རྨ་དགེ་མོ་ནམ་སྤྱི་སྟེགས་སུ་ཕེབས་པར་དགའ་བསུ་ཞུ།
རིག་གནས་ཀྱི་འགོ་ཁུངས་འཚོལ་བ།
རྩོམ་པ་པོ། ར་ས་བསྟན་འཛིན་ཆོས་གྲགས།
དེང་གི་ཆར་རིག་གནས་ཞེས་པ་དེ་ཚང་མར་གོམས་འདྲིས་སུ་སོང་བའི་ཐ་སྙད་ཅིག་ཡིན་ལ། ཡང་དོན་དངོས་སུ་རིག་གནས་དང་རྒྱང་དུ་བཀྱེད་པའི་དུས་སྐབས་ཤིག་ཀྱང་ཡིན། བརྙན་འཕྲིན་ཁ་འབྱེད་མ་ཐག་རིག་གནས་དང་འབྲེལ་བའི་གནས་དོན་མང་པོ་ཞིག་བརྗོད་ཀྱིན་ཡོད་ལ། ཁྲོམ་སྲང་དུ་བསྐྱོད་སྐབས་མགོ་བོ་ཡར་བཀྱགས་ཙམ་བྱས་ནའང་། འདྲེན་བྱེད་ཀྱི་ཡུལ་དུ་ཟུག་འོང་བ་ནི། རིག་གནས་ཐོན་ཟོག རིག་གནས་དར་སྤེལ་ལྟ་བུའི་སྒོ་བྱང་དང་འབོད་ཚིག་མང་པོ་ཞིག་མཐོང་ཐུབ། དེང་སྐབས་ཁྲོམ་རའི་དཔལ་འབྱོར་གོང་འཕེལ་སོང་བའི་དུས་མཚམས་སུ། དཔལ་འབྱོར་གོང་འཕེལ་གཏོང་སླད་སྲིད་གཞུང་དང་མཉམ་སྡེབ། མི་སྒེར་ཚང་མས་རིག་གནས་ཀྱི་རྒྱལ་མཚན་མཐོན་པོར་སྒྲེང་བཞིན་ཡོད་ལ། དེ་སྔོན་དབེན་པའི་རི་འདབས་སུ་གནས་པའི་དགོན་པ་དག་གིས་ཀྱང་། དགོན་པའི་རིག་གནས་དང་འབྲེལ་བའི་ལོ་རྒྱུས་དང་། སྨན་སྦྱོར། བདུད་རྩི། སྲུང་མདུད་སོགས་ཀྱི་དགེ་མཚན་དག་ཐུན་མིན་གྱི་རིག་གནས་ཤིག་དང་འབྲེལ་ཏེ་ཁྲོམ་རར་ཕྱོགས་བཞིན་ཡོད། དེ་བཞིན་དངོས་པོའི་རིག་གནས་དང་ཅུང་རྒྱང་རིང་དུ་གྲུབ་ཅིང་། བསམ་པའི་འཚོ་བཅུད་དོན་དུ་གཉེར་བར་འདོད་པའི་སློབ་གྲྭ་ཆེན་མོ་དག་གིས་ཀྱང་ལས་གཞི་གང་དང་གང་ཞིག་རིན་ཐང་ཡོད་མེད་དང་། དགེ་རྒན་སུ་དང་སུ་ཞིག་ཕུལ་བྱུང་ཡིན་མིན་དེའང་། དེའི་ལས་གཞི་དེ་ཡིས་དཔལ་འབྱོར་གྱི་ཁེ་ཕན་ཇི་ཙམ་གཉེར་ཐུབ་མིན་ལ་བརྩི་བཞིན་ཡོད། དེ་ལྟར་དངོས་པོ་ཐམས་ཅད་ལ་རིག་གནས་ཀྱི་ཐོག་ནས་མིང་འདོགས་རེ་མ་བགྱིས་ཚེ། དེར་རིན་ཐང་མེད་པ་དང་རིག་གནས་དང་བྲལ་བ་ལྟ་བུའི་མཐོང་སྣང་ཡང་འབྱུང་གིན་ཡོད་པས། ཇའི་རིག་གནས། སློབ་རའི་རིག་གནས། ཟས་སྦྱོར་གྱི་རིག་གནས། ཡུལ་སྐོར་རིག་གནས་སོགས་རིག་གནས་དང་འབྲེལ་བའི་ལས་རིགས་མང་པོ་ཐོན་བཞིན་ཡོད། དེ་བཞིན་རང་རེ་བོད་ཀྱི་རིག་གནས་ལའང་ཆེ་ཆུང་ལྔ་ཞེས་རང་ལ་གྲགས་ཤིང་། གཞན་ལའང་ངོམ་དུ་རི་བ་ཞིག་ཀྱང་ཡོད། དེ་ལྟའི་རིག་གནས་ནི་མིའི་རིགས་ཀྱི་རིག་གནས་ཆུ་ཚད་ཧ་ཅང་མཐོ་པོར་གནས་པའི་སྐབས་ཀྱི་རིག་གནས་དང་། རིག་གནས་ཀྱི་རིགས་དབྱེ་བྱ་ཚུལ་ཞིག་ཡིན་པས། མིའི་རིགས་ཀྱི་ཆེས་ཐོག་མའི་རིག་གནས་ནི་དེ་དག་རྩ་བ་ནས་ཡིན་མི་སྲིད། འོ་ན་དོན་དུ་རིག་གནས་ཞེས་པ་དེ་ཇི་ལྟར་བྱུང་བ་རེད་དམ། ཕྱིས་སུ་ཇི་ལྟར་འཕེལ་བ་རེད་དམ། དེའི་གོང་འཕེལ་གྱི་ཁ་ཕྱོགས་ཇི་འདྲ་ཞིག་ཡིན་མིན་སོགས། རིག་གནས་ཁོ་རང་ལ་སླར་ཡང་ཕྱིར་རྟོག་གམ། རིག་གནས་ཁོ་རང་གིས་ཁོ་རང་ལ་མཛུབ་མོ་ནང་བཀུག་གི་ཐོག་ནས་བསམ་གཞིག་བྱས་པ་ནི་དེང་གི་རིག་གཞུང་གི་དབྱེ་ཞིབ་བྱ་ཐབས་ཤིག་ལས། དེ་སྔོན་རང་རེར་ཕལ་ཆེར་མེད་ཚོད་རེད། དེས་ན། སྐབས་དེར་བདག་གིས་དེ་སྔོན་སྒྱུར་སྒྲིག་བྱས་པའི་《རིག་གནས་རིག་པ་སྤྱི་བཤད་》ཀྱི་ནང་དོན་དག་གཞིར་བཟུང་ཞིང་ས་བཅད་བཀར་བ་དང་། ནང་དོན་ལ་སྣོན་འཕྲིའི་ཐོག་ནས། རིག་གནས་ཀྱི་བྱུང་བ་དང་། དེའི་འཕེལ་རིམ། དེའི་འཕེལ་ཕྱོགས་བཅས་རིམ་པར་བཀྲལ་བར་བྱེད་པ་ལ།
དང་པོ། རིག་གནས་ཀྱི་བྱུང་བའི་སྐོར།
༡ རིག་གནས། ད་དུང་མི་དང་དུད་འགྲོ།
མིའི་རིགས་ནི་རིག་གནས་ཀྱི་འཁོར་རྒྱའི་ཁྲོད་དུ་འཚོ་བཞེས་བྱེད་མཁན་ཞིག་ཡིན་ལ། མིའི་རིགས་ཡོད་པས། ད་གཟོད་རིག་གནས་བྱ་བའང་གྲུབ། དེས་ན། རིག་གནས་ཀྱི་བྱུང་བ་དང་མིའི་རིགས་གཉིས་གྲུབ་མཉམ་ཡིན། དེའི་ཐད་མིའི་རིགས་རིག་པ་བའི་མཁས་དབང་རུ་ཐུ་བྱ་བ་དང་། ཁོང་གི་རྗེས་འབྲངས་པ་ཚོས་རྡོ་ཆས་དུས་རབས་རྙིང་མའི་རྡོ་ཆས་གསར་རྙེད་བྱུང་བས། མིའི་རིགས་རིག་པ་བ་ཚོས་ཀྱང་དེར་འཐད་མོས་གནང་། འོན་ཏེ་མི་འགའ་རེས། མིའི་རིགས་དེས་དེ་སྔོན་རིག་གནས་མེད་པའི་དུས་རབས་ཤིག་བརྒྱུད་མྱོང་ཡོད་པར་བཞེད། དུས་སྐབས་དེར་མི་དང་དུད་འགྲོའི་རིགས་ཁྱད་པར་ཅི་ཡང་མེད་པར་ཡང་འདོད་མཁན་ཡང་ཡོད། འོན་ཏེ་དེ་ནི་ནོར་འཁྲུལ་གྱི་ལྟ་བ་ཞིག་ཡིན་པ་འདྲ་ཞིང་། མིའི་རིགས་ནི་རིག་གནས་དང་ལྡན་པའི་སྲོག་ཆགས་ཤིག་ཡིན་པས། མིའི་རིགས་ཡིན་ཚེ་རིག་གནས་གསར་གཏོད་བྱེད་པའི་ནུས་པ་མངའ། ཆེས་གདོད་མའི་མིའི་རིགས་ཀྱི་རིག་གནས་ནི་དེང་སྐབས་བཞིན་ཧ་ཅང་སྔོན་ཐོན་ཞིག་མིན་མོད། དེ་རིག་གནས་མིན་ཞེས་སུས་བརྗོད་སྤོབས། མིའི་རིགས་ཀྱི་ཆེས་གདོད་མའི་རིག་གནས་ནི་ཆེས་སྟབས་བདེ་དང་། ཆེས་ཐབས་རྡུགས་ཤིག་ཡིན་ངེས་མོད། དེའང་རིག་གནས་ཤིག་ཡིན། ཐོག་བརྩེགས་ཁང་ཆེན་དང་གནམ་གྲུ། མཚན་ཉིད་རིག་པ་སོགས་ནི་རིག་གནས་ཡིན་ལ། རྩྭ་ཁང་དང་ཀོ་གྲུ། ཐག་མདུད་ལ་བརྟེན་ཏེ་ཉིན་ཞག་བགྲང་བ་དེའང་རིག་གནས་ཡིན། རྒྱུ་མཚན་དེ་འདྲ་ཞིག་གི་དབང་གིས། རིག་གནས་ཅི་ཡང་མེད་པའི་མིའི་རིགས་ཀྱི་དུས་རབས་ཟེར་བ་དེ་ནི་བབ་ཅོལ་གྱི་གཏམ་ཙམ་དུ་ཟད། རྒྱའི་མཁས་པ་ལུའུ་ཞུན་ཞུ་བས་སྙན་ངག་གི་འབྱུང་ཁུངས་ཐོག་མ་དེ་འཆད་སྐབས། མི་རྣམས་གདུང་མ་འདེགས་པའི་སྐབས་སུ་ཁ་ནས་ཧ་ཡོ་ཧ་ཡོ་ཟེར་བ་དེའང་སྙན་ངག་གི་ཐོག་མར་བགྲང་གིན་ཡོད་ན། མིའི་རྩོལ་བ་ལས་བྱུང་བ་མཐའ་དག་རིག་གནས་ཡིན་པས། རྩོལ་བ་མེད་པའི་མི་ཞིག་མ་བྱུང་བར་དུ་རིག་གནས་ཞེས་པ་དེའང་གནས་ངེས་པ་ལ་སུ་ཡིས་བསྙོན།
ལོ་རྒྱུས་ཐོག་རིག་གནས་ཅི་ཡང་མེད་པའི་མིའི་རིགས་ཤིག་འཚོལ་ཐབས་མེད་ལ། དེང་དུས་འཚོ་ཞིང་བཞེས་པའི་མིའི་རིགས་ནང་དུའང་། རིགས་རྒྱུད་ཇི་ཙམ་དམན་པའམ་དམུ་རྒོད་ཀྱི་གནས་སྐབས་སུ་ལུས་པའི་མི་རིགས་ཟེར་ནའང་། རིག་གནས་ཅི་ཡང་མེད་པ་ཞིག་འཚོལ་ཐབས་གཏན་ནས་མེད། ཉེ་རབས་ཀྱི་མཁས་དབང་འགའ་དང་། ལྷག་པར་འཇར་མན་གྱི་མཁས་དབང་དག་གིས་“རང་བྱུང་གི་མི་”དང་“རིག་གནས་ཀྱི་མི་”ཞེས་གཉིས་སུ་དགར་གྱི་ཡོད། ( སྐབས་དེའི་རང་བྱུང་གི་མི་ཞེས་པ་ནི། རང་རེའི་བོད་ཀྱི་བརྡའི་གོ་བ་ལྟར་རྒྱུ་མེད་རྐྱེན་མེད་ངང་བྱུང་བ་ཞིག་ལ་གོ་བ་མ་ཡིན་པར། ཐ་སྙད་དེ་ནི་རྒྱུན་དུ་སྤྱི་ཚོགས་ཞེས་པ་དང་ལྟོས་བཅས་སུ་ཐོན་གྱིན་ཡོད་པས། སྤྱི་ཚོགས་མ་གྲུབ་པའི་སྐབས་སམ་སྤྱི་ཚོགས་ཅན་དུ་མ་བྱས་པའི་མི་ལ་བརྗོད་པ་ཡིན། )འཇར་མན་གྱི་མཁས་དབང་ཁང་ཏེ་ཞུ་བས་བརྩམས་གནང་མཛད་པའི་《རང་བྱུང་གི་མི་དང་རིག་གནས་ཀྱི་མི་》ཞེས་པའི་གསུང་རྩོམ་ཞིག་ཡོད། དེར་ཧོལ་གྱིས་བལྟས་ན། རང་བྱུང་གི་མི་ནི་རིག་གནས་མེད་པའི་མིར་གོ་བ་དང་། རིག་གནས་ཀྱི་མི་ནི་རིག་གནས་དང་ལྡན་པའི་མིར་གོ་བ་ལྟ་བུ་ཡོད་མོད། ཞིབ་ཀྱིས་བཀླགས་ན། རང་བྱུང་གི་མི་ནི་རིག་གནས་ཀྱི་ཆུ་ཚད་ཞན་པའི་མིར་གོ་བ་ལས། རིག་གནས་ཅི་ཡང་མེད་པའི་བླུན་འཐོམ་མེར་རམ་ས་རྡོ་བཞིན་ནག་གེར་གྲག་མེད་འགུལ་མེད་དུ་གནས་པ་ཞིག་ལ་མི་གོ དེས་ན། དཔལ་ཡོན་ལྡན་པའི་མིར་རིག་གནས་ཡོད་ལ། ཆེས་སྔོན་མའི་མི་ལའང་རིག་གནས་ཡོད་པ་ཡིན། དོན་དུ་མིའི་རིགས་དེ་མིའི་རིགས་སུ་གྲུབ་དོན་ཡང་། ཁོ་ཚོར་རིག་གནས་ཡོད་པའི་དབང་གིས་ཡིན། མིའི་རིགས་ཀྱིས་རིག་གནས་གཏོད་ཐུབ་པས། ཁོ་ཚོ་ནི་མིའི་རིགས་ཡིན་ངེས་རེད། གལ་ཏེ་ཁོ་ཚོ་མིའི་རིགས་མིན་ན། ཁོ་ཚོས་རིག་གནས་གསར་གཏོད་མི་ཐུབ་ཐག་གཅོད་ཡིན། རིགས་འདེད་དེ་འདྲ་ཞིག་བྱས་ན། མིའི་རིགས་དེ་སྲོག་ཆགས་གཞན་དང་ཁྱད་པར་འབྱེད་དོན་ཡང་། མིའི་རིགས་ལ་རིག་གནས་ཡོད་པ་དང་། མི་ལས་གཞན་པའི་སྲོག་ཆགས་གཞན་ལ་རིག་གནས་མེད་པའི་ཁྱད་པར་གྱིས་འབྱེད་པ་ཡིན་ནོ།
