས་པར་ཤོག
སྟོང་བའི་ལས་ལ་བདེན་པའི་སྐུད་པ་རིང་བར་ཤོག
༡༠
ཨ་མྱེ་སྟག་ཤར།
ཨ་མྱེ་གཉན།
ཁ་བ་དཀར་པོ།
གངས་དཀར་རི་བོ།
ཁྱུང་གཤོག་ནམ་མཁའ་ཅན་དེ་འཕུར་བ་མཐོང་སོང་ངམ།
རྒྱ་སྟག་རྭ་ཅོ་ཅན་དེ་བསྡད་འདུག་གམ།
ཚ་བ་སྒང་གི་རི་ཞོལ་ན་རྣམ་ཤེས་ལུས་པའི་ངའི་གྲོགས་པོ།
སྐལ་བཟང་དཔལ་ལྡན།
ཟལ་མོ་སྒང་ལ་འགྲོ་འདུན་ཆེན་པོ་ཡོད།
ས་དམར་ལའང་འགྲོ་འདུན་ཆེན་པོ་ཡོད།
རྒྱལ་མོ་ཚ་བ་རོང་པ།
ལྷ་སའི་ཞལ་ཁེབས་འདྲ་ལེ།
བན་དེ་བཻ་རོ་ཙ་ན།
ལས་ཀྱི་ལྕགས་ཐག་འདྲ་ལེ།
ཡུལ་མིང་སྙིང་རྗེ་བོ་འདི་དག
ལམ་སྟོད་སྨད་གཉིས་ཀྱི་རྣམ་ཤེས་ཀྱི་ཞིང་བཀོད་ཡིན།
བླ་ཡིན།
སྲོག་ཡིན།
ཕ་ཡུལ་ནས་བཤད་མ་ཚར་བའི་ལྷ་ས་ཡིན།
ལྷ་ས་ནས་བཤད་མ་ཤེས་པའི་ཕ་ཡུལ་ཡིན།
༡༡
རྡོ་བའི་སྙིང་རྩ་ནས་རྙེད་པའི་ལྷ་ས།
ཁྱོད་ཀྱིས་ཁོག་ལྡིར་ནང་དུ་བཏབ་པའི་མེ་ཏོག་དཀར་པོ་དེར།
སྔོན་མོ་གནམ་གྱི་ར་བ་འདུག
ཡང་མོ་རླུང་གི་ར་བ་འདུག
ནག་པོ་ལྕགས་ཀྱི་ར་བ་འདུག
སེར་པོ་ཆོས་ཀྱི་ར་བ་འདུག
དུར་རྡོ་མེ་རི་འདྲ་བ་ཞིག་ཀྱང་འདུག
སྐར་མའི་མེ་འོད་ལས་བཙལ་ན་རྙེད་ཐུབ་པ་ནི།
གཡུ་ཐོག་རྙིང་མ།
རྒྱལ་སྲས་སངས་རྒྱས།
མི་ལ་རས་པ།
འབྲོམ་སྟོན་པ།
ས་སྐྱ་པཎྜི་ཏ།
རྗེ་ཙོང་ཁ་བ།
སེམས་ཁ་རླུང་གིས་སྒུལ་ཤུལ་གྱི་མི་ཕོ།
གྱང་རོ་ཉི་མས་རུལ་ཤུལ་གྱི་འོད་ཟེར།
༡༢
འཁོར་བ་ཟུར་དགུའི་ནང་གི་མི་སེམས་རྩེ་དགུ་ཅན་འདི།
ལམ་གྱི་སྣེ་གཉིས་ན་འདུག
ཁྱིམ་གྱི་ཕྱོགས་གཉིས་ན་འདུག
རི་མོའི་ནང་ན་འདུག
ས་རྡུལ་གྱི་རུས་གསེང་ན་འོད་ལམ་ལམ་འདུག
སྟོད་པ་སྟོད་ནས་བཞུགས་ན།
གསེར་ཁྲི་འོད་ཀྱིས་རྒྱན་འདྲ།
