ལྷ་སའི་གཙང་པོ། ལྷུག་རྩོམ། གཟུངས་ཕྱུག་སྐྱིད།

民生   2024-12-28 17:54   西藏  


ལྷ་སའི་གཙང་པོ།
གཟུངས་ཕྱུག་སྐྱིད།
  འཇམ་ཐིང་ཐིང་གི་མཚན་མོ་རེ་རེ་དང་། སྟོང་སང་སང་གི་དགུན་གཞུང་རིང་མོར། ངས་ཁྱེད་ཀྱིས་བཞག་པའི་བཞུར་སྒྲ་ལ་ཉན་བཞིན་ཨམ་གཙིགས་བསྡམས། ལྷ་སའི་གཙང་པོ། དུས་ཚིགས་ཤིག་གི་ཁ་དོག་ན་སྨིན་པའི་མེ་ཏོག་ཇི་བཞིན། ཁྱེད་ད་དུང་ཐག་རིང་དུ་མ་བཞུར། རྨི་ལམ་སེར་པོ་འདི་ངས་ཁྱེད་སྒུག་པའི་གླུ་ངག་ཡིན། ཚེ་སྲོག་དྭངས་མོ་འདི་ངས་ཁྱེད་ལ་བཞག་པའི་དུང་སེམས་ཡིན།
   ཟླ་བ་རྨས་མ་དེ་ཁྱེད་ཀྱི་མིག་ཆུ་ཡིན་ན། སྐར་མ་ཐར་ཐོར་དེ་བདག་གི་སྐྱོ་གཞས་ཡིན། ལྷ་སའི་གཙང་པོ། ཕྱོགས་མེད་དུ་ལྡང་བའི་རླུང་བུས་ཁྱེད་ཀྱི་ཁ་ཕྱོགས་འཁྱེར་ཅིང་། གྲང་ངར་གྱིས་གཞིབ་པའི་ཁ་བས་ཁྱེད་ཀྱི་མཐོང་ལམ་བཀག འོན་ཀྱང་། ཁྱེད་ཀྱིས་རང་གཤིས་དང་བཞུར་སྒྲ་སྔར་བཞིན་འཚོ་དགོས། ཁྱེད་ཀྱི་བླ་སྲོག་དང་སྙིང་སྟོབས་སྔར་བཞིན་བརྟན་དགོས།
   ལྷ་སའི་གཙང་པོ། ངའི་དྲན་ཤིང་དང་མིག་ཆུ་འཁུར་བའི་སྙིང་སྡུག ངས་ཁྱེད་ཀྱི་ངོགས་སུ་ལངས་ཏེ་ཁྱེད་ཀྱི་མཐོ་རླབས་བཏུས། ངས་ཁྱེད་ཀྱི་ཁ་ཕྱོགས་སུ་ཞུགས་ཏེ་ཁྱེད་ཀྱི་འབྱུང་འགྱུར་བོས། བགྲོད་ལམ་གྱི་བར་གསེང་རེ་རེ་ན། ཁྱེད་ཀྱིས་གཟུགས་རིས་ཚེ་འབར་བཞིན་བསྒྲོན་ཡོད། སྨོན་ལམ་གྱི་ཐེམ་པ་རེ་རེ་ན། ཁྱེད་ཀྱི་ཁ་དོག་གསེར་རིས་བཞིན་བརྐོས་ཡོད།
   ལྷ་སའི་གཙང་པོ། བདག་ལ་རོལ་དབྱངས་ཀྱི་འགྱུར་ཁུགས་སྩོལ་བའི་དབྱངས་ལྡན་མ། ཁྱེད་ཀྱི་ཕྱི་མིག་དམར་པོས་བདག་ལ་གཡོ་འགུལ་བཏང་ལ། ཁྱེད་ཀྱི་རོལ་དབྱངས་དྭངས་མོས་བདག་གི་དྲན་པ་གསོས། ལྷ་སའི་གཙང་པོ། མི་ཡུལ་དང་མི་ཁའི་ཡོ་ལང་ཁྲོད་ནས། འཚོ་བ་འདི་ལས་དབང་གིས་གནང་བའི་བྲན་གཡོག་ཡིན་པས། ལྕི་དྲགས་པའི་གདུང་སེམས་ཀྱི་ཕྱི་ནང་ན། ངས་ཞེན་ཆགས་ཨམ་ཕྲག་གང་གི་ལུས་དྲོད་ད་དུང་བོར་མེད།
   ལྷ་སའི་གཙང་པོ། ངའི་ཚེ་སྲོག་གསོ་བའི་ཡུམ་ཆེན་མ། སྐྲ་ལོ་ཁྱུ་གཅིག་ཁྱེད་ཀྱི་ངོགས་སུ་རྩེན་པའི་ས་སྲོས་རེ་རེར། ངས་ཁྱེད་ཀྱི་སྒུལ་ཤུགས་དང་རྐང་གླིང་གི་སྲ་སྙིའི་བར་ནས། འཚོ་གཞེས་ཐེངས་ཤིག་གི་ལྕི་ཡང་འཁུར་བཞིན། རེ་སྦས་སྐུང་རུམ་གང་གི་ཤུགས་བསྟན་ཀློག་བཞིན་གྲང་ཤུར་ཤུར་གྱི་གཙང་ངོགས་སུ་ཡང་ཡང་ལོག

༢༠༠༢ལོའི་ལྷོ་ཁའི་རྩོམ་རིག་སྒྱུ་རྩལ་དུབ་དེབ་དང་པོ་ལས་དྲངས།


རྩོམ་སྒྲིག་པ། རོང་པོ་རང་འཚོལ། དོ་དམ་པ། རོང་པོ་རང་འཚོལ། 


玛尔格莫兰
སྐལ་བ་བཟང་སོང་། འདི་ནས་འུ་ཚོས་དབྱངས་གསལ་གྱི་བྱིན་རླབས་ཞུ་རུ་འགྲོ།
 最新文章