དེ་ལྟར་མི་དང་སྲོག་ཆགས་གཞན་དབར་ཁྱད་པར་འབྱེད་ན། རྩོད་པ་ལ་དགའ་བའི་མི་འགའ་ཞིག་གིས་མ་ཁྱབ་མ་ངེས་ཞེས་ཐེ་ཚོམ་དང་དོགས་འདྲི་མང་པོ་ཞིག་འདོན་ངེས་ཡིན། གང་ལགས་ཤེ་ན། ཁོང་ཚོས་ནེ་ཙོ་ལྟ་བུ་དཔེ་རུ་བཞག་སྟེ། ནེ་ཙོས་མི་སྐད་ཀྱི་ལད་མོ་བྱེད་ཤེས་པ་དང་། བྱས་སྒྲ་གདངས་བཅུ་གཉིས་འདོན་ཤེས་པ། ཁྱིས་སྒྲ་གདངས་བཅོ་ལྔ་འདོན་ཤེས་པ། སྤྲེའུས་སྒྲ་གདངས་བཅུ་གཉིས་འདོན་ཤེས་པ་སོགས་དཔེ་མང་དུ་བཞག་ངེས། ད་དུང་སྒྲ་གདངས་དེ་དག་སྤྱིར་ཤེས་སྟབས་བདེ་ཡིན་ཞིང་། མིའི་རིགས་ཀྱི་སྐད་ཆ་དང་བསྡུར་ན། མཆོག་དམན་གྱི་ཁྱད་པར་ཙམ་ལས་རིགས་ཀྱི་ཐོག་ནས་ཁྱད་པར་དེ་ཙམ་མེད། ཁོ་ཚོའི་འདོད་པར་ད་དུང་མི་སྤྱིར་བཏང་བ་ཞིག་ལ་སློབ་གསོ་ཐོབ་མྱོང་མེད་ན། སྐད་ཆ་ཡིག་འབྲུ་སུམ་བརྒྱ་མ་གཏོགས་མི་ཤེས་ཟེར། སྨྲ་བརྗོད་ནི་རིག་གནས་ཀྱི་འགུལ་ཤུགས་དང་། རིག་གནས་ཀྱི་ཁྱད་རྟགས་ཤིག་ཡིན་པས། དུད་འགྲོར་ཡང་སྨྲ་བརྗོད་ཀྱི་སྐབས་ཡོད་པས། རིག་གནས་མེད་ཅེས་བརྗོད་ན་ག་ལ་འགྲིག དེས་ན། མི་དང་དུད་འགྲོའི་ཁྱད་པར་དེ་རིག་གནས་ཡོད་མེད་ཀྱི་ཐོག་ནས་བཞག་ན་མི་འགྲིག་ཅེས་ཡང་ཡང་བརྗོད་པར་བྱེད། ཡང་མི་འགའ་རེས་ནི། སྨྲ་བརྗོད་དེ་མི་ཁོ་ནར་ཡོད་པ་ཞིག་མིན་པ་མ་ཟད། རིག་གནས་ཀྱི་ཕྱོགས་གཞན་གྱི་ཐད་ནས་བལྟས་ནའང་། མི་ལས་གཞན་པའི་སྲོག་ཆགས་གཞན་ལའང་རིག་གནས་ཡོད་ཅེས་ཟེར། དཔེར་ན། བྱས་ཚང་བཟོ་བ་དང་། སྤྲ་མིས་རྒྱུག་པས་ལམ་བཤངས་པ། རྡོས་ཚིག་གུ་བཅག་པ་ལ་སོགས་པ། རྟའི་རྨིག་པས་རྩིས་རྒྱག་ཤེས་པ། ད་དུང་སྤྱིར་མཐོ་རིམ་གྱི་སྲོག་ཆགས་ཤིག་ཡིན་ཚེ། ཁྱིམ་ཚང་གི་སྒྲིག་གཞི་དང་སྤྱི་ཚོགས་ཀྱི་བྱེད་སྒོ་ཡོད། དེས་ན། སྲོག་ཆགས་གཞན་ལའང་རིག་གནས་གསར་གཏོད་བྱེད་པའི་ནུས་པ་ཡོད་པས། ཁོང་ཚོའི་སྡོམ་ཚིག་ནི། མིའི་རིགས་ལ་རིག་གནས་ཡོད་པ་མ་ཟད། དུད་འགྲོའི་རིགས་ལའང་རིག་གནས་ཡོད་པར་གྲགས།
མཁས་དབང་ཧ་ཐ་དང་པན་ཐ་ཛེར་གཉིས་ཀྱིས་《ཨ་རིའི་སྤྱི་ཚོགས་རིག་པའི་དུས་དེབ་》ཅེས་པའི་ནང་དུ་《མཐོ་རིམ་ལ་སྲོག་ཆགས་ལ་རིག་གནས་ཡོད་དམ་》ཞེས་པའི་དཔྱད་རྩོམ་ཞིག་སྤེལ། ཁོང་རྣམས་ཚོའི་དགོངས་ཚུལ་ལ། རིག་གནས་ནི་སྤྱི་ཚོགས་ཁྲོད་ནས་སྦྱངས་ཤིང་བརྒྱུད་སྤེལ་བྱེད་པའི་བྱ་བ་ཞིག་ལས་མ་འདས་པར་འདོད། བྱས་ཚང་བཟོ་བ་དང་འཕུར་ཐུབ་པ་ནི་སྤྱི་ཚོགས་ཁྲོད་ནས་སྦྱངས་ཤིང་ཕྱི་རབས་པར་བརྒྱུད་སྤེལ་བྱས་པས། བྱ་ལའང་རིག་གནས་ཡོད་པར་འདོད། དེ་བཞིན་བྱ་ལ་རིག་གནས་ཡོད་པ་ཙམ་མ་ཟད། སྲོག་ཆགས་གཞན་ལའང་རིག་གནས་ཡོད། ཡང་མཁས་དབང་མོ་ལེ་ལད་ཨར་མཆོག་གི་གསུང་རྩོམ་《རིག་གནས་ཀྱི་སྣང་ཚུལ་དང་དེའི་འཕེལ་ཕྱོགས་》ཞེས་པའི་ནང་དུའང་། མིའི་རིགས་ཆེས་གདོད་མའི་དུས་སུ་ཤིང་ལ་འཛེགས་མཁན་གྱི་སྲོག་ཆགས་ཤིག་ཡིན་པར་འདོད་ཅིང་། དུས་སྐབས་དེར་རིག་གནས་མེད་པར་འདོད། ཁོང་གིས་མིའི་རིགས་དེ་རིགས་ལ། རིག་གནས་མེད་པའི་མིའི་རིགས་ཀྱི་མེས་པོ་ཞེས་ཟེར་གྱི་ཡོད་པར་འདོད། འོན་ཏེ། ཤིང་ལ་འཛེགས་མཁན་གྱི་སྲོག་ཆགས་སམ་མིའི་རིགས་ཀྱི་མེས་པོ་དེར་མིའི་རིགས་ཟེར་གྱིན་ཡོད་མེད་ཀྱང་ཐེ་ཚོམ་ཅན་གྱི་གནས་དོན་ཞིག་རེད། དཔེར་ན། ང་ཚོས་སྒོ་ང་ལས་བྱ་བྱུང་བའམ། བྱ་ལས་སྒོ་ང་བྱུང་བ་ཅི་ལྟར་རུང་། སྒོ་ངའི་གནས་སྐབས་སུ་སྒོ་ང་དང་། བྱའི་གནས་སྐབས་སུ་བྱ་ཞེས་ཟེར་ཞིང་། དེ་གཉིས་རྒྱུ་འབྲས་ཀྱི་འབྲེལ་བར་གྲུབ་པས། གཞི་གཅིག་ལ་ལྟོས་ཏེ་རྒྱུ་འབྲས་གཉིས་འགལ་བ་ཡིན་པས། དེ་གཉིས་གཅིག་ཏུ་བལྟ་བ་ནི་ནམ་ཡང་མི་སྲིད་པ་ལྟར་རེད།
མཁས་དབང་ཡ་ཅི་སི་ཞུ་བའི་གསུང་རྩོམ་《མིའི་རིགས་དང་ཉེ་བ་》《སྤྲ་མིའི་རིག་པ་དང་དེའི་སྐད་ཆའི་མཚོན་སྟངས་》ཞེས་པ་གཉིས་ཀྱི་ནང་དུ། སྤྲ་མིའི་རིག་གནས་དང་། ལྷག་པར་སྤྲ་མིར་གཞི་རྩའི་སྨྲ་བརྗོད་ཀྱི་ནུས་པ་ཡོད་མེད་སྐོར་ལ་ཞིབ་འཇུག་དང་གྲོས་མོལ་ཞིབ་རྒྱས་གནང་མྱོང་ཞིང་། ཁོང་གི་ལྟ་བ་ནི་སྤྲ་རིགས་ལ་རྣམ་འགྱུར་མཚོན་པའི་འབོད་སྒྲ་སྒྲོག་པའི་ནུས་པ་ཙམ་ལས་དོན་དག་སྟོན་པའི་སྐད་ཆ་མེད་པར་འདོད། སྐད་ཆ་ནི་རིག་གནས་ཀྱི་གྲུབ་རྒྱུ་དང་ཁྱད་རྟགས་ཤིག་ཡིན་པས། སྤྲ་རིགས་ལ་སྐད་ཆ་མེད་པས། རིག་གནས་ཀྱང་མེད་པར་བཞེད།
ཡང་མཁས་དབང་ཁ་ལེ་མཆོག་གི་《སྤྲ་རིགས་ཀྱི་རིག་པ་》ཞེས་པའི་ནང་དུའང་སྤྲ་མིའི་རིག་པའི་སྐོར་ལ་དཔྱད་པ་གནང་མྱོང་ཞིང་། སྤྱིར་དེ་དག་གི་རིག་པ་དང་མིའི་རིག་པ་འདྲ་མཚུངས་ཡོད་ཅིང་། གལ་ཏེ་གནས་དོན་ཞིག་ཐག་གཅོད་བྱེད་པའི་ནུས་པ་འགངས་ཆེན་འཛོམས་ན། སྤྲ་མིས་ཀྱང་སྤྱང་གྲུང་དོད་པོའི་སྒོ་ནས་གནད་དོན་ཧ་ཅང་དཀའ་ཚེགས་ཆེན་པོ་དེ་དག་ཀྱང་བསྒྲུབ་ནུས་པ་ཡིན། དེ་ལྟ་བུའི་སེམས་ཁམས་ཀྱི་ནུས་པ་དང་མིའི་སེམས་ཁམས་ཀྱི་ནུས་པ་ཆ་འདྲ་བ་ཡོད་པ་ནི་ང་ཚོས་རྟོགས་སླ། འོན་ཏེ། ཡང་ཁོང་གིས་གསུངས་དོན། སྲོག་ཆགས་དེ་རིགས་ཀྱི་དྲན་ཤེས་ནི་ཧ་ཅང་སྐྱོ་པོ་ཡིན་ཞིང་། དེ་དག་གིས་ད་ལྟ་དང་མིག་མདུན་གྱི་ཁོར་ཡུག་ཁྲོད་དུ་འཚོ་བ་རྐྱང་པ་མ་གཏོགས་ཤེས་ཐབས་མེད། དེས་ན། ཁོང་གི་དགོངས་པ་ལྟར་ན། གནས་དོན་ལ་སྔ་རྟོག་ཕྱིར་དྲན་བྱེད་མི་ཐུབ་ཅིང་། སྐད་ཆས་དབེན་པའི་དབང་གིས་སྤྲ་རིགས་དེ་དག་གིས་རིག་གནས་སྤེལ་མི་ཐུབ་པའི་རྒྱུ་རྐྱེན་གཙོ་བོ་ཡིན་པར་འདོད། རང་རེས་ཀྱང་མིག་མདུན་གྱི་ཁ་གསོ་རྒྱབ་དྲོད་ཙམ་དོན་དུ་གཉེར་མཁན་དག་ལ་མི་ཙམ་བུ་བ་ཞེས་བརྗོད་པ་ལྟར། མི་མཚན་ཉིད་པས་ནི་ད་ལྟ་བ་ཙམ་གྱི་གནས་སྐབས་ལས་གྲོལ་ཏེ། འདས་པ་ལ་བསམ་གཞིག་དང་མ་འོངས་པ་ལ་རྒྱང་གཟིགས་བྱས་ཏེ། འདས་མ་ད་ཀུན་གསུམ་གྱི་འདུ་ཤེས་ཡོད་དགོས་པར་འདོད་པ་ཡིན། མདོར་ན། མི་ལས་གཞན་པའི་དུད་འགྲོའི་རིགས་ལ་རིག་གནས་མེད། སྐད་ཆའི་ཐོག་ནས་འཆད་ན། མཁས་དབང་ཡ་ཅི་སིས་གསུངས་པ་བཞིན་རྣམ་འགྱུར་མཚོན་པའི་འབོད་སྒྲ་སྒྲོག་པ་ལས། དོན་དག་མཚོན་པའི་སྐད་ཆ་སྨྲ་ནུས་ཀྱི་མེད། མིའི་རིགས་ཀྱི་སྐད་ཆ་འཕེལ་རྒྱས་ཡོང་དོན་ནི་མཉམ་འདུས་བྱས་པ་ལས་བྱུང་བ་ཞིག་ཡིན། དེས་ན། མཉམ་འདུས་བྱེད་པ་ནི་སྐད་ཆ་འཕེལ་རྒྱས་འགྲོ་བའི་ཆ་རྐྱེན་གལ་ཆེན་ཞིག་ཡིན། གང་ལགས་ཤེ་ན། ཚོགས་པ་ལས་བྲལ་ཏེ་གཅིག་པུར་གནས་ན་སྐད་ཆ་གྲུབ་ཐབས་བྲལ། དུད་འགྲོར་ཡང་མཉམ་འདུས་མེད་པ་མིན་ཡང་། དུད་འགྲོས་འབྱིན་པའི་སྒྲ་དེ་དག་དོན་དག་ཡོད་པ་ཞིག་ཏུ་འགྱུར་མི་ནུས་ལ། མིའི་རིགས་དང་འདྲ་བར་མཉམ་འདུས་ཀྱི་རྣམ་འགྱུར་མཚོན་པའི་སྒྲ་དེ་དག་རྙོག་འཛིང་དོད་པའི་སྐད་ཆར་དེ་བས་གཏོང་ཐབས