སྨད་པ་སྨད་ནས་བསྡད་ན།
མཚོ་ལ་ཟམ་པ་བསྐྲུན་འདྲ།
ལྷ་སའི་དབུ་རྩེ་ནས་མ་རྙེད་པ་དང་མི་རྙེད་པའི་དྲན་པ་དག
ལམ་སྟོད་སྨད་གཉིས་ཀྱི་མཚམས་ན་འདུག
ཆོས་དཀར་ནག་གཉིས་ཀྱི་དཀྱིལ་ན་འདུག
༡༣
མུན་པའི་སྙིང་ཁར་འགྱིང་བའི་ས་གཞི།
ས་གཞིའི་སྲོག་སྙིང་གྲུབ་ས།
ཡུལ་ཅོ་ནེ་ཇོ་བོའི་རྨི་ལམ་འདེབས་ས་ཡིན།
ཆོས་ཀྱི་ཡི་གེ་འཁྲུངས་ས་ཡིན།
ལྷ་ས།
ཅོ་ནེའི་ཚེ་སྨོན་གླིང་གི་མིག་རྒྱང་མཐོང་ས།
ཅོ་ནེ།
ལྷ་སའི་རུས་པ་མཁྲེགས་པོ།
སྟོད་པ་སྨད་ལ་ཡོང་དུས།
ལྷ་ཆོས་ཉི་མར་ལྡེ་ས།
ཨ་ཕོ་སྟོད་ལ་སོང་ན།
རུས་པ་ནམ་མཁར་གཏོར་ས།
མི་རིན་ཆེན་ལུང་པའི་མདའ་ཡི་བདག་པོ།
རྟ་ཡི་བདག་པོ།
ལྕགས་སྒ་ལྕགས་མདའ་རི་ལ་འཕུར་ས།
བྲག་ལ་ཉི་འོད་འདོགས་ས།
རྨི་ལམ།
བཀའ་གཙིགས་གསེང་གི་བྱེ་མ་བཤུད་ཤུལ།
སྣང་བ།
ང་ཡི་ལྕེ་རྩེ་སྟོང་པ།
༡༤
པེ་ཅིང་དང་ཧྲང་ཧའེ་ལ་རྒྱུགས།
ཐོག་ཁང་གི་བདེན་པ་བཙལ།
ཆང་ཁ་ནས་རང་མིང་བོས།
ས་མཐོ་ས་དེ་ཞེ་དམར་སར་བཞག
གནམ་བདེ་སྒོ་མོ་ཆེ་ལ་བལྟས།
ཕ་ཡུལ་གྱི་ཨ་མར་བལྟས།
རི་བོ་རེ་རེའི་རྩེ་མོར་བལྟས།
ཁ་ནང་དུ་བལྟས།
སེམས་གྲང་རེག་གིས་བཅོམ་སའི་ཡུལ་དེར་བལྟས།
མིག་ནང་ན་དཀག་པའི་གཙང་བོ་དེར་བལྟས།
རང་ལ་བལྟས་བལྟས་པའི་མཐའ་མར།
ཨ་ཡིག་གཅིག་གི་ཀླད་པའི་ནང་གི་འོད་ལ་མཇལ།
༡༥
ས་དམར་དགོན་པ་དང་ཉི་མ་བླ་བྲང་།
ཨ་མ་ཟོར་དགུ་དང་སྐུ་ལྷ་དར་མདུང་།
འཇང་ཡུལ་དང་ལྷོ་མོན་དང་འབྲས་ལྗོངས།
ཡུལ་འདི་དག་གི་རྩེ་མོར་གནས་པའི།
ལྷ་སའི་རྩེ་པོ་ཏ་ལ།
བལྟས་ན་ཆེ་ནས་ཆེ་རུ་འགྲོ་བའི་རི་བོ་འདི།
འཐེན་ན་རིང་ནས་རིང་དུ་འགྲོ་བའི་རི་བོ་འདི།
