མི་ངན། གསར་བྲིས་ལྷུག་རྩོམ། རོང་པོ་རང་འཚོལ།

民生   2024-06-08 20:27   西藏  





  རྨ་དགེ་མོ་ནམ་སྤྱི་སྟེགས་སུ་ཕེབས་པར་དགའ་བསུ་ཞུ།     


མི་ངན།

 
རྩོམ་པ་པོ། རོང་པོ་རང་འཚོལ།




   ཁོ་ནི་མི་ངན་ཞིག་རེད། གཤམ་དུ་ངས་ཁོའི་མཚང་བརྟོལ་རྒྱུ་ཡིན།


  མི་རེའི་སེམས་སུ་མི་ངན་ཟེར་བ་དེར་ངོས་འཛིན་སྟངས་མི་འདྲ་བ་སྣ་ཚོགས་ཡོད་སྲིད་པས། དོན་ངོ་མར་མི་ངན་ཟེར་བ་དེ་གང་འདྲ་ཡིན་མིན་ཐད་ཚད་ཐིག་ཅིག་འཇོག་དཀའ་ཡང་། ངའི་སེམས་ན་ཁོ་རང་ནི་ངོ་མ་མི་ངན་གླུད་འདྲ་བ་ཞིག་ཡིན། ཐ་ན་ཁོའི་མགོ་ཐོག་གི་ཞྭ་མོ་དེ་ཁོ་ནར་བསམས་ནའང་སྙིང་ན་ཡོང་བ་ཞིག་རེད། ཁོ་དུས་རྒྱུན་ཞྭ་མོ་དེ་འདྲ་ཞིག་གྱོན་རྒྱུར་དགའ་བའང་ཁོའི་གཤིས་ཀ་དང་འབྲེལ་བ་ཡོད་བཟོ་འདུག ངའི་སེམས་སུ་ཁྲོམ་རར་ཞྭ་མོ་དེའི་རིགས་བཙོང་རྒྱུ་མེད་ན་སྙམ།

  ངས་ཞྭ་མོ་དེའི་རིགས་ལ་མིང་ཇི་འདྲ་འབོད་ཀྱི་ཡོད་པ་མི་ཤེས། ཞྭ་མོ་མཆུ་ཏོ་ཐུང་ཐུང་བཟོ་ལྟ་གོར་དབྱིབས་ཅན་ཞིག་རེད། ཁྱད་མཚར་བ་ཞིག་ལ། ཞྭ་མོ་དེ་གཞན་གྱིས་གྱོན་དུས་ཧ་ཅང་འཚམ་ཞིང་སྙིང་རྗེ་མོ་ཞིག་འདུག་ཀྱང་། ཁོའི་མགོ་ལ་གྱོན་དུས་ཞྭ་མོའི་ཐོག་ཏུ་གདུག་པ་ཅན་གང་ཞིག་འབྱར་བསྡད་པ་ལྟར་ཧ་ཅང་མཐོང་མི་འདོད་པ་ཞིག་འདུག ད་དུང་ཁོས་སྐབས་རེ་ཞྭ་མོ་དེ་ཕྱི་སྟངས་བསློགས་ནས་གྱོན་ཡོང་བས། ཚུལ་དེ་མཐོང་དུས་ངས་མི་མངོན་ས་ནས་ཁོ་ལ་མིག་ལོག་ཀྱང་ལྟ་མྱོང་།

  ད་དུང་ཁོའི་ལྭ་བ། ཁོས་ལྭ་བ་དེ་འདྲ་ཞིག་གྱོན་ཡོང་དོན་ཅི་ཞིག་ཡིན་ནམ། ལྭ་བ་དེའང་མིག་ལ་གཟན་པ་ཞིག་རེད། ལྭ་བའི་ཁ་དོག བཟོ་ལྟ། ཆེ་ཆུང་། གང་ནས་བལྟས་ཀྱང་ཡིད་དུ་འོང་བ་གཅིག་ཀྱང་མི་འདུག ཁོས་ད་དུང་ལྭ་བ་དེ་ཅི་ཞིག་ཡིན་མདོག་གིས་འགྲོ་ཞོར་འདུག་ཞོར་སྤྲུག་སྤྲུག་བྱེད་ཀྱིན་འདུག་པས། ང་ནི་ཁྲེལ་དགོད་ཅིག་ཀྱང་ཤོར་འགྲོ། ཁོ་རང་ལམ་ལ་འགྲོ་དུས་ལྭ་བ་རླུང་གིས་གཡོ་བའི་ཚུལ་ནི། ཁོ་མི་ཚོགས་ཀྱི་མདུན་དུ་བསྡད་ནས་སྨྱོ་ལབ་རྒྱག་དུས་ཀྱི་ལྕེ་ལེབ་གཡུག་སྟངས་དང་ཧ་ཅང་འདྲ། གང་ལྟར། ལྭ་བའི་འགུལ་སྐྱོད་ཚུན་ལ་ངས་མཐོང་འདོད་པ་ཞིག་བཙལ་ཀྱང་མི་རྙེད།