་མེད། དེའི་དབང་གིས་སྐད་ཆ་ནི་དུད་འགྲོར་མངའ་བའི་ཁྱད་ཆོས་ཤིག་མིན་པའང་རྟོགས་སླ། ནེ་ཙོས་མིའི་ལད་མོ་བྱས་ཏེ་དོན་དག་ཡོད་པའི་སྐད་ཆ་རེ་གཉིས་བརྗོད་ཤེས་རུང་། ཁོ་ཚོས་ལད་མོ་བྱས་པའི་སྐད་ཆ་དེའི་གོ་དོན་གང་ཞིག་ཡིན་མིན་ཤེས་ཀྱི་ཡོད་མེད་ནི་ཐེ་ཚོམ་ཅན་གྱི་གནས་དོན་ཞིག་རེད། གལ་ཏེ་དེའི་གོ་དོན་ནེ་ཙོས་ཤེས་པའི་དབང་དུ་བཏང་ནའང་། དེ་ནི་མི་ལ་ལད་མོ་བྱས་པ་ལས་རང་ཉིད་ཀྱི་གསར་གཏོད་ལ་བརྟེན་པ་མ་ཡིན། ཡང་དེ་དག་གིས་ལད་མོ་བྱས་པ་དེ་ཆེས་སྟབས་བདེའི་སྐད་ཆ་ཡིན་པ་ལས། རྙོག་འཛིང་དོད་པའི་སྐད་ཆ་མ་ཡིན། དེ་ཙམ་མ་ཟད། དེ་ཚོས་མི་ལ་ལད་མོ་བྱས་པ་ལས་བྱུང་བ་དག་རང་གི་ཕྲུ་གུ་སོགས་ལ་བརྒྱུད་སྤེལ་བྱ་མི་ཐུབ། དུད་འགྲོས་ནི་མིའི་རིགས་ཀྱི་ཁྲོད་ནས་སྐད་ཆ་དམ་དུམ་རེ་གཉིས་ཤེས་པ་ལས། དུད་འགྲོས་དུད་འགྲོ་ལ་བརྟེན་ཏེ་སྐད་ཆ་དེ་དག་སྦྱངས་མི་ཐུབ། མཁས་དབང་ཧ་ཏེ་མཆོག་གིས་གསུངས་པ་ལྟར། “སྐད་ཆ་ནི་མིའི་རིགས་གཅིག་པུར་དབང་བ་མ་ཟད། མིའི་རིགས་ཀྱི་ཁེ་དབང་ཡིན། མིའི་རིགས་གཅིག་པུར་ད་གཟོད་སྐད་ཆ་ཡོད།” བོད་པ་དག་གིས་མིའི་མཚན་ཉིད་རྩོད་སྐབས། སྨྲ་ཤེས་དོན་གོ་བ་མིའི་མཚན་ཉིད་དུ་མི་འགྲོ་བའི་རྣམ་གཞག་མང་དུ་འཆད་ཅིང་། མཚན་གཞིའང་ནེ་ཙོས་སྨྲ་ཤེས་པས་མི་མ་ཡིན་པ་དང་། ཕྲུ་གུ་ཆུང་ཆུང་དག་གིས་དོན་མི་གོ་བའི་ཕྱིར་མི་མིན་པར་མ་འགྱུར་བའི་རྣམ་གཞག་མང་པོ་འཆད་པར་བྱེད་ཅིང་། མཐར་གདགས་གཞི་ཕུང་པོ་བཞིའམ་ལྔའི་ཚོགས་པ་གང་རུང་ལ་བཏགས་པ་ཞིག་མིའི་མཚན་ཉིད་དུ་བཞག་གི་ཡོད། དེ་ལ་ཧོལ་གྱིས་བསམ་ན། གནས་ལུགས་ཡོད་པ་ལྟར་དུ་མཐོང་ནའང་། གདགས་བཞི་ཕུང་པོ་བཞིའམ་ལྔའི་ཚོགས་པ་གང་རུང་ལ་བཏགས་པ་དེར་མི་ཞེས་བརྗོད་པ་ནི་མིའི་སྐྱེ་ཁམས་ཀྱི་སྣང་ཚུལ་ལ་བརྟེན་ཏེ་བཏགས་པ་ཞིག་ཡིན་པ་དང་། སྨྲ་ཤེས་ཤིང་དོན་གོ་བ་དེ་མིའི་མཚན་ཉིད་དུ་བརྗོད་པ་ནི་རིག་གནས་ཀྱི་སྣང་ཚུལ་གྱི་ཆ་ནས་མི་ལ་མཚན་ཉིད་བཞག་པ་ཡིན་སྟབས། སྐྱེ་ཁམས་ཀྱི་སྣང་ཚུལ་ལས་ཚད་གཞི་མཐོ་བའི་མཚན་ཉིད་ཅིག་ཡིན། དེ་ཡང་ཡིན་ཏེ། མིའི་སྐྱེ་ཁམས་ཀྱི་སྣང་ཚུལ་ནི་མི་སྐྱེས་པ་ཉིད་ནས་ཀུན་ལ་ཐུན་མོང་དུ་ཡོད་པ་ཡིན་མོད། མིའི་རིག་གནས་ཀྱི་སྣང་ཚུལ་ནི་ཀུན་ལ་སྐྱེས་པ་ཉིད་ནས་ཡོད་པའི་ངེས་པ་ག་ལ་ཡོད་དེ། དེང་སྐབས་སུ་མིའི་རིགས་དང་ཁ་བྲལ་ཏེ་སྤྱང་ཚོགས་ཀྱིས་བསྐྱངས་པའི་མིའི་ཕྲུ་གུ་དེ་དག་ལ་སྐད་ཆ་ཤོད་པའི་ནུས་པ་མེད་པ་ལྟར་རོ། དེ་བཞིན་མི་ཡིན་པ་གང་རུང་རུང་གིས་སྨྲ་ཐུབ་ནའང་སྨྲ་ཤེས་པའི་ངེས་པ་མེད་དེ། “ཐུབ་”དང་“ཤེས་”པའི་བར་ལ་ཁྱད་པར་ཆེན་པོ་ཡོད་པའི་ཕྱིར། སྨྲ་ཐུབ་ན་སྨྲ་ཤེས་པའི་ངེས་པ་ག་ལ་ཡོད། སྨྲ་ཤེས་པ་ནི་དོན་ལ་རྟོག་ཅིང་དཔྱོད་པའི་རྒྱུ་ལས་བྱུང་བ་རེད་ལ། ཕྲུ་གུས་ནི་སྨྲ་ཐུབ་རུང་སྨྲ་ཤེས་པའི་ངེས་པ་མེད་པའང་ཞོར་ལ་རྟོགས་སླ། དེ་བཞིན་དོན་གོ་བ་དེའང་རྣམ་དཔྱོད་ཀྱི་རྩལ་ལས་རྟོག་ཅིང་དཔྱོད་པའི་རྒྱུ་ལས་བྱུང་ཞིང་། རྟོག་ཅིང་དཔྱོད་པའི་རྒྱུ་ནི་ཕྱིས་སུ་ཤེས་རབ་སྦྱངས་ཤིང་གོམས་པའི་དབང་གིས་བྱུང་བ་ལས། རང་བཞིན་གྱིས་བྱུང་བ་ཞིག་གཏན་ནས་ཡིན། སྨྲ་ཐུབ་པ་ཙམ་ནི་སྐད་ཆ་མིན་ཞེས་བརྗོད་དཀའ་རུང་། སྐད་ཆ་མཚན་ཉིད་པ་ཞིག་མིན་ཏེ། ང་ཚོས་རྒྱུན་དུ་སྐད་ཆར་རྒྱུ་མཚན་མེད་ཅིང་། གཏན་ཚིགས་དང་བྲལ་བ་དག་ལ་ནི། སྐད་ཆ་ཤོད་མི་ཤེས་པའི་བྱིས་པའི་ལབ་རྡོལ་ཙམ་མོ་ཞེས་རླུང་ལྟར་གྲགས་ལྟར་རོ། དེས་ན། སྐད་ཆ་ནི་མིའི་རིགས་ཀྱི་ཐུན་མོང་མ་ཡིན་པའི་མཚོན་རྟགས་ཤིག་ཡིན་པ་གསལ་པོ་རེད། དོན་དུ་གནས་ལུགས་དེ་མི་ལོ་ཉིས་སྟོང་ཡར་སྔོན་ནས་མཁས་དབང་ཨ་རུ་སི་ཏོ་ཏལ་གྱིས་མཁྱེན་གྱི་ཡོད་པ་རེད། ཁོང་གི་《ཆབ་སྲིད་རིག་པ་》ཞེས་པའི་ནང་དུ། སྐད་ཆ་ནི་མིའི་རིགས་གཅིག་པུར་དབང་ཞེས་གསུངས། མཁས་དབང་ཨེའར་ཝུ་ཏེའི་《རིག་གནས་ཀྱི་འཕེལ་རྒྱས་》ཞེས་པའི་ནང་དུ། སྐད་ཆ་དང་མིའི་རིགས་གྲུབ་མཉམ་ཡིན། མིའི་རིགས་ཡོད་པས། ད་གཟོད་སྐད་ཆ་ཡོད་པར་གྱུར་པ་ཡིན། འབྲེལ་འདྲིས་བྱེད་ཐབས་ཆེས་ལེགས་ཤོས་ནི། ཧ་གོ་དོན་རྟོགས་ནུས་པའི་སྐད་ཆ་དེ་ཡིན། རིག་གནས་འཕེལ་རྒྱས་ཟེར་བའང་གཙོ་བོ་ངག་རྒྱུན་ལ་བརྟེན་དགོས། སྐད་ཆ་ནི་མིའི་རིགས་ཀྱི་ཐུན་མིན་གྱི་ཁྱད་ཆོས་ཤིག་ཡིན་ཞིང་། རིག་གནས་ཀྱི་ཕྱོགས་གཞན་པའང་མིའི་རིགས་ཀྱི་ཐུན་མིན་གྱི་ཁྱད་ཆོས་ཤིག་རེད། རིག་གནས་ཚང་མ་ནི་མིའི་རིགས་ཀྱི་རྩོལ་བ་ལས་བྱུང་བ་ཞིག་ཡིན་པ་ལས། དུད་འགྲོས་གསར་དུ་གཏོད་ནུས་པ་ཞིག་མིན། ལྟ་བ་དེར་ཉེ་རབས་མིའི་རིགས་རིག་པ་ཚོས་ཁས་ལེན་གནང་གི་ཡོད། འོ་ན། མིའི་རིགས་ལ་མ་གཏོགས་རིག་གནས་མེད་པའི་རྒྱུ་མཚན་གང་ཡིན་ནམ།
༢ མི་དང་དུད་འགྲོའི་ཁྱད་པར།
དེ་ནི་སྐྱེ་ཁམས་ཀྱི་གནས་དོན་ལས་རིག་གནས་ཀྱི་གནས་དོན་ཞིག་མིན། སྐྱེ་ཁམས་ཀྱི་ཆ་ནས་བརྗོད་ན། མིའི་རིགས་དེ་དུད་འགྲོ་ལས་ཁྱད་པར་འཕགས་པའི་འཕགས་ཆོས་གསུམ་ཡོད་དེ། གཅིག་ནི་སྒྲ་འབྱིན་དབང་པོའི་སྐྱེ་གནས་གཅིག་མཚུངས་མིན་པ། གཉིས་པ་ནི་དབང་རྩའི་མ་ལག་ལ་ཁྱད་པར་ཡོད་པ། གསུམ་པ་ནི་ཕྱི་གཟུགས་ཀྱི་ཐོག་ཏུ་ཧེ་བག་ཡོད། དེ་དག་ང་ཚོས་རེ་རེ་བཞིན་གསལ་འགྲེལ་ཞུས་ན། ང་ཚོས་རིག་གནས་ལ་དེ་བས་ངེས་ཤེས་འདྲོངས་ངེས་ཡིན།
ང་ཚོས་གོང་དུ་བསྟན་ཟིན་པ་ལྟར། སྐད་ཆ་ནི་མིའི་རིགས་གཅིག་པུར་ཡོད་པ་ཞིག་ལས། སྲོག་ཆགས་གཞན་ལ་མེད། དེ་ནི་མིའི་རིགས་ཀྱི་སྒྲ་འབྱིན་སྐྱེ་གནས་དང་སྲོག་ཆགས་གཞན་གྱི་སྒྲ་འབྱིན་སྐྱེ་གནས་མི་མཚུངས་པའི་དབང་གིས་ཡིན། སྒྲ་འབྱིན་སྐྱེ་གནས་མི་མཚུངས་པ་ཙམ་གྱི་ཁྱད་པར་དེས། དུད་འགྲོས་རྣམ་འགྱུར་ཙམ་སྟོན་པའི་འབོད་སྒྲ་མ་གཏོགས་སྒྲོག་མི་ཤེས་པ་དང་། མིའི་རིགས་ཀྱིས་དོན་དག་ཡོད་པ་དང་རྙོག་འཛིང་ཆེ་བའི་དོན་དག་སྟོན་ནུས་པའི་སྐད་ཆ་ཤོད་ཤེས་པ་ཡིན། དེ་ཙམ་མ་ཟད། མིའི་རིགས་ཀྱིས་ད་དུང་ལག་པས་རང་དབང་གི་ངང་ནས་ཡི་གེ་འབྲི་ཆོག་པ་ཡིན། ལག་པས་ཡི་གེ་འབྲི་བ་ནི་སྐད་ཆ་ལས་བྱུང་ཕྱི་ནའང་། དེ་བྱུང་རྗེས་སྐད་ཆར་ཕན་ཐོགས་ཆེན་པོ་བྱུང་ཡོད། ལྷག་པར་དུ་རིག་གནས་འཕེལ་རྒྱས་ཀྱི་ཐོག་ལ་ཡེ་གེ་དེ་ཉིད་ནུས་པ་ཆེ་བ་ཐོན་གྱི་ཡོད། ཡི་གེ་འབྲི་བྱེད་ཀྱི་ལག་པ་དེ་མིའི་རིགས་ལ་མངའ་བའི་ཐུན་མིན་གྱི་ཁྱད་ཆོས་ཤིག་ཡིན་ལ། སྒྲ་འབྱིན་གྱི་སྐྱེ་གནས་དེ་ཡང་མིའི་རིགས་ཀྱི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ཤིག་རེད།