ཉི་འོད་ཀྱི་སྣ་ཐག་འདྲ་ལེ།
ལམ་སྟོད་སྨད་གཉིས་ཀྱི་སྲོག་ཐག་འདྲ་ལེ།
ང་ཡི་སྐ་རགས་འདྲ་ལེ།
ད་ནི།
འཚོ་བ་ཅི་ཙམ་ཡག་ན་སྣང་བ་དེ་ལྟར་འགྱུར་བཞིན་འདུག
གྲངས་ཀ་ཁོ་ན་གསལ་ནས་གསལ་དུའོ།།
༡༦
ཁ་ཕྱི་ནང་བསློགས་པའི་སྐད་ཆ་སྣ་ཚོགས།
གྱང་ཁའི་ཉི་མར་འགྲོག་ནས་སར་ལྷུང་སོང་།
ཡུལ་ས་དམར་དུ་ལྷུང་སོང་།
ལྷ་སར་ལྷུང་སོང་།
ས་དམར་ནས་ལྷ་སར་ལྷུང་སོང་།
ལྷ་ས་ནས་ས་དམར་དུ་ལྷུང་སོང་།
འོད་ལ་མིག་གཡོར།
མུན་པར་ལྕེ་གཡོར།
ལྕགས་ལ་བརྐོས་པའི་ལམ་ཞིག་གི་སྣེ་མོར་འཇུས།
སེམས་པར་འཇུས།
ལྷ་སའི་མིག་ནང་དུ་འཛུལ་ནས་ཡུལ་ལ་ལོག
སྙིང་གི་ཆུ་ཁ་ནས་ཉི་མ་འཆར་དུས།
ངའི་བྲང་གི་སྒྲོག་གུ་ནག་པོ་འདི་ཉི་མས་དགྲོལ་ཐུབ་པར་ཤོག
༡༧
ཡུལ་འདི་ལ་དོན་སྣ་ཚོགས་པ་ཞིག་ཡོད།
ལྷ་ཡི་ཡུལ་དང་ཀླུ་ཡི་ཁྱིམ་དང་གཉན་གྱི་རྫོང་ཡོད།
ཆང་གི་ཕོ་བྲང་ནང་གི་རང་དབང་ཡོད།
མི་ཚོགས་འདུས་ཤུལ་གྱི་སྡུག་བསྔལ་ཡོད།
རི་རྩེའི་ཉི་མ་དང་ལྕེ་རྩེའི་མེ་ཏོག་དང་།
ཨ་ཁུ་སྟོན་པ་ཡོད།
ཁྲུང་ཁྲུང་འཕུར་ཤུལ་གྱི་རླུང་རལ་པོ་ཞིག་ཡོད།
རྡོ་ཡི་སེང་གེ་ཡོད།
སྟོད་ཀྱི་ལམ་ན་གངས་ཀྱི་མིག་མདངས་ཡོད།
སྨད་ཀྱི་ལམ་ན་ལག་མཐིལ་གྱི་ཉི་འོད་ཡོད།
གྲིབ་མའི་ནང་དུ་སྦས་པའི་མེ་བཙའ་ཡོད།
རི་ཚོགས་འཇིག་ཤུལ་གྱི་རྒྱ་མཚོའི་རྩ་བ་ཡོད།
སངས་རྒྱས་ཀྱི་མཚན་ཡོད།
ཆུ་ཡི་རིག་པ་དང་རླུང་གི་ར་བ་ཡོད།
མེ་ཁ་གསོས་ཤུལ་གྱི་ཇ་ཚ་མོ་ཕོར་བ་གང་ཡོད།
ནམ་མཁའ་སྟོང་པ་ཞིག་ཀྱང་ཡོད་དོ།།
ཡུལ་འདི་ལ་མིང་སྣ་ཚོགས་པ་ཞིག་ཡོད།
དྲན་པ་སྣ་ཚོགས་པ་ཞིག་ཡོད།
2024.1.6——1.24ཉིན་གྲུབ།