ཉེ་བྲིས་སྙན་ངག་བདམས་བཏུས། བྱང་པ་དབུ་སེ།

民生   2025-01-07 09:49   西藏  


སྙན་ངག་བདམས་བཏུས།
རྩོམ་པ་པོ། བྱང་པ་དབུ་སེ།

རི་རབ་དང་གཙང་པོ།


ལམ་ལ་མཐའ་མེད།
སྡུག་བསྔལ་ལ་མཐའ་མེད།
ངལ་དུབ་ལ་མཐའ་མེད།
བརྩེ་དུང་ལ་མཐའ་མེད།
སྐྱིད་ལ་མཐའ་མེད།
ལས་ཀ་ལ་མཐའ་མེད།
སྤྲེལ་ལད་ལ་མཐའ་མེད།
འདོད་ཆགས་ལ་མཐའ་མེད།
ཞེ་སྡང་ལ་མཐའ་མེད།
ཞེན་འཁོན་ལ་མཐའ་མེད།
འཁང་ར་ལ་མཐའ་མེད།
དྲན་པ་ལ་མཐའ་མེད།
མཐའ་མེད་པ་ཁོ་ན།
ཚེ་གཅིག་རིང་ལ་བརྒལ་དགོས་པའི།
རི་རབ་དང་གཙང་པོ།

2025•1•5


སྐྱིད་ཆུའི་འགྲམ་དུ།


སྐྱིད་ཆུའི་འགྲམ་ནས་བསྐྱོད་དུས།
རླབས་ཆེན་རི་ཆེན་འགྲིལ་འགྲིལ།
རླབས་ཆུང་རི་ཆུང་འགྲིལ་འགྲིལ།
ནུབ་ཁའི་ཉི་འོད་དང་།
སྨག་རུམ་དང་ཐག་མི་རིང་བའི་ཡུལ་ལྗོངས།
འདོད་ཡོན་བཞིན་ལོངས་སུ་སྤྱད་དགོས་པར་གྱུར།

ངང་པ་ཆུ་ནང་རྐྱལ་ཡང་།
ཆུ་ལ་འཁྱག་དར་བཅས་འདུག

རུམ་ཁ་ཕྱེས་ཚེ།
བྲང་ཁོག་སྲང་ལམ་བཞིན་དོག་མོར་གྱུར།

ཕ་རོལ་དུ་བསྲིངས་པའི་མིག་ཟུང་།
རྒྱང་ཐག་མི་ཆོད་པ་ཞིག་ཏུ་གྱུར།

སང་ཉིན་འཇོར་དང་ས་ཁེམ་ཁྱེར་ཏེ།
སྐྱིད་ཆུའི་རབ་ཁ་འདི་རུ་ས་རྡོ་བརྐོ་དགོས།
ཞོག་ཁོག་དང་སྔོ་ཚལ་འདེབས་དགོས།

2024•1•5


ཨ་ཕའི་གྲིབ་གཟུགས་ཡོམ་ཡོམ་འགུལ།


སྟོན་ཟླ་འགོ་མར་ལྷས་ར་རྙིང་པ་དེ་རུ།
རྩྭ་འཇག་མ་སེར་ཡུག་ཡུག་བྱས།
སེར་ཡུག་ཡུག་གི་ཁྲོད་དུ།
ལྟ་སྲུང་པ་ཇི་བཞིན་ཁ་ཁུ་སིམ་མེར་ལུས།

ག་ལེར་བཞུགས་ཞེས་ཞུས་ཀྱང་།
སེར་ཡུག་ཡུག་གཡོ་བའི་རྩྭ་འཇག་མ་དེ།
སྤོ་ཏོས་ཡང་ཡང་བརྩིགས་པའི་ལྷས་ར་རྙིང་པ་དེ།
སྙིང་ཉེ་བོ་ཞེ་དྲག་འདུག

ག་ལེར་བཞུགས་ཞེས་ཞུས་དུས།
ཁང་པ་ཞིག་རལ་དེ་རུ། 
ཨ་ཕའི་གྲིབ་གཟུགས་ཡོམ་ཡོམ་འགུལ།

2024•11•4


འབབ་ཚིགས།


ང་རང་མི་ཚོགས་ཀྱི་གསེང་གི་འབབ་ཚིགས་ཤིག་ཏུ་
ཡུན་རིང་སྒུག
མི་རེ་རེ་ནི་ལྷ་སའི་སྲང་ལམ་དུ་རྒྱུ་བཞིན་པའི་
རླུང་བུ་མ་རེད།
དེ་དང་འདྲ་བ་ཙམ་རེད།

འདྲ་བ་ཙམ་གྱིས། རི་རབ་ཀྱི་ཕ་རོལ་དུ།
ཚེ་སྲོག་གི་མཚེའུ་ཆེམ་མེར་འཁྱིལ་ཡང་།
གཙང་པོའི་ཕ་རོལ་དུ།
ཉི་འོད་ཀྱི་མུ་ཏིག་ཚོམ་མེར་བཞད་ཀྱང་།
འབབ་ཚིགས་རྗེས་མར།
ང་རང་སླར་ཡང་གོམ་པ་སྤོས་ནས་འགྲོ་དགོས་ཡོད།

2024•11•24


གླེགས་བམ་ཞལ་ཁ་ཕྱེས་པ།


ཁྱོད་རང་སྒྲོན་མེ་ཞིག་ཏུ་གྱུར་ཀྱང་།
ང་རང་སྔར་བཞིན་མུན་པའི་ནང་དུ་ཡོད།

ཁྱོད་རང་མེ་རུ་གྱུར་ཀྱང་།
ངས་ད་དུང་འཁྱག་དྲང་མྱོང་དགོས་ཡོད།

གླེགས་བམ་ཞལ་ཁ་ཕྱེས་རྗེས་ཀྱི་སྐབས་དེ་ན།
ངས་ཆོས་ཉིད་ཀྱི་ཞལ་རས་ཅུང་ཙམ་མཐོང་སོང་།

2024•11•18


རྩོམ་སྒྲིག་པ། རོང་པོ་རང་འཚོལ། དོ་དམ་པ། རོང་པོ་རང་འཚོལ། 


玛尔格莫兰
སྐལ་བ་བཟང་སོང་། འདི་ནས་འུ་ཚོས་དབྱངས་གསལ་གྱི་བྱིན་རླབས་ཞུ་རུ་འགྲོ།
 最新文章