མཁས་དབང་ཨ་རུ་སི་ཏོ་ཏལ་གྱིས་རིག་རྟོག་ནི་མིའི་རིགས་ལ་མངའ་བའི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ཤིག་རེད་ཅེས་གསུངས་མྱོང་། དུད་འགྲོར་རིག་རྟོག་ཡོད་མེད་དེ་ང་ཚོས་སྐབས་དེར་དཔྱད་བར་བྱ་བ་ཡིན། གལ་ཏེ་དུད་འགྲོར་རིག་རྟོག་གི་ནུས་པ་ཡོད་པའི་དབང་དུ་བཏང་ནའང་། མི་དང་གཅིག་པ་ཡིན་མི་སྲིད་ལ། དེ་ལའང་མཆོག་དམན་གྱི་ཁྱད་པར་ཡོད་ངེས། མཁས་དབང་ཁ་ལེ་མཆོག་གིས་བསྟན་དོན། དུད་འགྲོས་མིག་མདུན་གྱི་གནས་ཚུལ་དང་ད་ལྟ་མངོན་དུ་གྱུར་བཞིན་པའི་གནས་ཚུལ་མ་གཏོགས། འདས་དང་མ་འོངས་ལ་བསམ་གཞིག་ཐུབ་ཀྱི་མེད་པར་བཞེད་པ་དེ་ནི་སྒྲུབ་བྱེད་ཁུངས་བཙན་པོ་ཞིག་རེད། བོད་ཀྱི་མཁས་དབང་ས་པཎ་མཆོག་གིས་ཀྱང་། བཟའ་བཏུང་འབའ་ཞིག་དུད་འགྲོས་ཀྱང་།། བསྒྲུབ་པར་ནུས་པ་མ་ཡིན་ནམ།། ཞེས་དུད་འགྲོས་ནི་བཟའ་བཏུང་གི་རྩོལ་བ་མ་གཏོགས་མི་ཤེས་པ་གསུངས་ཡོད་ཅིང་། བཟའ་བཏུང་གི་རྩོལ་བ་ནི་གཙོ་བོ་མངོན་དུ་གྱུར་བཞིན་པའི་ད་ལྟ་བ་ཞིག་གི་འོག་ཏུ་འཚོ་སྡོད་བྱ་རྒྱུ་གཙོ་བོར་འཛིན་པ་ལས། དེ་དང་འབྲེལ་བའི་འདས་པ་དང་མ་འོངས་པར་བསམ་གཞིག་བྱེད་མི་ཐུབ་པ་ཞིག་རེད། འདས་པ་དང་མ་འོངས་པར་བསམ་གཞིག་བྱེད་མ་ཐུབ་པ་དེ། དུད་འགྲོར་རིག་གནས་མེད་ཅེས་པའི་སྒྲུབ་བྱེད་ཁུངས་བཙན་པོ་ཞིག་ཏུ་འགྲོ། རིག་གནས་ནི་དུས་ད་ལྟ་བ་ལས་བརྒལ་བའི་ཆོས་ཉིད་ཅིག་ལྡན་དགོས་ཤིང་། དུས་ད་ལྟ་བ་ལས་བརྒལ་ཏེ་འདས་པ་ལ་བསམ་གཞིག་དང་མ་འོངས་པ་ལ་ཁ་ཕྱོགས་དགོས་པ་ཞིག་དང་། གསོག་འཇོག་དང་རྒྱུན་འཛིན། གསར་གཏོད་དགོས་པ་དེ་དེའི་ཁྱད་ཆོས་གཙོ་བོར་བྱེད་པ་ཡིན། ང་ཚོས་གོང་དུ་བརྗོད་པ་ལྟར་རིག་གནས་གོང་འཕེལ་ཐོག་ལ་སྐད་ཆ་དང་ཡི་གེ་གཉིས་ལས་ཡི་གེས་ནུས་པ་ཆེ་བ་ཐོན་དོན་ཡང་། སྐད་ཆ་ནི་བརྗོད་པ་པོས་བརྗོད་བཞིན་པའི་དུས་ད་ལྟ་བ་ཉིད་གཙོ་བོར་བཟུང་བ་ཞིག་ཡིན་ཞིང་། གལ་ཏེ་བརྗོད་བཞིན་པའི་དུས་ད་ལྟ་བ་དེ་ལས་གྲོལ་ཚེ། དེ་ཉིད་གཞན་གྱིས་ཡིད་ལ་བཟུང་ཞིང་། ཡི་གེར་མ་བཏབ་ན་ནམ་ཡང་སླར་མཚོན་བྱེད་ཐབས་མེད། འོན་ཏེ། ཡི་གེ་ནི་དེ་ལྟ་བུ་མ་ཡིན་པར། དུས་ཀྱི་རྒྱ་ལས་གྲོལ་ཏེ་འདས་མ་ད་གསུམ་ཚང་མར་གནས་ཐུབ་པ་ཞིག་ཡིན། ཡང་ང་ཚོས་གནས་དོན་དངོས་ལ་ཞུགས་ན། མིའི་རིགས་ཀྱིས་འདས་མ་ད་གསུམ་ཚང་མར་མནོ་བསམ་གཏོང་ཐུབ་ཀྱི་ཡོད་ལ། ཤེས་བྱ་མང་པོ་གསོག་ཉར་བྱེད་ཐུབ། ཤེས་བྱ་གསོག་ཉར་བྱེད་པ་ནི་རིག་གནས་གོང་འཕེལ་འགྲོ་བའི་ཆ་རྐྱེན་གལ་ཆེན་ཞིག་ཡིན། དེས་ན། རིག་གནས་ནི་གསོག་ཉར་བྱས་པ་ཞིག་ཡིན་པའི་དབང་གིས་རིག་གནས་དེ་ཡང་ཉམས་མྱོང་གི་འབྲས་བུ་ཡིན། ཉམས་མྱོང་ཡོད་པས་སྔོན་དུས་ནས་བྱུང་བའི་རིག་གནས་དེ་དག་མ་འོངས་ཀྱི་རིག་གནས་གོང་འཕེལ་གཏོང་བའི་རྨང་གཞི་དང་། རིག་གནས་ལེགས་བཅོས་བྱེད་པའི་དཔེ་སྟོན་ཡང་བྱ་ཐུབ། མིའི་སེམས་ཁམས་དེ་དུད་འགྲོ་ལས་འདའ་འགོངས་ཐུབ་དོན་ཡང་། དབང་རྩའི་མ་ལག་གི་ཁྱད་པར་ལས་བྱུང་ཞིང་། མིའི་དབང་རྩའི་མ་ལག་དེ་དུད་འགྲོའི་དབང་རྩའི་མ་ལག་ལས་རྙོག་འཛིང་ཆེ།
མིའི་རིགས་དང་དུད་འགྲོའི་དབར་ཕྱི་རྣམ་པའི་ཐོག་ཏུ་ཁྱད་པར་ཆེ་ཤོས་ནི། མིའི་རིགས་ཀྱིས་ཡར་འགྲེངས་ནས་འགྲོ་ནུས་ཤིང་། ལག་པ་གཉིས་ལ་རང་དབང་ཐོབ་པ་དེ་ཡིན། མིའི་རིགས་ཀྱིས་ལོ་རྒྱུས་ཐོག་དང་། དེང་དུས་བཀོལ་མུས་ཡིན་པའི་ལག་ཆ་ཚང་མ་ནི་ལག་གཉིས་ཀྱིས་གསར་གཏོད་བྱས་པ་ཡིན། གལ་ཏེ་དུད་འགྲོ་བཞིན་ལག་པ་རང་དབང་དུ་སྤྱོད་མ་ནུས་པར་རྐང་པའི་ཚབ་བྱེད་པ་དེ་འདྲ་ཡིན་ན། ལག་ཆ་བཟོ་ཐབས་གཏན་ནས་མེད། མིའི་རིགས་རིག་པ་བས་མིའི་རིགས་ཀྱི་རིག་གནས་དེ་རྡོ་ཆས་དང་ཟངས་ཆས། ལྕགས་ཆས་དུས་རབས་སུ་དབྱེ་ཡི་ཡོད་ཅིང་། རྡོ་ཆས་དང་ཟངས་ཆས། ལྕགས་ཆས་གཙོ་བོ་ནི་ལག་པར་བརྟེན་ཏེ་བཟོ་དགོས།
མདོར་ན། རང་དབང་དུ་སྤྱོད་ནུས་པའི་ལག་པ་དང་། ཁྱད་དུ་འཕགས་པའི་དབང་རྩའི་མ་ལག སྒྲ་འབྱིན་གྱི་སྐྱེ་གནས་བཅས་ནི་མིའི་རིགས་ཀྱི་ཁྱད་ཆོས་ཤིག་ཡིན། མིའི་རིགས་དེ་དུད་འགྲོ་ལས་ཁྱད་པར་འཕགས་པའི་འཕགས་ཆོས་ཀྱང་གཙོ་བོ་དེར་ཡོད། རིག་གནས་དེ་བྱུང་བ་དང་གོང་འཕེལ་སོང་དོན་ཡང་ཁྱད་ཆོས་དེ་དག་ལ་བརྟེན་པ་མ་ཟད། དེ་དག་གསུམ་དབར་ལའང་གཅིག་ལ་གཅིག་བརྟེན་གྱི་འབྲེལ་བ་དམ་ཟབ་ལྡན། སྒྲ་འབྱིན་གྱི་སྐྱེ་གནས་ཡོད་པ་ལས་ལག་པ་མེད་ན། ཡི་གེ་དེ་བྱུང་ཐབས་མེད་ལ། སྐད་ཆ་ཤོད་པའི་ནུས་པ་ལས་ཁྱད་འཕགས་ཀྱི་བློ་རིག་མེད་ན། སྐད་ཆ་དེ་དག་གཏན་ཚིགས་དང་བྲལ་ཞིང་། དོན་གྱིས་དབེན་པར་འགྲོ་ངེས་ཡིན། དེ་དང་མཚུངས་པར། ཁྱད་འཕགས་ཀྱི་བློ་རིག་ཙམ་ལས་སྐད་ཆ་ཤོད་པའི་ནུས་པ་མེད་ན། བསམ་བློ་དེ་སུ་ཞིག་གིས་བརྒྱུད་སྒྲོག་བྱེད་དམ། གལ་ཏེ་ཁྱད་འཕགས་ཀྱི་བློ་རིག་ཡོད་རུང་། ལག་པ་གཉིས་མེད་ན། ཤེས་རབ་དེ་ཉིད་མངོན་དུ་གྱུར་ཐབས་བྲལ། དེ་དེ་བཞིན་དུ་དེ་གསུམ་ལས་གཅིག་ཆད་ཀྱང་རིག་གནས་བྱུང་ཐབས་མེད།
རིག་གནས་ནི་མི་གཅིག་པུའི་ཁྱད་ཡོན་ཞིག་ཡིན་མོད། རིག་གནས་གོང་འཕེལ་གཏོང་དགོས་ན། དེ་བས་མིའི་རིགས་ཀྱི་འབད་པར་བརྟེན་དགོས། གལ་ཏེ་མིའི་རིགས་ཀྱིས་རང་བྱུང་ལས་བྱུང་བའི་དངོས་པོ་ཁོ་ནར་ལོངས་སུ་སྤྱད་ནས་འཚོ་ཐབས་བྱེད་པ་ལས། ཁོར་ཡུག་ལ་འགྱུར་ལྡོག་གཏོང་བའི་བསམ་བློ་མེད་ན། རིག་གནས་དེ་བྱུང་མི་སྲིད་ལ་གོང་འཕེལ་ཀྱང་ག་ལ་ཡོད་སྲིད། དེས་ན། རིག་གནས་བྱུང་འཕེལ་གྱི་གནས་ཚད་ཇི་ཙམ་ལ་ཐོན་ཡོད་མེད་ནི། མིའི་རིགས་ཀྱིས་འབད་པ་བྱེད་ཐུབ་མིན་དང་འབད་པ་ཇི་ཙམ་བྱས་མིན་ལ་རག་ལས་པ་ཡིན། མིའི་རིགས་ཀྱིས་འབད་པ་ཆེན་པོས་རིག་གནས་གསར་གཏོད་བྱེད་དོན་གཙོ་བོ་ནི། དུས་རབས་དང་བསྟུན་ཏེ་རང་གི་འཚོ་བར་ལེགས་བཅོས་བྱ་རྒྱུ་ད་རེད། རིག་གནས་ནི་མིའི་རིགས་ཀྱིས་ཁོར་ཡུག་དང་བསྟུན་ཏེ་རང་གི་འཚི་འཚིས་ལེགས་བཅོས་བྱེད་པའི་ལག་ཆ་དང་འབྲས་བུ་རེད་ཅེས་པའང་རྒྱུ་མཚན་དེར་ཐུག་པ་ཡིན།
མིའི་རིགས་ལ་རིག་གནས་གསར་དུ་གཏོད་པའི་ནུས་པ་ཡོད་པས། མིའི་རིགས་ལ་རིག་གནས་སྒྱུར་བཅོས་དང་ཉར་ཚགས། ལད་མོ་བྱེད་པའི་ནུས་པའང་ཡོད། གལ་ཏེ་རང་གི་རིག་གནས་ཐོག་ཏུ་སྐྱོན་ཆ་ཡོད་ན་རིག་གནས་དེ་སྒྱུར་བཅོས་བྱེད་དགོས་ལ། གལ་ཏེ་རང་གི་རིག་གནས་དེར་དགེ་མཚན་ཡོད་ན། རིག་གནས་དེ་རིགས་རྒྱུན་འཛིན་བྱེད་དགོས་པ་ཡིན། ཡང་མི་རིགས་གཞན་གྱི་རིག་གནས་དེ་རང་གི་རིག་གནས་ལས་ལེགས་པ་ཡོད་ན། གཞན་གྱི་རིག་གནས་ལ་ལད་མོ་བྱེད་དགོས།
མིའི་རིགས་ནི་རིག་གནས་གསར་གཏོད་བྱེད་པོ་ཡིན་ལ། རིག་གནས་ཀྱིས་ཀྱང་མིའི་རིགས་ལ་ཤུགས་རྐྱེན་བཟོ་ཡི་ཡོད། ཤར་ཕྱོགས་པ་དང་ནུབ་གླིང་བ་གཉིས་འདྲ་མཚུངས་མིན་ཚུལ་དེ་ཕྱི་རྣམ་པའི་ཐོག་ཏུ་མི་འདྲ་ཞེས་བརྗོད་པ་ལས། རིག་གནས་ཐོག་ཏུ་མི་གཅིག་ཅེས་བརྗོད་ན་འཚམས། རིག་གནས་ཀྱིས་མི་ཞིག་སྤྲོ་བ་དང་ལྡན་པར་གཏོང་ངེས་ལ། རིག་གནས་ཀྱིས་མི་ཞིག་སྡུག་བསྔལ་དུའང་འཕེན་སྲིད། རིག་གནས་ཀྱིས་མིའི་རིགས་ལ་ཕན་པ་བསྐྲུན་ཐུབ་ལ། རིག་གནས་ཀྱིས་མིའི་རིགས་མེད་བརླགས་སུ་གཏོང་ཡང་སྲིད། གོང་དུ་བརྗོད་ཟིན་ལྟར། མིའི་རིགས་ནི་རིག་གནས་གསར་གཏོད་བྱེད་མཁན་དང་སྒྱུར་བཅོས་བྱེད་མཁན་ཞིག་དང་། རྒྱུན་འཛིན་དང་ལད་མོ་བྱེད་མཁན་ཞིག་ཡིན་པས། གལ་ཏེ་རིག་གནས་ཀྱིས་མིའི་རིགས་ལ་འཚེ་བའམ། མིའི་རིགས་ལ་སྡུག་བསྔལ་བཟོས་ན། མིའི་རིགས་ཀྱིས་རིག་གནས་དེ་ཉིད་རྩ་བརླག་གཏོང་བའམ། སྐྱོན་སེལ་བྱེད་དགོས་པའང་རྩོད་མེད་ཀྱི་ལས་འགན་ཞིག་ཡིན། དེ་ཡང་མིའི་རིགས་ཀྱི་འབད་པར་བརྟེན་དགོས། གང་ལགས་