ང་དང་ཁང་མིག་གུ་བཞི། ལྷུག་རྩོམ། འཁྱུང་བཟང་།

民生   2025-01-03 17:42   西藏  


ང་དང་ཁང་མིག་གྲུ་བཞི།
རྩོམ་པ་པོ། ཁྱུང་བཟང་།

   ཕྱི་ནང་མུན་པ་ལྟར་ནག་པའི་ཁང་མིག་གྲུ་བཞི་འདི། གཞན་ནས་གཡར་བའི་གནས་སྐབས་ཀྱི་ངའི་སྡོད་ཁང་ཡིན། ར་སྐོར་ཆུང་ཆུང་འདི་ནས་ངས་ཁ་བའི་འབབ་སྟངས་ལ་བལྟ་ཞིང་། ཞོགས་པའི་ཉི་གཞོན་གྱི་མཛེས་སྡུག་ལ་རྒྱང་ལྟ་བྱས། ཡུན་རིང་སོང་བའི་རྗེས་སུ་ཁ་ནང་ལ་འཁོར་ཏེ་སེམས་ལྷོད་ལ་འབབ་དུས། མིག་ལམ་ན་མཐོན་པོར་བརྩེགས་པའི་དཔེ་ཆ་དག་ནི་ད་གཟོད་རང་ཉིད་ལ་དབང་བའི་ལོངས་སྤྱོད་ཅིག་དང་། འགྲུལ་བཞུད་ཀྱི་ལམ་རྒྱགས་ཁོ་ན་རེད།
   ནམ་རྒྱུན་ལས་མཚམས་བཞག་རྗེས། ངས་ཁེར་རྐྱང་གིས་ཁང་མིག་འདིའི་ནང་འཛུལ་ཞིང་། བཏུང་ཆུ་མེད་པའི་དུས་སུ་ངས་སྐྱོ་ངལ་དང་བཅས་ཏེ་སྣོད་སྟོང་ལག་ཏུ་བཟུང་ནས་གཞན་གྱི་སྒོ་ཁར་འགྲིམས། ཞུ་བ་དང་བཅས་པའི་མིག་མདངས་ཀྱིས་ཁྱིམ་བདག་མོའི་རྣམ་འགྱུར་ལ་ཅེར་དུས། ད་གཟོད་ངས་ཨ་མའི་ཕྱག་གི་ཐོམ་བུ་དྲན་ཞིང་། དེའི་ནང་གི་འཛད་མཐའ་མེད་པའི་མཛེས་སྡུག་གི་ལོངས་སྤྱོད་རྣམས་དྲན།

   དཔྱིད་རླུང་ལྡང་བའི་དུས་སུ། ངའི་སྒོ་ཁ་ན་སྤུངས་པ་ནི་གྲངས་མེད་ཀྱི་ཤོག་ཧྲུལ་དང་། ཁ་བ་འབབ་པའི་དུས་སུ། ངའི་མཐའ་འཁོར་ལ་སྣང་བ་ནི་རང་ཉིད་ཁེར་རྐྱང་གི་རྐང་རྗེས་ཁོ་ན། འདི་དང་འདིའི་སྐབས་སུ་ངས་གནས་ལུགས་ཁ་ཤས་ཀྱང་ངང་གིསརྟོགས་ཡོང་།
   མ་གཞི་འཚོ་བ་ནི་རྒྱ་མཚོ་ཆེན་པོ་ཞིག་ཡིན་ལ། དེའི་ཕ་རོལ་ལ་བདེ་བླག་ངང་སྒྲོལ་དགོས་ན་ཐོག་མར་གྲུ་ཞིག་མཁོ་ཞིང་། དེ་ནས་སྐྱ་བ་ཞིག་ཀྱང་མཁོ་བར་བསམ། རྒྱུ་དེ་རྣམས་འཛོམས་རྗེས་ད་གཟོད་རང་ཉིད་ཤེས་བརྩོན་གྱི་དཔུང་ཤུགས་ཕྱི་རུ་བཏོན་ཚེ་ཕ་རོལ་གྱི་མཛེས་ལྗོངས་མཐོང་ཐུབ་ལ། གཞན་ལ་ཡང་མཛེས་སྡུག་དེ་གླེང་ཆོག་པར་སྙམ། ཡིན་ནའང་། རྩ་བའི་རྩ་བ་ནི་རང་ཉིད་ནས་འགོ་རྩོམ་དགོས་པའོ། །