  དེ་དག་ནི་ཁོའི་ཕྱི་ཚུལ་ཞིག་ཟེར་ཆོག་ཀྱང་། དེ་ལས་ཀྱང་མཐོང་མི་འདོད་པ་ཞིག་ཡོད་པ་ནི་ཁོའི་ངོ་གདོང་ཡིན། ཁོ་ལ་དྲིན་ཕ་མས་ངོ་སྡུག་དེ་འདྲ་ཞིག་ལས་མ་སྤྲད་པ་སྙིང་རེ་རྗེ། ཁོའི་གདོང་མདོག་དང་ཁ་མིག་རེ་རེ་ནས་སྐྱུག་བྲོ་བའི་རྣམ་པ་ཞིག་མངོན་ཡོང་། དོན་ལ་ཁོ་རང་ཤ་རྩི་དཀར་པོ་ཅན་ཞིག་ཡིན་ཡང་། ངའི་མིག་སྔུན་དུ་ཁོའི་སྐྱ་མདོག་གི་ངོ་གདོང་དེ་མི་གཙང་བ་གང་ཞིག་བྱུགས་པ་ལྟར་ཧ་ཅང་ཡི་གར་མི་ཡོང་བ་ཞིག་རེད། དེའི་སྟབས་ཀྱིས་ང་རང་ཁོའི་གམ་དུ་ཐོན་དུས་མིག་ཟུང་གཞན་ཞིག་ལ་གཏད་དེ་སྡོད་དགོས་ཀྱི་ཡོད། མ་གཞི་ནས། ང་ལ་ཧ་ཅང་མཐོང་མི་འདོད་པ་ཞིག་ཡོད་པའང་ཁོ་དང་ཁོའི་ངོ་གདོང་ཟེར་ཆོག

  ད་དུང་ཁོའི་སྐད་ཆ། ཚིག་འབྲུ་རེ་རེ་ལ་ཁབ་རྩེ་འབུག་རྩེ་ལྟ་བུའི་རྣོ་ངར་ཞིག་ལྡན། གཟེ་མ་ར་མགོ་ལྟ་བུའི་ཁོའི་ཚིག་འབྲུ་དག་ཐོས་པ་ཙམ་གྱིས་མི་སེམས་ལའང་ཁབ་གཙག་འབུག་གཙག་བཟོ་ངེས་ཀྱང་། ཁོ་ལ་དགའ་བའི་མི་མང་པོ་ཞིག་གིས་ཁོའི་སྐད་ཆར་རྣ་བ་ཀྲོང་ཀྲོང་གིས་ཉན་གྱི་འདུག་པས། ངས་མི་དེ་དག་སྨྱོན་པ་རེད་སྙམ། དེ་བཞིན་མི་ངན་ཞིག་གི་ཁ་ལ་ཉན་མཁན་གྱི་མི་དེ་དག་ཀྱང་ཁྱི་སྤྱང་ངན་སྦྲེལ་བྱེད་མཁན་གྱི་མི་ངན་སྐོར་ཞིག་ཡིན་པ་ངས་གསལ་པོ་ཤེས་ཡོད། དོན་དུ་ཁོས་སྐད་ཆ་ཇི་འདྲ་ཞིག་བཤད་ནའང་རྣར་འགྲོ་བ་ཚིག་གཅིག་མི་བཤད་པ་ཁོ་ཐག་ཡིན། དེས་ན། ང་ལ་མཚོན་ན། ཁོའི་སྐད་ཆ་ནི་འཇིག་རྟེན་འདིར་ཆེས་མི་སྡུག་པའི་འཛེར་སྐད་ཅིག་ཟེར་ཆོག