ཤེ་ན། རིག་གནས་གསར་གཏོད་བྱེད་མཁན་ནི་མིའི་རིགས་ཡིན་ལ། རིག་གནས་ལེགས་བཅོས་བྱེད་མཁན་ཡང་མིའི་རིགས་ཡིན་པ་ལས་གཞན་ནི་མ་ཡིན། སྐབས་རེ་རིག་གནས་ཤིག་ལ་གནོད་ཅིང་འཚེ་བའི་ཁྱད་ཆོས་ལྡན་རུང་། མིའི་རིགས་ཀྱིས་ཡུན་རིང་འདྲིས་ཤིང་གོམས་པའི་རྒྱུ་ལས་དེ་ལ་དུང་བ་ཆགས་ཏེ། དོར་མི་འདོད་པའི་བློ་སྐྱེ་བའམ། ཡང་ན་རིག་གནས་དེར་ལེགས་བཅོས་བྱ་སྐབས་ཕྱི་ནང་གི་འགོག་རྐྱེན་མང་པོ་ཞིག་ཀྱང་འཕྲད་ཀྱི་ཡོད། འོན་ཏེ། གནས་སྐབས་དེ་འདྲའི་འོག་ཏུ། མི་ཚོས་གདོང་གཏད་ཡུལ་ལམ། བསམ་གཞིག་བྱ་ཡུལ་ནི་རིག་གནས་ཁོ་རང་མ་ཡིན་པར། རིག་གནས་དང་འབྲེལ་བའི་ཕྱི་སྣོད་དང་ནང་བཅུད་ཀྱི་སེམས་ཅན་གྱི་བདེ་སྡུག་ལ་བསམ་གཞིག་བྱ་རྒྱུ་དེ་གལ་ཆེན་པོ་ཡིན་ཞིང་། ཕྱི་སྣོད་དང་ནང་བཅུད་སེམས་ཅན་གྱི་བདེ་སྡུག་དོར་ཏེ་རིག་གནས་གང་རུང་ཞིག་སྲུང་འཛིན་བྱ་ཁུལ་བྱེད་པ་ནི་གནས་སྐབས་ཀྱི་དུང་བའི་རྗེས་སུ་འབྲངས་བ་ཞིག་ལས། ཕུགས་རིང་བའི་བསམ་གཞིག་བྱ་ཚུལ་ཞིག་མིན་པས། དོར་བྱའོ།
༣ རིག་གནས། ཚོགས་པ་དང་མི་སྒེར།
འོ་ན་རིག་གནས་དེ་ཚོགས་པར་གྲུབ་པའི་མི་མང་པོ་ཞིག་གིས་གསར་ཏུ་གཏོད་པ་རེད་དམ། ཡང་ན་མི་སྒེར་གྱིས་གསར་དུ་གཏོད་པ་ཡིན་ནམ། དེའི་ཐད་དུ་མིའི་རིགས་རིག་པ་བ་ཝེ་ཧྲི་ལི་མཆོག་གི་གསུང་རྩོམ་《མི་དང་རིག་གནས》ཞེས་པའི་ནང་དུ། རིག་གནས་ནི་ཚོགས་པར་གྲུབ་པའི་མི་མང་པོ་ཞིག་གིས་གསར་དུ་གཏོད་པ་ལས། མི་སྒེར་གྱིས་གསར་དུ་གཏོད་པ་ཞིག་མིན་པར་བཞེད། ཁོང་གིས་གསུངས་དོན། མིའི་རིགས་རིག་པ་བས་མི་སྒེར་གྱིས་རིག་གནས་ཐོག་ཏུ་གནས་བབ་ཇི་ཙམ་བཟུང་བར་དོ་སྣང་དེ་ཙམ་བྱེད་ཀྱི་མེད་ཅེས་གསུངས་ཡོད་ལ། སྤྱི་ཚོགས་རིག་པ་བ་ཨེའར་ཝུ་ཏེ་དང་ཝེ་ལི། ཧན་ཅི་སི་སོགས་ཀྱིས་ཀྱང་ལྟ་བ་དེ་བཞིན་འཛིན། འོན་ཏེ། མཁས་དབང་ཀེར་ཐི་ཝེ་ཧྲེའི་གསུང་རྩོམ་《སེམས་ཁམས་དང་རིག་གནས་》ཞེས་པ་དང་། མཁས་དབང་མ་ལེ་ཐའི་གསུང་རྩོམ་《མིའི་རིགས་རིག་པ་》ཞེས་པའི་ནང་དུ་མི་སྒེར་གྱི་ནུས་པའི་ཐོག་ཏུ་གཙིགས་སུ་འཛིན་ཡོད།
ང་ཚོས་མི་མང་པོ་ཞིག་གིས་རིག་གནས་ཐོག་ཏུ་བཞག་པའི་ལག་རྗེས་ལ་དོ་སྣང་གཙིགས་འཛིན་བྱེད་དགོས་པ་མ་ཟད། མི་སྒེར་གྱིས་རིག་གནས་ཐོག་ཏུ་གནས་བབ་ཇི་ཙམ་བཟུང་ཡོད་པ་དེར་ཡང་དོ་སྣང་བྱེད་དགོས་ཤིང་། ཚོགས་པ་གྲུབ་པའི་རྒྱུར་གྱུར་པ་ནི་མི་སྒེར་ལས་གཞན་མེད་པས་ཡིན། ཚོགས་པ་ནི་མི་སྒེར་མང་པོ་འདུས་པ་ལས་གྲུབ་པའི་སྤྱི་མིང་ཙམ་ཡིན་ཞིང་། དོན་དུ་དེ་ནི་མི་རེ་རེ་ལས་གྲུབ་པ་ཞིག་ཡིན། མི་སྒེར་སོ་སོ་ནི་ཚོགས་པ་ལས་གྱེས་ཏེ་གཅིག་པུར་གནས་ཐབས་མེད་ལ། མི་སྒེར་གྱིས་མ་གྲུབ་པའི་ཚོགས་པ་ཞིག་ཀྱང་ནམ་ཡང་གྲུབ་ཐབས་མེད་པ་རེད། རང་རེའི་མཚན་ཉིད་རིག་པའི་ནང་དུའང་། སྤྱི་མཚན་དང་རྟག་པ་རྣམས་དོན་གཅིག་ཏུ་འཇོག་ཅིང་། དེ་དག་ནི་དོན་བྱེད་མི་ནུས་པ་ཡིན་པ་དང་། རང་མཚན་དང་དངོས་པོ་ནི་དོན་གཅིག་ཅིང་། དེ་དག་ནི་དོན་བྱེད་ནུས་པ་ཞིག་ཡིན། རང་མཚན་རེ་རེ་བ་མེད་ན། སྤྱི་མཚན་ཞེས་པ་དེའང་འགྲུབ་ཐབས་མེད་པར་འདོད་ཀྱི་ཡོད། དེ་ནི་གནས་ལུགས་དང་ལྡན་པའི་སྐད་ཆ་ཞིག་རེད། དེས་ན། རིག་གནས་བྱུང་བ་དང་འཕེལ་བ་གང་ཞིག་ཡིན་རུང་། མི་སྒེར་གྱི་རྩོལ་བ་ལས་ཁ་བྲལ་ཐབས་མེད། གལ་ཏེ་སྤྱི་ཚོགས་ཤིག་གི་གྲུབ་ཆར་གྱུར་པའི་མི་སྒེར་ཚང་མས་རིག་གནས་གསར་གཏོད་ཆེད་དུ་འབད་པ་བྱས་ན། སྤྱི་ཚོགས་དེའི་རིག་གནས་གོང་འཕེལ་མྱུར་པོ་ཡོང་ཐུབ་ཅིང་། གལ་ཏེ་སྤྱི་ཚོགས་ཤིག་གི་ནང་དུ། མི་གཅིག་གིས་ཀྱང་རིག་གནས་དོན་དུ་འབད་པ་མ་བྱས་པར། རྒྱན་པོ་འགྱེད་ཅིང་སྦི་རག་ཙམ་ལ་བརྟེན་ན། སྤྱི་ཚོགས་དེའི་རིག་གནས་ཀྱང་འཁྱིལ་ཆུ་བཞིན་ནམ་ཡང་གསོན་ཤུགས་བྲལ་བ་རེད། དེའི་ཐད་རིག་གནས་ཐོག་མི་སྒེར་ལས་ཚོགས་པ་གལ་ཆེ་བ་ཡོད་ལུགས་སྨྲ་མཁན་གྱི་མཁས་དབང་ཝེ་ཧྲི་ལེས་ཀྱང་དོ་སྣང་མེད་པ་ག་ལ་སྲིད། ཁོང་གི་གསུང་རྩོམ་《མི་དང་རིག་གནས་》ཞེས་པའི་ནང་དུ་དེ་ལྟར་བསྟན་ཡོད་དེ། མི་སྒེར་དང་རིག་གནས་བར་གྱི་འབྲེལ་བ་ལའང་རྒྱུན་དུ་གཙིགས་ཆེན་བྱེད་དགོས། ལྷག་པར་རིག་གནས་གསར་གཏོད་བྱེད་མཁན་གྱི་ནུས་ལྡན་གྱི་སྐྱེས་བུ་ཚོར་དེ་བས་གཙིགས་ཆེན་བྱེད་དགོས་ཞེས་གསུངས་ཡོད།
མདོར་ན། མིའི་རིགས་ནི་རིག་གནས་དང་ལྡན་པའི་སྲོག་ཆགས་ཤིག་ཡིན། མིའི་རིགས་ཡོད་པས་ད་གཟོད་རིག་གནས་ལྡན་པར་གྱུར། དེས་ན། རིག་གནས་ཀྱི་བྱུང་བ་དང་མིའི་རིགས་ཀྱི་བྱུང་བ་གཉིས་གྲུབ་མཉམ་རེད། མཁས་དབང་ཁ་རུ་པེ་ཡི་གསུང་རྩོམ་《མིའི་རིགས་རིག་པ》ཞེས་པའི་ནང་དུ། མིའི་རིགས་ཀྱི་རིག་གནས་ནི་ཧ་ལམ་ལོ་ངོ་ཁྲི་བཅུ་དང་ཁྲི་བརྒྱའི་ཡར་སྔོན་དུ་བྱུང་བར་འདོད། ཚོད་རྩིས་དེ་ཡང་དག་ཡིན་མིན་བརྡར་ཤ་གཅོད་དཀའ་བ་ཞིག་ཡིན། དེང་ང་ཚོའི་ཤེས་བྱ་དང་རིག་སྟོབས་ལ་བརྟེན་ན། རིག་གནས་བྱུང་ནས་དུས་ཡུན་ཇི་ཙམ་སོང་ཡོད་མེད་དཔྱད་རྒྱུ་ནི་དཀའ་ཚེགས་ཆེ་བ་ཞིག་ལགས། དེའང་མཁས་དབང་ཁ་རོ་པེ་ཡི་ཚོད་རྩིས་གནང་བའི་ལོ་གྲངས་ཀྱི་ཐོག་ནས་དཔྱད་ནའང་། ལོ་ཁྲི་བཅུ་དང་ཁྲི་བརྒྱའི་ཡར་སྔོན་དུ་ཞེས་གསུངས་ཡོད་མོད། དེའང་ཤིན་ཏུ་ནས་རགས་པའི་དབང་དུ་སོང་ཡོད་ཅིང་། དེ་གཉིས་ཀྱི་ཁྱད་པར་ནི་ལྡབ་བཅུ་ལྷག་ཡོད། འོན་ཏེ་ང་ཚོས་རིག་པས་ཐག་གཅོད་ནུས་པ་ནི། མིའི་རིགས་ཀྱི་བྱུང་བ་དེའང་རིག་གནས་ཀྱི་བྱུང་བ་ཞིག་ཡིན་པའོ།
དུས་ཀྱི་ཆ་ནས་དཔྱད་ན། རིག་གནས་ཀྱི་བྱུང་བ་དང་མིའི་རིགས་ཀྱི་བྱུང་བ་དུས་མཉམ་ཡིན། འོན་ཏེ་ཡུལ་གྱི་ཐོག་ནས་དཔྱད་ན། མིའི་རིགས་ཀྱི་བྱུང་བ་དེ་ས་གནས་གཅིག་ནས་བྱུང་བ་ཡིན་ནམ། ཡང་ན་ས་གནས་མང་པོ་ཞིག་ནས་བྱུང་བ་རེད་དམ། སྔ་མའི་འདོད་པ་ལྟར་ན། མིའི་རིགས་ཀྱི་བྱུང་བ་ནི་རྒྱུ་གཅིག་སྨྲ་བའི་ཁོངས་སུ་གཏོགས་པ་དང་། ཕྱི་མའི་འདོད་པ་ལྟར་ན། མིའི་རིགས་ཀྱི་བྱུང་བ་ནི་རྒྱུ་མང་སྨྲ་བའི་ཁོངས་སུ་གཏོགས་པ་ཡིན། མིའི་རིགས་ནི་རིག་གནས་དང་ལྡན་པའི་སྲོག་ཆགས་ཤིག་ཡིན་པས། གལ་ཏེ་མིའི་རིགས་དེ་ས་ཁོངས་གཅིག་ནས་བྱུང་བ་ཡིན་ན། མིའི་རིགས་ཀྱི་རིག་གནས་དེའང་ས་ཁོངས་གཅིག་ནས་བྱུང་བ་དང་། གལ་ཏེ་མིའི་རིགས་དེ་ས་ཁོངས་མང་པོ་ཞིག་ནས་བྱུང་བ་ཡིན་ན། མིའི་རིགས་ཀྱི་རིག་གནས་དེ་ཡང་ས་ཁོངས་མང་པོ་ནས་ནས་གྱེས་པ་ཡིན། གནས་དོན་དེ་རིག་གནས་ཀྱི་བྱུང་བའི་ཐོག་ཏུ་གལ་འགངས་ཆེན་པོ་རེད། འོན་ཏེ་གནས་དོན་དེ་ཆུ་དྭངས་ཉ་གསལ་ལྟ་བུ་ཞིག་བྱུང་དགོས་ན། མིའི་རིགས་རིག་བ་ཚོས་མུ་མཐུད་དཔྱད་ཞིབ་བྱེད་དགོས་པའི་དོགས་གནད་ཅིག་ཀྱང་རེད།