   མཚམས་རེར་ཕྱི་རོལ་གྱི་འཇིག་རྟེན་ལ་དྲན་པ་སྐོར་ཚེ། དེ་ནི་དངོས་གནས་ཧ་མི་གོ་བའི་གཏམ་རྒྱུད་ཅིག་དང་འདྲ་ཞིང་། སྐབས་རེ་རང་ཉིད་ལ་བསམ་ཚེ། དེ་ཡང་ཧ་མི་གོ་བའི་གཏམ་རྒྱུད་ཅིག་དང་འདྲ།
   གྲོགས་པོ་ཚོས་ཁང་བརྩེགས་ཀྱི་ཆེ་ཆུང་དང་དེ་བཞིན་གཞན་གླེང་ཚེ། ང་དེ་ཚོར་ཡིད་སྨོན་གྱི་བསམ་པ་གང་ཡང་སྐྱེས་མ་མྱོང་། སློབ་ཆེན་འགྲིམ་པའི་གཅེན་གཅུང་ཚོའི་མདུན་ལམ་གྱི་ཆེད་དུ་རང་ཉིད་ཀྱི་ཁུག་མ་སྟོང་ཞིང་། ཁང་ཆུང་ཇི་ལྟར་གུ་དོག་ན་ཡང་། རྒྱུན་པར་ངའི་ཡིད་སེམས་ལ་རེ་བ་དང་བཅས་པའི་བདེ་དྲོད་ཅིག་རྒྱས། སང་ཉིན་ད་དུང་དེ་རིང་ཡིན་ག་ལ་སྲིད།
   ངོ་མ། གནམ་འོག་གི་སྐྱིད་སྡུག་དང་ལོངས་སྤྱོད་ལ་ཕ་མཐའ་དང་ངེས་གཏན་ཞིག་གང་ན་ཡོད་ཨང་། ཁྱོད་ཀྱི་བདེ་བ་དེ་གཞན་གྱི་སྡུག་བསྔལ་དང་། གཞན་གྱི་སྡུག་བསྔལ་དེ་ཁྱོད་ཀྱི་བདེ་བར་འགྱུར་ཡང་སྲིད་པས། གཞན་སེམས་ལ་རྨ་ཁ་བཟོས་ཤིང་། རང་སེམས་ན་ནོངས་འགྱོད་མེད་པ་ནི་ད་གཟོད་བདེ་སྐྱིད་ཀྱི་འཚོ་བ་ཡིན་འོས།

   འཕེལ་རྒྱས་ནི་སུས་ཀྱང་འདོད་ནའང་འཕེལ་རྒྱས་ཀྱི་རྒྱབ་ཕྱོགས་ནི་ཉམས་རྒུད་ཀྱི་གྲོང་ཚོ་ཞིག་རེད། ཁྱིམ་གཞི་དང་ཆུང་མ་ཡོད་ཅིང་། དབང་དང་རྒྱུ་ནོར་འཛོམས་པར་གྱུར་བ་རྣམས་ཀྱང་འཕེལ་རྒྱས་རེད། ཡིན་ཡང་། དེའི་རྒྱབ་ཕྱོགས་ན་ཀུན་མཐུན་དང་། དྲིན་གཟོ། བཀུར་བྱམས། བརྩེ་འདང་། ཁྲེལ་གཞུང་གི་མེ་ཏོག་ཁ་ཤས་རྙིང་ཅིང་ཉམས་བཞིན་པ་དེ་དོན་དངོས་སུ་ཞིག་གི་ལན་པ་རེད།
   རྒྱུན་པར་ཁང་མིག་འདིར་འཛུལ་རྗེས། ངས་ཞིང་གྲོང་གི་ཕ་མའི་སྐྱི་གཉེར་དང་རེ་ལྟོས་ཀྱི་མིག་ཟུང་དྲན་ཞིང་། ཁོང་གཉིས་ཀྱི་སེམས་པའི་ཁུར་ཆེན་རེ་རེ་ཇེ་ཡང་དུ་བཏང་སྟེ། ངལ་གསོའི་སྟེགས་བུ་ཞིག་བསྐྲུན་ཐུབ་ན་སྙམ་ནས་བསམ་གཞིགས་ཀྱི་འཁོར་ལོ་ཡང་ཡང་བསྐོར། འདི་ནི་ད་གཟོད་ངའི་རླབས་ཆེ་བའི་གདུང་སེམས་ཤིག་ཡིན་ལ། མི་རིགས་འདིར་མངའ་བའི་ཁྱད་ནོར་གྱི་རིགས་ཤིག་ཀྱང་ཡིན།
   ཕ་མ་ཡིད་ལ་མི་བསམ་པའི་མིས་མི་རིགས་དང་རྒྱལ་ཁབ་བསམ་སྲིད་པ་ནི་བཞད་གད་ཅིག་མིན་ནམ། ང་ཚོ་སུ་ཞིག་གིས་རང་ཉིད་ཀྱི་ཕ་མ་ཡིད་ལ་འཁོར་ཚེ། དུས་མཚུངས་ཡབ་མེས་རྣམས་མཐོང་བར་འགྱུར་ལ། ཕ་མ་དང་མཚུངས་པའི་མཐའ་འཁོར་ཡང་མཐོང་བར་འགྱུར།
   དྲན་པ་ཇི་ལྟར་བསྐོར་ཀྱང་ངའི་ཁང་མིག་གི་ཕྱི་ཚུལ་དང་། ངའི་ཕ་མའི་སྐྱིད་སྡུག་ལ་མཚུངས་རྟགས་ཤིག་འབབ་ཅིང་། ང་ནི་འདི་གཉིས་ཀྱི་བར་སྲུབས་ནས་འཁོར་དགོས་པའི་སྲུང་སྐར་ཆུང་ཆུང་ཞིག་ཡིན། 

  ༢༠༠༣ལོའི«ལོའི་ལྷོ་ཁའི་རྩོམ་རིག་སྒྱུ་རྩལ»དུས་དེབ་གཉིས་པ་ནས་དྲངས།


རྩོམ་སྒྲིག་པ། རོང་པོ་རང་འཚོལ། དོ་དམ་པ། རོང་པོ་རང་འཚོལ། 


玛尔格莫兰
སྐལ་བ་བཟང་སོང་། འདི་ནས་འུ་ཚོས་དབྱངས་གསལ་གྱི་བྱིན་རླབས་ཞུ་རུ་འགྲོ།
 最新文章