འུ་གཉིས།
རྩོམ་པ་པོ། རོང་པོ་རང་འཚོལ།
ས་སྒང་སྐམ་པོ་ཞིག་གི་སྒལ་པར་ལྷུང་། །
གཅིག་ངོ་གཅིག་གིས་འཚོ་བའི་དུས་ཚོད་ཀྱི། །
མཚན་གཞུང་རིང་མོ་དེ་ལ་སེམས་ངོ་གཏད། །
ཁྱོད་ལ་རྩྭ་རྐང་འདྲ་བའི་རྨི་ལམ་ཞིག །
ཡོད་པ་གང་ནི་འཁྱོམ་ཞིང་འཁྱོམ་ཞིང་ཡོང་། །
ང་ལ་དྲག་སྐྱེད་བྲལ་བའི་སྙིང་ནད་ཅིག །
གོས་པ་དེའང་རྡོལ་ཞིང་རྡོལ་ཞིང་ཡོང་། །
སོང་ས་བསྡད་ས་བསློགས་ན་སྙིང་རེ་རྗེ། །
འུ་གཉིས་གཏམ་རྒྱུད་དགུན་ཁའི་རླུང་དང་འདྲ། །
གཏམ་སོ་གཏད་སོ་དྲན་ན་དགོད་རེ་བྲོ། །
འུ་གཉིས་ཚེ་བསོད་ལ་ཁའི་དར་ལྕེ་འདྲ། །
འཇིག་རྟེན་ཆུ་བོ་འཕྱོ་འཇགས་གཉིས་སུ་མཆིས། །
འུ་གཉིས་དལ་འབབ་ཆབ་ལ་རླབས་སྒྲ་མེད། །
འཇིག་རྟེན་ཉི་མ་རིང་ཐུང་གཉིས་སུ་མཆིས། །
འུ་གཉིས་བྱང་ལྟའི་བྲག་ལ་ཉི་འོད་བྲལ། །
ས་ལ་བཅུད་མེད་བྱེ་མའི་གྲོང་ཁྱེར་འདྲ། །
དེའང་དགུན་གཞུང་རིང་མོའི་ཁོག་པ་འདྲ། །
འུ་གཉིས་སྐྱ་མོ་ཐང་གི་རྐྱལ་བ་སྟེ། །
སྔོན་མོ་དབྱར་གྱི་ལང་ཚོ་དང་ནས་ཡལ། །
རྩོམ་སྒྲིག་པ། རོང་པོ་རང་འཚོལ། དོ་དམ་པ། རོང་པོ་རང་འཚོལ།