མིའི་རིགས་ཀྱི་བྱུང་བ་དེ་ས་ཁོངས་གཅིག་ནས་བྱུང་བའམ། ཡང་ན་ས་ཁོངས་མང་པོ་ནས་གྱེས་པ་ཡིན་མིན་དང་རིག་གནས་ཀྱི་བྱུང་བ་དེ་ས་ཁོངས་གཅིག་ནས་བྱུང་བའམ། ས་ཁོངས་མང་པོ་ནས་གྱེས་མིན་དབར་འབྲེལ་བ་དམ་ཟབ་ཡོད། དེ་ལྟའི་རིག་གནས་ཀྱི་བྱུང་བ་ནི་རིག་གནས་ཀྱི་བྱུང་བ་ངོ་མ་ཞིག་དང་། རིག་གནས་ཀྱི་བྱུང་བ་ཡང་དག་པ་ཞིག་རེད། དེ་ཡང་རིག་གནས་ཀྱི་ཆེས་ཐོག་མའི་འབྱུང་ཁུངས་ཀྱང་ཡིན། རིག་གནས་ནི་སྤྱི་འདུས་ཀྱི་ཕུང་པོ་ཞིག་ཡིན་ཞིང་། ཆེས་ཐོག་མའི་འབྱུང་ཁུངས་ནི་མིའི་རིགས་དང་དུས་མཉམ་དུ་བྱུང་བ་ཞིག་དང་། མི་ཕལ་མོ་ཆེའི་སྣང་ངོར་རིག་གནས་ནི་ལྟོས་བཅས་ཤིག་ཡིན། དཔེར་ན། འཇར་མན་གྱི་རིག་གནས་ཀྱི་བྱུང་བ་དང་ཨ་རིའི་རིག་གནས་ཀྱི་བྱུང་བ་ལྟ་བུར་མཚོན་ན། དེ་ནི་ལྟོས་བཅས་ཤིག་ཡིན། ཡང་དཔེར་ན། མཚོ་གྲུའི་བྱུང་བ་དང་མེ་འཁོར་གྱི་བྱུང་བ་དེའང་ལྟོས་བཅས་ཤིག་རེད། གང་ལགས་ཤེ་ན། འཇར་མན་དང་ཨ་རི། མཚོ་གྲུ་དང་མེ་འཁོར་བཅས་ཀྱི་བྱུང་བ་ཅུང་ཕྱི། དེས་ན་དེ་དག་གི་རིག་གནས་བྱུང་བའང་ཅུང་ཕྱི། འཇར་མན་གྱི་རིག་གནས་དང་ཨ་རིའི་རིག་གནས་དེ་ཡང་འཇར་མན་གྱི་མི་དང་ཨ་རིའི་མིས་གསར་དུ་གཏོད་པ་ཞིག་མ་ཡིན་ལ། མཚོ་གྲུ་དང་མེ་འཁོར་ཡང་རྒྱུ་མེད་རྐྱེན་མེད་དུ་ཐོལ་གྱིས་འབུར་འོང་བ་ཞིག་ཀྱང་མིན། འཇར་མན་དང་ཨ་རིའི་རིག་གནས་དེར་ལོ་རྒྱུས་རིང་པོ་ཡོད་ཅིང་། མིའི་རིགས་ཀྱི་རིག་གནས་ཧྲིལ་པོ་དང་འབྲེལ་བ་ཡོད་པ་ཞིག་ཡིན་ལ། མཚོ་གྲུ་དང་མེ་འཁོར་གྱི་བྱུང་བའང་ཧ་ཅང་རིང་པོ་ཡིན་ཞིང་། མིའི་རིགས་ཀྱི་རིག་གནས་ཧྲིལ་པོ་དང་འབྲེལ་བ་ཡོད། དེས་ན། འཇར་མན་དང་ཨ་རིའི་རིག་གནས་ལ་འབྱུང་ཁུངས་ཡོད་པ་མ་ཟད། མཚོ་གྲུ་དང་མེ་འཁོར་ལའང་འབྱུང་ཁུངས་ཡོད་ཅེས་བརྗོད་འདོད། གང་ལགས་ཤེ་ན། གོང་དུ་བསྟན་པའི་རིག་གནས་ཀྱི་འབྱུང་ཁུངས་དངོས་ཕུད། ད་དུང་རིག་གནས་ཀྱི་འབྱུང་ཁུངས་ལྟོས་བཅས་ཤིག་ཀྱང་ཡོད། འབྱུང་ཁུངས་དངོས་དེ་མིའི་རིགས་དང་དུས་མཉམ་དུ་གྲུབ་ཡོད་རུང་། འབྱུང་ཁུངས་ལྟོས་བཅས་པ་ནི་དེ་ལྟར་སྟབས་བདེར་ཐག་གཅོད་ཐུབ་པ་ཞིག་མིན། གནས་དོན་དེའི་ཐད་སྤྱིར་འགྲེལ་བརྗོད་བྱེད་སྟངས་ཁག་གཉིས་ཡོད་དེ། གཅིག་ནི་རང་དབང་ངང་བྱུང་བ་དང་། གཞན་ཞིག་ནི་རིག་གནས་ཁྱབ་སྤེལ་སྨྲ་བ་ཡིན། གཞུང་ལུགས་དེ་གཉིས་ཐད། ཅུང་གསལ་བཤད་རེ་བྱས་ན།
༤ རང་དབང་དུ་བྱུང་བ་སྨྲ་བ་དང་ཁྱབ་སྤེལ་སྨྲ་བ།
རང་དབང་ངང་བྱུང་བའི་བཞེད་ཚུལ་ལྟར་ན། འཛམ་གླིང་མིའི་རིགས་ཀྱི་རིགས་རྒྱུད་ཁག་དབར་གཟུགས་གཞི་མི་གཅིག་པ་མ་གཏོགས། སེམས་ཁམས་ཐད་ལ་ཁྱད་པར་ཆེན་པོ་མེད། ཕོ་བ་ལྟོགས་ན་ཟ་མ་བཟའ་བ་འདོད་པ་དང་། ལུས་པོ་གྲང་ན་གྱོན་འདོད་པ། ཆར་རླུང་ལྡང་ཚེ་ཁང་པ་ཕུབ་པ། ལམ་ཐག་རིང་ན་སྐྱེལ་འདྲེན་ཡོ་བྱད་བཟོ་བ་ལྟ་བུ་ཡིན། སེམས་ཁམས་ཀྱི་ཐད་ནས་དཔྱད་ན། མིའི་རིགས་ཀྱི་རྩ་བའི་དགོས་མཁོ་མང་པོ་ཞིག་གཅིག་མཚུངས་ཡིན་པ་མ་ཟད། ཕྱི་དངོས་པོའི་ཁོར་ཡུག་གཅིག་མཚུངས་ཡིན་ཚེ། རིགས་རྒྱུད་གཉིས་དབར་ལ་བར་ཐག་ཇི་ཙམ་ཆོད་ནའང་། རིག་གནས་གཅིག་མཚུངས་སུ་གྲུབ་སྲིད་པ་ཡིན་ཏེ། དཔེར་ན། ཆུ་འབྲས་ཐོན་ཆེ་བའི་ས་ཁུལ་གཉིས་ཀྱི་མི་རྣམས་ཀྱིས་གཙོ་བོ་འབྲས་བཟའ་བ་མ་ཟད། འབྲས་ལས་གྲུབ་པའི་བཟའ་བཅའ་སྣ་ཚོགས་བཟོ་བ་ཡིན། གྲོ་ཞིབ་ཐོན་ཆེ་བའི་ས་གནས་གཉིས་ཀྱི་མི་རྣམས་གཙོ་ཟས་ནི་གྲོ་ཞིབ་ཡིན་པ་དང་། དེ་བཞིན་དུ་གྲོ་རྒྱུ་ལས་གྲུབ་པའི་བཟའ་བཅའ་མང་པོ་བཟོ་ངེས་ཡིན། ལུག་ཐོན་ཆེ་བའི་ས་ཁུལ་གཉིས་ཀྱི་མི་རྣམས་ཀྱིས་ལུག་བལ་གྱིས་གྱོན་གོས་བཟོ་བ་དང་། ཤིང་སྣ་ཐོན་མང་བའི་ས་ཁུལ་གཉིས་ཀྱི་མི་ཚོའི་ཁང་པའང་ཤིང་ཁང་ལས་གྲུབ་པ་ཡིན། དེ་དེ་བཞིན་རིགས་འདེད་བྱས་ན། རིག་གནས་དེ་རང་དབང་གིས་གྲུབ་པའི་གནས་ལུགས་ལ་ངེས་ཤེས་འདྲོངས་ཐུབ།
དེས་ན། འཛམ་གླིང་ཐོག་གི་གནའ་བོའི་རིག་གནས་ཏེ། དཔེར་ན། ཨེ་ཇེབ་དང་རྒྱ་གར། མོ་ཞི་ཁོའི་རིག་གནས་ཚང་མ་རང་དབང་གིས་བྱུང་བ་ཞིག་ཡིན། ང་ཚོས་ཨེ་ཇེབ་ཀྱི་རིག་གནས་ཞེས་བརྗོད་ན། ཚང་མས་རིག་གནས་དེ་ཨེ་ཇེབ་ཀྱི་མིས་གསར་དུ་གཏོད་པ་དང་། རྒྱ་གར་གྱི་རིག་གནས་ནི་རྒྱ་གར་བས་གསར་དུ་གཏོད་པ་ཞིག་ཡིན་པར་ཡང་ངེས་ཤེས་འདྲེན་ཐུབ། ལྷག་པར་ཉེ་རབས་ཀྱི་དབྱིན་ཇི་དང་། ཨ་རི། ཧྥ་རན་སི་ལ་སོགས་པའི་རིག་གནས་ལའང་དམིགས་བསལ་གྱི་ཁྱད་ཆོས་ཡོད་ཅིང་། དམིགས་བསལ་གྱི་ཁྱད་ཆོས་དེ་དག་ཀྱང་རང་དབང་གིས་གྲུབ་པ་ཡིན། སྤྱིར་རིག་གནས་འཕེལ་འགྱུར་སྨྲ་བ་ཕལ་མོ་ཆེས་རིག་གནས་རང་དབང་ངང་བྱུང་བའི་ལྟ་བ་དེ་འཛིན་གྱི་ཡོད།
རིག་གནས་ཁྱབ་སྤེལ་སྨྲ་བ་ནི་སྤྱིར་ཤོག་ཁ་གཉིས་སུ་དགར་ཆོག་པ་སྟེ། གཅིག་ནི་འཇར་མན་དང་། གཞན་ཞིག་ནི་དབྱིན་ཇི་བ་ཡིན། འཇར་མན་གྱི་མཁས་དབང་ཨན་ག་ལ་དང་ཨན་ག་མན། ཧྲེ་མི་ཐ་རྣམས་ནི་ཁྱབ་སྤེལ་སྨྲ་བའི་འདོད་ཚུལ་འཛིན་མཁན་དག་ཡིན། ཁོང་རྣམས་ཀྱི་གསུང་རྩོམ་དང་དགོངས་དོན་ལ་གཞིགས་ན། ཁོང་རྣམས་ནི་རིག་གནས་རྒྱུ་མང་སྨྲ་བའི་ཕྱོགས་ལ་གཙོ་ཆེར་གཞོལ་གྱི་ཡོད། ཁོང་རྣམས་ཀྱི་དགོངས་པར། རིག་གནས་གསར་གཏོད་ཅེས་པ་ནི་ཧ་ཅང་ཉུང་ཉུང་ཞིག་རེད། རིག་གནས་རང་དབང་ངང་ནས་བྱུང་བའང་ཧ་ཅང་ཉུང་ཉུང་རེད། རིག་གནས་ཁྱབ་སྤེལ་བྱེད་པར་ཡུལ་གྱི་བཀག་རྒྱ་ཐེབས་མི་སྲིད་ལ། རིག་གནས་ཆ་འདྲ་བའང་ཁྱབ་སྤེལ་བྱས་པའི་འབྲས་བུ་ཡིན་པར་བཞེད། འོན་ཏེ་ཁོང་རྣམས་པས་འཛམ་གླིང་ཐོག་གི་རིག་གནས་ཡོད་ཚད་ཀྱི་ལྟེ་བ་ནི་གཅིག་ནས་སམ་མ་ལག་གཅིག་ནས་བྱུང་བར་ཡིད་ཆེས་གནང་གི་མེད། དེ་ལས་ལྡོག་སྟེ། རིག་གནས་ཀྱི་འབྱུང་ཁུངས་དེ་ཡུལ་གྱི་ཆ་ནས་དཔྱད་ན། ས་ཕྱོགས་གཅིག་ནས་བྱུང་མེད་ལ། དུས་ཀྱི་ཆ་ནས་དཔྱད་ནའང་། དུས་སྐབས་གཅིག་ནང་བྱུང་བར་འདོད་ཀྱིའང་མེད། དཔེར་ན། མཁས་དབང་ཧྲེ་མི་ཐས་སོན་འདེབས་དང་རྔོན་བརྔོན་པ། ཕྱུགས་འཚོ་བ་བཅས་རིག་གནས་རིགས་གསུམ་པོ་དེ་དག་ནི་ཡུལ་དུས་མི་གཅིག་པ་ཞིག་ཏུ་འབྱུང་གི་ཡོད་པར་འདོད་ཅིང་། རིག་གནས་རིགས་གསུམ་དེ་དག་བྱུང་ཟིན་རྗེས། རིག་གནས་གཞན་པ་རྣམས་དེ་གསུམ་ལས་མཆེད་པ་དང་དེའི་ཤན་ཞུགས་ཡོང་གི་ཡོད་པར་འདོད། འོན་ཏེ་ཁྱབ་སྤེལ་སྨྲ་བ་དེ་དག་གིས་གསུངས་པ་ནི། རིག་གནས་ཀྱི་བྱུང་བ་རེད་ཅེས་བརྗོད་པ་ལས། རིག་གནས་གོང་འཕེལ་གྱི་སྐོར་རེད་ཅེས་འཚམས་པ་ཡོད། རིག་གནས་ཀྱི་འབྱུང་ཁུངས་ནི་སྣེ་མང་ཅན་ཞིག་ཡིན་པ་ལས་ཁུངས་གཅིག་ནས་བྱུང་བ་ཞིག་མིན། ཁྱབ་སྤེལ་ཞེས་པ་དེའང་རིག་གནས་དེ་གོང་འཕེལ་གང་ཙམ་བྱུང་རྗེས་ཀྱི་གནས་ཚུལ་ཞིག་ཡིན། དེས་ན། རིག་གནས་ཀྱི་ཐོག་མའི་བྱུང་བ་ནི་རང་དབང་བ་ཞིག་ཡིན་པ་དང་། རྗེས་སོར་གང་ཙམ་གོང་འཕེལ་བྱུང་རྗེས་ད་གཟོད་ཁྱབ་སྤེལ་བྱས་པ་ཡིན།
གལ་ཏེ་ང་ཚོས་སྣེ་མང་གི་ཁྱབ་སྤེལ་སྨྲ་བའི་གཞུང་ལུགས་ལ་འགྲེལ་བརྗོད་བྱས་པ་དེ་ནོར་མེད་ན། ཁྱབ་སྤེལ་སྨྲ་བས་ཕྱི་ཚུལ་ནས་རང་དབང་དུ་བྱུང་བའི་ལྟ་བ་ལ་དགག་པ་བྱེད་པ་ལྟ་བུར་སྣང་ནའང་། དོན་དུ་ཁོང་ཚོའང་རང་དབང་དུ་བྱུང་བ་སྨྲ་བ་པོ་ཞིག་ཡིན་པ་མ་ཟད། སྣེ་མང་ཁྱབ་སྤེལ་སྨྲ་བ་ཚོས་ཀྱང་རིག་གནས་ཀྱི་བྱུང་བ་དེ་རིགས་གསུམ་ལས་བྱུང་བ་ཡིན་པར་འདོད་མཁན་ཡང་ཉུང་ཉུང་ཡིན་པས། རིག་གནས་ཀྱི་འབྱུང་ཁུངས་ཅི་ཙམ་མང་ན། དེའི་གཞུང་ལུགས་ཀྱི་མཐའ་སྡོམ་ཡང་། རང་དབང་དུ་བྱུང་བར་སྨྲ་བས་འདོད་པ་ལྟར་གྱི་མི་རིགས་ཚང་མར་རིག་གནས་གསར་གཏོད་བྱེད་པའི་ནུས་པ་ཡོད་པའི་དགོངས་བཞེད་དང་གཅིག་མཚུངས་སུ་སོང་བ་ཡིན།