  དེ་ཡང་རྩ་བ་ནི་ཁོའི་སེམས་ལ་འབྲེལ་བ་ཡོད། གལ་ཏེ་ཁོའི་སེམས་དེ་སྐྱེ་དངོས་ཤིག་ཡིན་པའི་དབང་དུ་བཏང་ན་ཚེར་མ་དང་། དངོས་པོ་གཞན་ཞིག་ཡིན་པའི་དབང་དུ་བཏང་ན་དུག་ཅན་ཞིག་ཡིན་ངེས། མིའི་རི་མོ་ནང་དང་སྟག་གི་རི་མོ་ཕྱི་ཟེར་ཡང་། ང་ལ་མཚོན་ན་ཁོའི་ནང་སེམས་ཀྱི་རི་མོ་ཐམས་ཅད་ཁྲ་ཤིག་ཤིག་ཏུ་མཐོང་ཐུབ་པ་མ་ཟད། ཁོའི་སེམས་ཀྱི་ནག་ནོག་གི་རི་མོ་དེས་ངའི་སེམས་ལའང་ནག་ནོག་བགོ་ཡོང་བ་ཞིག་ཡིན། མི་ངན་རྫ་མའི་རྐུབ་དང་འདྲ། ཐུག་ཐུག་ཐམས་ཅད་ནག་པོ་བཟོ་ཞེས་པའི་གཏམ་དཔེ་དེ་གོ་བ་གཞན་ཞིག་ནས་བླངས་ན་ཁོ་ལ་འཕྲོད་འགྲོ་བ་ཞིག་རེད། ཁོའི་སེམས་ངན་ནག་ལིང་ངེ་བ་དེས་མི་གཞན་གྱི་སེམས་པའང་ནག་ལིང་ངེར་བཟོ་འགྲོ། ད་ཁོ་མི་ངན་ཞིག་ཏུ་གྲུབ་ཟིན་པ་མ་ཡིན་ནམ།

  ཁོ་མི་ངན་མ་ཡིན་པའི་ཚུལ་གཅིག་རང་མཐོང་རྒྱུ་བྱུང་བ་ནི། ལོ་ངོ་མང་པོའི་སྔ་རོལ་གྱི་ཞོགས་པ་དེར་ཟེར་ཆོག ཞོགས་པ་དེར་ང་གཉིས་ཐོག་མའི་ཐུག་ཕྲད་བྱུང་བ་རེད། ཞོགས་པ་དེ་ཁོ་ནར་ངས་ཁོ་རྒྱུས་ལོན་མ་བྱུང་བ་ལ་བརྟེན་ནས་ཁོ་མི་ངན་ཡིན་པའི་ཚུལ་ཅི་ཡང་མ་མཐོང་། འོན་ཏེ། ཉིན་གུང་མཚམས་སུ་ང་གཉིས་འབར་གནས་ཚུལ་དེ་འདྲ་ཞིག་བྱུང་བ་ལ་བརྟེན་ནས། ངས་ཁོ་མི་ངན་གླུད་འདྲ་བ་ཞིག་ཡིན་པ་གསལ་པོ་ཤེས་བྱུང་། ད་ནི་ཁོའི་བྱ་སྤྱོད་ཅི་འདྲ་ཞིག་བརྩམས་ནའང་ང་ལ་མཚོན་ན་ཞེ་མེར་བའི་རྒྱུ་ལས་ཅི་ཡང་མ་འདས། ཐ་ན་ཁོས་བྱ་བཟང་ལས་བཟང་ཞིག་སྒྲུབ་ཁུལ་བྱས་ནའང་། དེ་དག་ཚུལ་འཆོས་ཙམ་ཡིན་པ་ངས་གསལ་པོ་ཤེས་ཡོང་།

   མི་ངན་ཨང་། ད་ལྟ་ཁོ་དྲན་པ་ཙམ་གྱིས་ཀྱང་ངའི་སེམས་པ་ནག་ལང་ལོང་དུ་བསྒྱུར་འགྲོའོ། །



玛尔格莫兰
སྐལ་བ་བཟང་སོང་། འདི་ནས་འུ་ཚོས་དབྱངས་གསལ་གྱི་བྱིན་རླབས་ཞུ་རུ་འགྲོ།
 最新文章