དིང་རིའི་ས་འགུལ་ལ་མྱ་ངན་ཞུ་བའི་ཆེད་རྩོམ་གསུམ།

民生   2025-01-09 16:50   西藏  


དིང་རིའི་ས་འགུལ་ལ་མྱ་ངན་ཞུ།
དིང་རི་བ། ཤུགས་རྒྱོབ།


གདུང་སེམས་གསོ་བའི་སྙིང་གཏམ།

 

སྤང་རྒྱན།

ཤིན་ཏུ་མཐུག་མིན་ཁ་བས་གཡོགས་པ་ཡི།  །

ཤར་ཕྱོགས་ནགས་རི་འཛིང་བའི་ཡུལ་ལུང་ནས། །

མི་འདོད་གཏམ་ངན་རྣ་བར་ལྷུང་བའི་མོད། །

གདུང་བའི་ཚིག་ཕྲེང་ཞིག་གི་སེམས་གསོ་ཡོད། །


འདི་ནས་ཡར་སོང་ལ་སྟོད་ལྷོ་ཡི་གནས། །

བགྲང་ཡས་པཎ་གྲུབ་དུ་མའི་འདུ་གནས་ཏེ། །

དེང་རི་ཞེས་བྱའི་གནས་མཆོག་ཐུ་བོ་ཆེར། །

མི་མིན་རང་བྱུང་ཁམས་ཀྱི་འཇིགས་པ་ཆེ། །


བཀའ་བས་བསགས་པའི་དགོས་འདོད་ནོར་རྫས་ཀྱང་། །

གློ་བུར་ཐལ་བའི་རྡུལ་བཞིན་བརླག་གྱུར་ཅིང་། །

ཉེ་འབྲེལ་སྤུན་མཆེད་རྒན་དར་གཞོན་གསུམ་ཀྱང་། །

ན་འཆི་སྡུག་གི་མཚོན་ཆས་ལྷག་པར་གནོན། །


མི་འདོད་ཐོག་ཏུ་བབས་པའི་སྡུག་བསྔལ་ཆེས། །

ཉམ་ཐག་ཆོ་ངེའི་ངུ་འབོད་རབ་གྲགས་ཤིང་། །

ཐག་རིང་གཉེན་བཤེས་དགེ་བའི་གྲོགས་འཁོར་ཀྱང་། །

འཇིགས་སྐྲག་དངངས་འཚབ་ཐོར་རླུང་བཙན་པོས་བཙེས། །


གློ་བུར་འཇིགས་པའི་དམྱལ་ཁམས་ཆེན་པོ་ན། །

རེ་ཞིག་གདུང་བའི་ངལ་བ་ལྕི་ན་ཡང་། །

མ་འོངས་རེ་འབྲས་ཤིག་གི་དམིགས་ས་བཟུང་། །

སེམས་ཤུགས་ཡེ་ནས་མ་ཆད་དེང་རི་བ། །


བག་ཡངས་ཁོད་སྙོམས་རུ་སྡེ་བའི་ཁྱུ་ཚོགས་ཀྱང་། །

རྡུལ་རླུང་དཀྲིགས་པའི་གཡུལ་ས་ཇི་བཞིན་དུ། །

ཁང་རོ་གྱང་རོས་ཁེངས་པའི་གནས་སྐབས་སུ། །

གདུང་སེམས་མཉམ་སྐྱེ་ཞུའོ་དེང་རི་བ། །


དོད་དྲག་གློག་དང་དུང་སྒྲ་ཆད་མེད་དུ། །

འུར་འུར་གང་སར་གྲགས་པའི་སྐད་ཅིག་མར། །

མཐུན་སྒྲིལ་སེམས་ཀྱི་སྟོབས་ཤུགས་རབ་མངོན་པས། །

དཔུང་མདང་ལྷོད་པ་མ་བྱེད་དེང་རི་བ། །


ཀྱེ་མ་ཀྱེ་ཧུད་སྡུག་གི་མུན་དོང་ན། །

གདུང་བས་མནར་བའི་རིགས་གཅིག་སྤུན་ཟླའི་ཚོགས། །

སེམས་ཀྱི་རྨ་ཁ་གསོས་པར་དཀའ་ན་ཡང་། །

རེ་ཞིག་ཞེ་རུས་སྐྱེད་ཅིག་དེང་རི་བ། །


ཤིན་ཏུ་བཟློག་དཀའི་ས་གཡོའི་གནོད་འཚེ་ལས། །

ངུ་ངག་གདུང་བའི་འབོད་སྒྲ་ཆེར་གྲགས་པས། །

བྱང་འབྲོག་གྱི་ནའི་བུ་ཆུང་སྤང་རྒྱན་གྱིས། །

རེ་ཞིག་འདུག་བཟོད་བྲལ་བས་ཚིག་འདི་བརྩམས། 