འོན་ཏེ་དབྱིན་ཇིའི་རིག་གནས་ཁྱབ་སྤེལ་སྨྲ་བའི་འདོད་ཚུལ་དེ་རང་དབང་དུ་བྱུང་བར་སྨྲ་བའི་འདོད་ཚུལ་དང་གཅིག་མཚུངས་མིན། དབྱིན་ཇིའི་ལྟ་བ་དེ་རིགས་འདོད་མཁན་གྱི་འཐུས་ཚབ་མི་སྣ་ལི་ཝིར་སི་དང་ལྷག་པར་སི་མི་སི་དང་ཕེ་ལེ་ཡིན། ཁོང་རྣམས་ཀྱི་ཀྱི་ལྟ་བ་འགའ་གསེད་བཀྲོལ་རེ་ཞུས་ན།
དབྱིན་ཇིའི་རིག་གནས་ཁྱབ་སྤེལ་སྨྲ་བ་ཚོས། ཨེ་ཇེབ་ནི་རིག་གནས་ཀྱི་འབྱུང་ཁུངས་ཡིན་པར་འདོད། དེས་ན་ཁོང་རྣམས་ནི་རྒྱུ་གཅིག་རིག་གནས་ཁྱབ་སྤེལ་སྨྲ་བ་ཡིན། ཁོང་རྣམས་ཀྱི་འདོད་ཚུལ་ལ། སྤྱི་ལོའི་སྔོན་གྱི་ལོ་2600ཡི་ཡར་སྔོན་དུ། ཨེ་ཇེབ་ལ་གནའ་བོའི་རིག་གནས་ཤིག་ཡོད་ཅིང་། ཆེས་ཐོག་མར་ཡོབ་གླིང་ནུབ་ཁུལ་དུ་དར་བར་འདོད། མཁས་དབང་ཕེ་ལེའི་གསུང་རྩོམ་《ཤེས་རིག་གོང་འཕེལ》ཞེས་པའི་ས་བཅད་ལྔ་པའི་ནང་དུ། གནས་དོན་དེར་ཁ་གསལ་ཞིབ་རྒྱས་ཀྱིས་འགྲེལ་པ་བྱས་ཡོད་ལ། ས་བཅད་དྲུག་པའི་ནང་དུ་གནའ་བོའི་རིག་གནས་དེ་རིགས་རྒྱ་ཁྱབ་ཏུ་འཕེལ་ཚུལ་གླེང་ཡོད། ཁོང་གི་བཞེད་པར། ཡོབ་གླིང་ལས་གཞན་པའི་འཛམ་གླིང་ས་གནས་གཞན་དབར་གྱི་རིག་གནས་ཚང་མ་ཨེ་ཇེབ་རིག་གནས་ཀྱི་ཤན་ཞུགས་ཡོད་པར་སྨྲ་ལ། ལྷག་པར་མཚོ་ལམ་བཤར་བགྲོད་ཐུབ་པས་ཨེ་ཇེབ་ཀྱི་རིག་གནས་དེ་ས་གནས་གང་སར་ཁྱབ་ཅིང་། ས་གནས་དེ་དག་གི་རིག་གནས་དང་ཨེ་ཇེབ་ཀྱི་རིག་གནས་དབར་ཆ་འདྲ་བ་ཡོད་པར་འདོད། ཡོབ་གླིང་ཕུད། ཤར་ཕྱོགས་རྒྱལ་ཁབ་ཁྲོད་ནས་ཨེ་ཇེབ་རིག་གནས་ཀྱི་ཤན་ཞུགས་ཐབས་སྔ་ཤོས་ནི་རྒྱ་གར་ཡིན་པར་འདོད་ཅིང་། མི་རྣམས་ཀྱིས་རྒྱ་གར་དུ་རྡོ་བརྩིགས་ཀྱི་བང་སོ་དང་སྒོར་ཞིང་ངོས་སྙོམས་པའི་རྡོ་ལེབ་མཐོང་རྒྱུ་ཡོད་པ་དེ་དག་ཡོབ་གླིང་དང་སི་ར་ཡ་ལ་སོགས་པའི་ས་ཕྱོགས་མང་པོར་ཡང་མཐོང་རྒྱུ་ཡོད།
རྒྱ་གར་ནི་གནའ་བོའི་རིག་གནས་ཁྱབ་སྤེལ་བྱེད་གནས་གལ་ཆེན་ཞིག་ཡིན། གང་ལགས་ཤེ་ན། རྒྱ་མཚོ་ཆེན་པོའི་གླིང་( Polynesian)གི་རིག་གནས་ཀྱི་ཕ་ས་ཡིན་པ་རེད། རྒྱ་མཚོ་ཆེན་པོའི་གླིང་གི་མེས་པོ་ནི་གནའ་བོའི་རིག་གནས་ཁྱབ་སྤེལ་བྱེད་མཁན་ཡིན། ཞི་བདེ་རྒྱ་མཚོ་ནས་མེ་གླིང་དུ་སྤེལ། མཁས་དབང་ཕེ་ལེས་གསུངས་དོན་འབར་མ་དང་མ་ལེ་ཕྱེད་གླིང་། ལྷག་པར་ཕང་ཧང་( Pahang)ས་ཕྱོགས་ནས་བརྡར་ཏེ་འཇམ་ཤ་བཏོན་པའི་རྡོ་ཆས་མང་པོ་རྙེད་པ་དང་། དེ་དག་ནི་རྒྱ་གར་དང་ཡོབ་གླིང་གི་གནའ་བོའི་རྡོ་ཆས་དང་འདྲ་པོ་ཡོད། རྡོ་ཆས་དེ་དག་ས་གནས་དེ་དག་ནས་རིམ་བཞིན་ཞི་བདེ་རྒྱ་མཚོ་དང་ཨ་རིའི་ཤར་ཕྱོགས་སུ་ཁྱབ། མཁས་དབང་ཕེ་ལེའི་དགོངས་བཞེད་ལྟར་ན། ཀྲུང་གོའི་རིག་གནས་ལའང་ཨེ་ཇེབ་ཀྱི་ཤན་ཞུགས་ཐེབས་ཡོད་པར་གསུངས། འོན་ཏེ་ཤན་ཞུགས་དེ་རིགས་ནི་ཐད་ཀར་བྱུང་བ་ཞིག་ཡིན་མི་སྲིད།
འཛམ་གླིང་ས་གནས་ཁག་གི་རིག་གནས་དེ་ཨེ་ཇེབ་རིག་གནས་ཀྱི་ཤན་ཞུགས་ཐེབས་པ་ཞིག་ཡིན་ན། ས་གནས་མང་ཆེ་བའི་དེང་གི་རིག་གནས་ཀྱང་གནའ་བོའི་ཨེ་ཇེབ་ཀྱི་རིག་གནས་ལ་འགྲན་མི་བཟོད་པའི་རྒྱུ་མཚན་གང་ཡིན་ནམ། རྒྱུ་མཚན་དེའི་ཐད་མཁས་དབང་དག་གི་འགྲེལ་བརྗོད་གནང་བར་གཞིགས་ན། དེ་ནི་རིག་གནས་ཕྱིར་བཤོལ་བྱས་པའི་དབང་གིས་ཡིན་པར་བཞེད། ང་ཚོས་ས་གནས་མང་ཆེ་བ་ནས་དངོས་སུ་ར་སྤྲོད་ཐུབ་པར་རིག་གནས་ཐོག་མངོན་ལྐོག་གང་རུང་ནས་ཨེ་ཇེབ་རིག་གནས་ཀྱི་ཤུགས་རྐྱེན་ཕོག་པའི་རྗེས་ཤུལ་མཐོང་རྒྱུ་ཡོད། འོན་ཏེ། ཁྱབ་སྤེལ་བྱས་པའི་བརྒྱུད་རིམ་ཁྲོད། གྲུབ་རྒྱུ་མང་པོ་ཞིག་ཇི་བཞིན་ཁྱབ་སྤེལ་མ་ཐུབ་པར་བོར་བརླག་སོང་བ་རེད། དེ་ནས་ཕྱིས་ཀྱི་མི་རྣམས་ཀྱི་སྣང་ཚོད་ལ་རིག་གནས་དེ་དག་ཨེ་ཇེབ་རིག་གནས་ལ་མི་དོ་བར་ལྟར་སྣང་ཞིང་། དེ་དག་དང་ཨེ་ཇེབ་རིག་གནས་ལ་འབྲེལ་བ་དེ་ཙམ་མེད་པར་བརྩིས་པ་རེད། དེ་ནི་གཙོ་བོ་ཕྲ་ཞིབ་ཀྱིས་ཞིབ་འཇུག་མ་བྱས་པའི་ཉེར་ལེན་ལས་བྱུང་། དོན་དུ་ཨ་ལ་སི་ཁའི་( Alaska)ཨེ་སི་ཅི་མོ་བའི་རིག་གནས་ཀྱི་ཤུལ་རྗེས་ལ་བལྟས་ན། རིག་གནས་དེ་དག་དུས་སྐབས་ག་གེ་མོ་ཞིག་གི་ནང་དུ་གོང་འཕེལ་ཧ་ཅང་ཆེན་པོ་ཕྱིན་པ་ཤེས་ཐུབ། དེ་ནི་རིག་གནས་ཕྱིར་བཤོལ་བྱས་པའི་ར་སྤྲོད་གལ་ཆེན་ཞིག་ཡིན།
ཨེ་ཇེབ་དེ་འཛམ་གླིང་ས་གནས་ཁག་གི་རིག་གནས་ཀྱི་ཕ་སར་གྲུབ་དོན་ནི། ཨེ་ཇེབ་ཀྱི་རང་བྱུང་ཁོར་ཡུག་དང་འབྲེལ་བ་དམ་ཟབ་ཡོད། དེའང་ཡིན་ཏེ། ཉི་ལོའི་གཙང་པོའི་དབང་གིས་ཨེ་ཇེབ་ནི་ཆུ་འདྲེན་མཁན་གྱི་མི་རིགས་ཆེས་ཐོག་མར་གྱུར། ཞིང་ཆུ་འདྲེན་པ་ནི་ཞིང་ལས་ཐོག་ནུས་པ་འགངས་ཆེན་ཐོན་པས། ཞིང་ལས་འཕེལ་རྒྱས་ཡག་པོ་བྱུང་། དེའང་གནའ་བའི་རིག་གནས་ཀྱི་རྨང་གཞི་ཡིན། ཞིང་ལས་ཕུད། ཨེ་ཇེབ་དེ་ཉི་ལོ་གཙང་པོ་དང་ཏི་ཀྲུང་རྒྱ་མཚོའི་དབར་ལ་འབྲེལ་བ་ཡོད་མཁན་ཞིག་ཡིན་པས། མཚོ་གྲུ་གསར་གཏོད་བྱེད་མཁན་གྱི་མི་རིགས་ཤིག་ཏུ་གྲུབ། ཉི་ལོ་གཙང་པོ་ནི་དུས་ཚོད་གཏན་འཁེལ་གྱིས་རྒྱས་ཀྱི་ཡོད་པས། ཨེ་ཇེབ་མི་རིགས་དེ་ལོ་ཐོ་གསར་གཏོད་བྱེད་མཁན་གྱི་མི་རིགས་ཤིག་ཏུ་གྱུར། གཞན་ཡང་མཁས་དབང་ཕེ་ལེའི་དགོངས་པ་ལྟར། ཆབ་སྲིད་དང་ཆོས་ལུགས། ད་དུང་བཟོ་ལས་སྒྱུ་རྩལ་སོགས་ཀྱི་ཐད་ཨེ་ཇེབ་ནི་ཆེས་སྔ་ཤོས་ཡིན། གསར་གཏོད་དེ་དག་ནི་སྤྱིར་ཨེ་ཇེབ་ཁུལ་གྱི་ཉི་ལོ་གཙང་པོའི་རང་བྱུང་ཁོར་ཡུག་དང་འབྲེལ་བ་དམ་ཟབ་ཡོད། དཔེར་ན། མཁས་དབང་ཕེ་ལིའི་དགོངས་པ་ལྟར་ན། ཟངས་རིགས་སྤྱོད་མཁན་སྔ་ཤོས་ནི་ཨེ་ཇེབ་ཡིན་པར་འདོད། ཡང་ཟངས་རིགས་དེ་དག་གིས་ཁབ་དང་གྲི། གཟོང་སོགས་བཟོ་འགོ་ཚུགས། གྲི་དང་གཟོང་གསར་གཏོད་བྱས་པ་ནི་འཛམ་གླིང་གི་རིག་གནས་འཕེལ་རྒྱས་ལོ་རྒྱུས་ཁྲོད་ཆེས་གལ་འགངས་ཆེ་བའི་དུས་མཚམས་ཤིག་ལ་སླེབས་ཡོད་དེ། ཨེ་ཇེབ་ཀྱི་རྒྱལ་རབས་དང་པོ་དེ་ཡང་དེའི་དུས་སུ་བྱོན་པ་རེད།
མཁས་དབང་ཕེ་ལེས་རིག་གནས་དེ་ཁག་གཉིས་སུ་འབྱེད་ཅིང་། གཅིག་ནི་ཟས་རིགས་འཚོལ་སྡུད་ཀྱི་རིག་གནས་དང་། གཞན་ཞིག་ནི་ཟས་རིགས་ཐོན་སྐྱེད་བྱེད་པའི་རིག་གནས་ཡིན། རིག་གནས་དེ་གཉིས་ལས་སྔ་མ་བྱུང་སྔ་ཞིང་། ཕྱི་མ་བྱུང་ཕྱི། འཛམ་གླིང་གི་མི་རིགས་ཚང་མའི་རིག་གནས་ནི་ཟས་རིགས་འཚོལ་སྡུད་བྱེད་པ་ནས་འགོ་བརྩམས་པ་ཡིན། ཟས་རིགས་འཚོལ་སྡུད་བྱེད་པའི་རིག་གནས་དུས་སྐབས་སུ། མིའི་རིགས་ཀྱིས་རྡོ་ཆས་སྣ་ཚོགས་བེད་སྤྱོད་བྱེད་ཤེས་པ་ཡིན། འོན་ཏེ་ཟས་རིགས་ཐོན་སྐྱེད་བྱེད་པའི་རིག་གནས་ནི་གཙོ་བོ་ཨེ་ཇེབ་ལས་བྱུང་བ་ཡིན། གང་ལགས་ཤེ་ན། གོང་དུ་བརྗོད་ཟིན་པའི་ཞིང་ལས་ཀྱི་བྱུང་བ་དང་། བཟོ་ལས་གསར་གཏོད་བཅས་ནི་རིག་གནས་དེའི་ཁྱད་རྟགས་ཡིན། མིའི་རིགས་ཀྱི་རིག་གནས་དེ་གོང་འཕེལ་ཀྱི་ལོ་རྒྱུས་ཇི་ཙམ་བརྒྱུད་དེ་ཟས་རིགས་ཐོན་སྐྱེད་ཀྱི་རིག་གནས་དུས་མཚམས་སུ་ཐོན་མིན་མི་ཤེས་རུང་། དུས་མཚམས་དེའི་འབྱུང་ཁུངས་ནི་ཨེ་ཇེབ་ཡིན། གང་ལགས་ཤེ་ན། གོང་དུབརྗོད་ཟིན་ལྟར། གཙོ་བོ་རང་བྱུང་གི་ཁོར་ཡུག་དང་། ལྷག་པར་ཉི་ལོ་གཙང་པོ་ཡོད་པའི་དབང་གིས་ཡིན།
ང་ཚོས་གོང་དུ་རིག་གནས་ཁྱབ་སྤེལ་སྨྲ་བའི་གཞུང་ལུགས་གཙོ་བོ་འགའ་ལ་འགྲེལ་བརྗོད་བྱས་ཟིན། ད་ལྟ་གཞུང་ལུགས་དེ་དག་ལ་དཔྱད་འཇོག་རགས་ཙམ་ཞིག་བྱ་རྒྱུ་ཡིན། སྤྱིར་གྱི་ཆ་ནས་བརྗོད་ན། ཁྱབ་སྤེལ་སྨྲ་བར་བློས་བསླངས་བཞི་ཡོད་པ་སྟེ། ༡ ཨེ་ཇེབ་རིག་གནས་ནི་འཛམ་གླིང་ཐོག་ཏུ་ཆེས་སྔ་ཤོས་ཀྱི་རིག་གནས་རེད་ཟེར་བ་དང་། ༢ ཨེ་ཇེབ་ཀྱི་རང་བྱུང་ཁོར་ཡུག་དེ་ཟས་རིགས་ཐོན་སྐྱེད་བྱེད་པའི་རིག་གནས་ཐོན་པར་འཚམས་པ་ཡིན། ༣ འཛམ་གླིང་ས་གནས་ཁག་གི་རིག་གནས་ཀྱི་གྲུབ་རྒྱུ་མང་ཆེ་བ་ཨེ་ཇེབ་དང་ཆ་འདྲ་བ་ཡོད་པ་དང་། ༤ གལ་ཏེ་ས་གནས་དེ་དག་གི་རིག་གནས་ཨེ་ཇེབ་ལས་སྐྱོ་བ་ཡོད་ན། རིག་གནས་དེ་དག་ཕྱིར་བཤོལ་བྱས་པ་རེད་ཅེས་པ་བཞིའོ། གང་ལགས་ཤེ་ན། མཁས་དབང་ཕེ་ལེས་ཨེ་ཇེབ་རིག་གནས་ནི་འཛམ་གླིང་ཐོག་ཏུ་ཆེས་སྔ་བའི་རིག་གནས་ཤིག་ཡིན་པར་འདོད་ཅིང་། ཏི་ག་ལི་སི་གཙང་པོ་དང་། ཡུ་ཧྥུ་ལ་ཐ་སི་གཙང་པོ། ཆུ་བོ་གངྒ། རྨ་ཆུ་བཅས་ནི་ཟས་རིགས་ཐོན་སྐྱེད་བྱེད་པའི་རིག་གནས་ལ་མི་འཚམས་པ་མ་ཟད། ཆུ་བོ་དེ་དག་ལས་བྱུང་བའི་རིག་གནས་དེ་ཉི་ལོ་གཙང་པོ་ལས་བྱུང་བའི་རིག་གནས་ལས་ཕྱི་བར་བཞེད། དེ་དང་དུས་མཚུངས་སུ། ཨེ་ཇེབ་རིག་གནས་དང་ཆ་འདྲ་ན། ཨེ་ཇེབ་ནས་ཁྱབ་སྤེལ་བྱས་པ་དང་། ཨེ་ཇེབ་རིག་གནས་ལས་ཞན་པ་ཡོད་ན། དེ་ནི་ཕྱིར་བཤོལ་བྱས་པ་ཡིན་པར་གསུངས། དོན་དུ་བློས་བསླངས་བཞི་པོ་དེ་དག་ལས་ཆེས་གལ་འགངས་ཆེ་ཤོས་ནི་བློས་བསླངས་དང་པོ་དེ་ཡིན། འོན་ཏེ་མཁས་དབང་ཕེ་ལེ་ཁོ་རང་གིས་བློས་བསླངས་དང་པོར་སྒྲུབ་བྱེད་ཁུངས་འཕེར་ཞིག་གི་ཐོག་ནས་གཏན་འཁེལ་གནང་ཐུབ་མེད། དཔེར་ན། ཁོང་གི་《རིག་གནས་གོང་འཕེལ་》ཞེས་པའི་གསུང་རྩོམ་གྱི་ས་བཅད་གསུམ་པའི་ནང་དུ་ཟངས་ཆས་ཀྱི་བྱུང་བ་བརྗོད་སྐབས། ཁོང་གིས་སྒྲུབ་བྱེད་མང་པོའི་སྒོ་ནས་ཟངས་ཆས་དེ་ཨེ་ཇེབ་ནས་གསར་གཏོད་བྱས་ཚུལ་བརྗོད་ཡོད། འོན་ཏེ་ཡང་ཁོང་གིས་མིའི་རིགས་ཀྱིས་ཟངས་ཆས་ཀྱི་འབྱུང་ཁུངས་དེ་ཨེ་ཇེབ་ལས་གཞན་པའི་ས་ཕྱོགས་གཞན་ཞིག་ནས་བྱུང་ཡོད་ཚུལ་མ་འོངས་པར་ངེས་ཤེས་འདྲོངས་སྲིད་ཅེས་གསུངས་པ་དང་། ཁོང་གི་དགོངས་བཞེད་ལྟར་ན། ས་ཕྱོགས་གཞན་ཞིག་མ་རྙེད་པའི་སྔོན་དུ་ཟངས་ཆས་ཀྱི་འབྱུང་ཁུངས་དེ་ཨེ་ཇེབ་ཡིན་པར་འདོད་ན་འགྲིག་པར་བཞེད་པས། དེ་ནི་གནས་སྐབས་ཀྱི་དགོངས་པ་ཙམ་ལས་མཐའ་གཅིག་ཏུ་ཨེ་ཇེབ་ཡིན་ནོ་ཞེས་སྡོམ་ཚིག་བཀོད་མེད་པས། མ་འོངས་པར་ཞིབ་འཇུག་བྱེད་པའི་བར་སྟོང་ཡངས་པོ་ཞིག་ཕྱེས་གནང་། ཡང་ས་བཅད་དྲུག་པའི་ནང་དུ། ཁོང་གིས་བསྟན་དོན། ཨེ་ཇེབ་ཀྱི་རིག་གནས་ཞེས་པ་ནི། རིག་གནས་དེ་རིགས་ཆེས་ཐོག་མ་ཨེ་ཇེབ་ཀྱི་ཡུལ་ནས་དར་ཟེར་བའི་དོན་མིན་པར། ཨེ་ཇེབ་ཀྱི་རིག་གནས་ནི་འཛམ་གླིང་ཐོག་གི་རིག་གནས་སྣ་ཚོགས་པ་དག་ཨེ་ཇེབ་པ་དག་གིས་བེད་སྤྱོད་བྱས་པའི་དོན་དུ་གོ་ཞེས་གསུངས། དེ་ལྟར་ཡིན་སོང་ན། ཨེ་ཇེབ་ཀྱི་རིག་གནས་དེ་ཡང་ཨེ་ཇེབ་ཀྱི་མི་ཚོས་གསར་དུ་གཏོད་པ་མིན་པར་ཐལ་བར་གྱུར། ཨེ་ཇེབ་ཀྱི་རིག་གནས་དེ་ཨེ་ཇེབ་པ་དག་གིས་གསར་དུ་གཏོད་པའི་ཞིག་མིན་ན། ཨེ་ཇེབ་དེ་འཛམ་གླིང་རིག་གནས་ཀྱི་འབྱུང་ཁུངས་སུ་ཇི་ལྟར་འགྲོ། དེས་ན། འཛམ་གླིང་ས་གནས་ས་གནས་ཁག་གི་རིག་གནས་དེ་ཨེ་ཇེབ་ལས་ཁྱབ་པར་སྨྲ་བ་དེ་ཡང་མ་བཤིག་རང་འཐོར་དུ་སོང་བ་མ་རེད་དམ། དེ་བཞིན་དུའང་མཁས་དབང་ཁོང་གིས་ཟས་རིགས་ཐོན་སྐྱེད་རིག་གནས་དེའི་སྔོན་རོལ་ན་ཟས་རིགས་འཚོལ་སྡུད་རིག་གནས་ཞེས་པ་ཞིག་ཡོད་ཅེས་གསུངས་པ་མ་ཡིན་ནམ། དུས་མཚམས་དེ་ནི་མི་རིགས་ཚང་མར་ཡོད་ཅིང་། མི་རྣམས་ཀྱི་བརྗོད་པའི་རྡོ་ཆས་དུས་རབས་ཀྱི་རིག་གནས་ཡིན། མི་རིགས་ཚང་མས་རྡོ་ཆས་གསར་དུ་གཏོད་ནུས་པ་ཡིན་མོད། འོན་ཏེ་ཟངས་ཆས་གསར་དུ་གཏོད་མི་ཐུབ་དོན་གང་ཡིན་ནམ། དོན་དུ་ཨེ་ཇེབ་ཀྱི་གནའ་བོའི་རིག་གནས་ཞེས་པ་ནི་ཆེས་སྔ་ཤོས་ཀྱི་རིག་གནས་མིན་པར། རིག་གནས་འཕེལ་རྒྱས་གང་ཙམ་སོང་རྗེས་ཀྱི་རིག་གནས་ཀྱི་དུས་མཚམས་ཤིག་རེད། དེས་ན། ཨེ་ཇེབ་ཀྱི་རིག་གནས་དེའང་ལྟོས་བཅས་ཀྱི་རིག་གནས་ཀྱི་འབྱུང་ཁུངས་ཆ་འདྲ་བ་ཞིག་ལས། རིག་གནས་ཀྱི་འབྱུང་ཁུངས་དངོས་གཞི་དེ་མིན། གང་ལགས་ཤེ་ན། མཁས་དབང་ཕེ་ལེ་ཁོ་རང་གིས་ཀྱང་ཟས་རིགས་ཐོན་སྐྱེད་བྱས་པའི་སྔོན་རོལ་ན། ད་དུང་ཟས་རིགས་འཚོལ་སྡུད་ཀྱི་དུས་སྐབས་ཤིག་ཡོད་ཅེས་གསུངས་པ་མ་ཡིན་ནམ། ཟས་རིགས་འཚོལ་སྡུད་བྱེད་པ་ནི་མི་རིགས་ཚང་མར་ཐུན་མོང་དུ་ཡོད་པ་ཞིག་ལས། མི་རིགས་ག་གེ་མོ་ཞིག་གིས་གསར་དུ་གཏོད་མི་དགོས། དེ་ལྟར་ཡིན་སྟབས། མིའི་རིགས་ཀྱི་རིག་གནས་ཀྱི་འབྱུང་ཁུངས་དངོས་ནི་སྣེ་མང་ཞིག་ཡིན་པ་ལས། སྣེ་གཅིག་རྐྱང་པ་ཞིག་གཏན་ནས་མིན་ཞིང་། མཁས་དབང་ཕེ་ལེས་ཀྱིས་ཀྱང་ཨེ་ཇེབ་ཁོ་རང་གི་རིག་གནས་ཀྱང་ཨེ་ཇེབ་པ་ཚོས་གསར་དུ་གཏོད་པ་ཞིག་མིན་པར་གསུངས་པས། རིག་གནས་ཁོ་རང་ཡང་སྣེ་མང་ཞིག་ལས་སྣེ་གཅིག་ཞིག་མིན་པ་དེ་བས་ར་སྤྲོད་གནང་བ་མ་རེད་དམ།
དོན་དུ་འཛམ་གླིང་རིག་གནས་ཚང་མ་ནི་ཨེ་ཇེབ་ནས་བྱུང་བར་འདོད་པའི་གཞུང་ལུགས་དེར་ཁྱབ་སྤེལ་སྨྲ་བ་ཆེ་ཤོས་དེས་ཀྱང་ཁས་ལེན་གྱི་མེད། མཁས་དབང་སི་མི་སི་མཆོག་གི་གསུང་རྩོམ་《རིག་གནས་ཁྱབ་སྤེལ་》ཞེས་པའི་ནང་དུ་བསྟན་དོན། མི་རྣམས་ཀྱི་བསམ་པ་ལ་ང་དང་ངའི་ལས་རོགས་ཚང་མས་འཛམ་གླིང་ཐོག་གི་མཛེས་རྩལ་དང་བཟོ་རྩལ། དམངས་སྲོལ། དད་མོས་ཚང་མ་ཨེ་ཇེབ་ནས་དར་བར་བཤད་པར་སེམས་ཀྱི་ཡོད། ཡང་སྙིང་མི་སུ་ཞིག་གིས་གླེན་གཏམ་དེ་འདྲ་བརྗོད་སྲིད་དམ་ཞེས་གསུངས་ཡོད་པ་དང་། ཡང་ཁོང་གིས་གསུངས་དོན། ཁོང་རྣམས་པས་རིག་གནས་དེ་རང་དབང་ངང་ནས་གྲུབ་པར་དགག་པ་བྱེད་ཀྱི་མེད་པར། ཁོང་རྣམས་ཀྱིས་ནན་བཤད་བྱེད་པ་ནི་རིག་གནས་དེ་རང་དབང་ངང་ནས་བྱུང་བའི་སྒྲུབ་བྱེད་ཁུངས་བཙུན་ཞིག་མ་རྙེད་པས་ཡིན། གལ་ཏེ་མཁས་དབང་སི་མི་སིའི་དགོངས་པ་དེ་ཁྱབ་སྤེལ་སྨྲ་བ་ཚོའི་འཐུས་ཚབ་བྱ་ནུས་ན། སྣེ་གཅིག་ཁྱབ་སྤེལ་སྨྲ་བ་དང་སྣེ་མང་ཁྱབ་སྤེལ་སྨྲ་བའི་དགོངས་པའི་ཁྱད་པར་ནི། མི་རྣམས་ཀྱིས་བརྗོད་པ་ལྟར་གྱི་གནམ་སའི་ཁྱད་པར་ལྟ་བུ་ཞིག་འཛོལ་མེད། ང་ཚོའི་འདོད་པ་ལྟར་ན། རིག་གནས་ནི་རྙོག་འཛིང་ཆེ་བའི་སྤྱི་འདུས་ཤིག་ཡིན་ཞིང་། རིག་གནས་གང་ཞིག་ས་གནས་ག་གེ་མི་ཞིག་ནས་ཁྱབ་སྤེལ་བྱས་པ་དང་། རིག་གནས་གང་ཞིག་དུས་མཉམ་དུ་བྱུང་བ་སོགས་ཀྱི་གནད་འགག་ནི། རིག་གནས་ཐོག་གི་གནད་དོན་འགའ་ཞིག་ཡིན་པ་ལས། རིག་གནས་ཐོག་གི་གནད་དོན་ཧྲིལ་པོ་ཞིག་མིན། གལ་ཏེ་རིག་གནས་ཡོད་ཚད་དང་འགའ་ཞིག་རང་དབང་དུ་བྱུང་བ་ཁོ་ན་ཡིན་ཞེས་བརྗོད་ན་མི་འགྲིག་ལ། རིག་གནས་ཡོད་ཚད་དང་འགའ་ཞིག་ཁྱབ་སྤེལ་ཁོ་ན་ལས་བྱུང་བ་རེད་ཅེས་བརྗོད་ནའང་ཡང་དག་ཅིག་གཏན་ནས་མིན། དེས་ན། རིག་གནས་ནི་རང་དབང་དུ་བྱུང་བ་དང་ཁྱབ་སྤེལ་བྱས་ནས་བྱུང་བ་གཉིས་ཀའི་ཆ་དང་ལྡན་པ་ཞིག་ཡིན་ཞེས་གནས་སྐབས་དེ་ལྟར་སྡོམ་ཚིག་བཞག་ན་ཅུང་ལེགས་པར་མཐོང་ངོ་།
ཆེད་དེབ«ཕལ་པའི་རང་མདངས»ལས་བཏུས།
སྒྲིག་སྦྱོར་པ། རོང་པོ་རང་འཚོལ།