ཤེལ་དཀར་བ་སེམས་མ་ཕམ།


ཁམས་ཉག་ཕྲན།

བལྟས་ན་རིང་རིང་ཡིན་པ་དབུས་གཙང་གི་ལ་སྟོད། །

བསམ་ན་ཉེ་ཉེ་ཡིན་པའི་ང་ཚོ་ཡི་སྤུན་ཟླ། །

ས་ཆེན་ཡོམ་ཡོམ་འགུལ་བའི་གདུག་རྩུབ་ཀྱི་ཁྲོད་ན། །

མཐོང་ན་འཇིག་འཇིག་སྟེར་བའི་སྣང་ཚུལ་འདི་སྐྱོ་བ། །


སེམས་ལ་ཡང་ཡང་འཁྲེན་པའི་ཕ་ས་དང་ཕ་ཡུལ། །

དེ་རིང་གཅེས་གཅེས་སྲོག་གི་གཤེད་མ་རུ་བབས་སོང་། །

ཡིད་ལ་ནོམ་ནོམ་ཡིན་པའི་ཁང་ཁྱིམ་དང་སྒོ་ར། །

དེ་རིང་རང་རང་མགོ་བོ་བཅོག་བྱེད་དུ་གྱུར་སོང་། །


རྒྱུན་པར་གསལ་གསལ་ཡིན་པའི་ཉི་ཟླ་ཡི་་འོད་སྣང་། །

གློ་བུར་ནག་ནག་རྡུལ་གྱི་མཁའ་དབྱིངས་ནས་བསྒྲིབ་སོང་། །

བདེ་བདེ་ལྷོད་ལྷོད་ཡིན་པའི་རི་གྲོང་གི་ལྷིང་འཇགས། །

འོ་དོད་ལྷང་ལྷང་ཞིག་གིས་སེམས་པ་འདི་རྨས་སོང་། །


མཁའ་དབུག་གཙང་གཙང་ཡིན་པའི་ཧི་མ་ལའི་རི་རྒྱུད། ། 

དེ་རིང་གཅེས་གཅེས་སྤུན་ཟླའི་དུར་ས་རུ་གྱུར་སོང་། །

བལྟས་ན་མཛེས་མཛེས་ཡིན་པའི་ཇོ་མོ་ཡི་གངས་འདབས། །

དེ་རིང་དམར་དམར་ཁྲག་གི་མཚོ་མོ་ཞིག་འཁྱིལ་སོང་། །


ས་བབས་མཐོ་མཐོ་ཡིན་པའི་དིང་རི་ཡི་ཡུལ་ལ། །

བྱ་འདབ་ལྷེབ་ལྷེབ་ཙམ་གྱི་དྲོད་ཁོལ་ཙམ་མ་དབང་། །

གྲང་རླུང་ཤུལ་ཤུལ་ཁྲོད་ཀྱི་ཤུལ་ལུས་ཀྱི་མི་དམངས། །

སྐྱོ་ཆད་ལང་ལང་ལུས་པའི་སྣང་ཚུལ་འདི་སྐྱོ་བ། །


སྐྱོ་གདུང་ལྷང་ལྷང་འབོད་པའི་གསོན་པོ་ཡི་ངུ་སྐད། །

ས་རྡོ་ཁྲོམ་ཁྲོམ་འཐོར་བའི་མྱ་ངམ་གྱི་གཡུལ་སར། །

ཡིད་ལ་དུང་དུང་ཡིན་པའི་ཕ་མ་དང་གཟའ་ཟླ། །

མདང་གསུམ་བདེ་བདེ་ཡིན་ཡང་ད་ནང་ནས་བྲལ་འདུག །


འདུས་ནས་སོ་སོར་བྲལ་བ་འཁོར་བ་ཡི་རང་གཤིས། །

སྐྱེ་ནས་ཡང་ཡང་འཆི་བ་རྟེན་འབྲེལ་གྱི་ཟོ་ཆུན། །

བསམ་ན་སྡུག་སྡུག་སྣོན་པའི་གཞི་མ་ལས་མིན་ཡང་། །

ད་ནས་སྐྱོ་སྐྱོ་མ་གནང་སྡུག་བསྲན་ཞིག་མཛད་དགོས། །


ཁོ་བོ་དཀར་དཀར་བསམ་བློའི་གདུང་སེམས་ཙམ་འདི་ལས། །

ནོམ་ཆེན་སྨར་སྨར་འབུལ་རྒྱུ་དེ་འདྲ་ཞིག་མེད་ཀྱང་། །

ཁྲག་རྒྱུན་དམར་དམར་འདྲེས་པའི་བརྩེ་འདང་གི་རི་མོ། །

ཤ་རུས་སོ་སོར་བྲལ་ཡང་འགྱུར་མེད་ཀྱི་ཁ་ཡིག །


མགོ་བོ་ཡར་ཡར་ཁྱོག་དང་སྤུན་ཟླ་དང་མིང་སྲིང་། །

ཁྱོད་ཚོའི་རྒྱབ་རྒྱབ་དེ་ནས་སྤུན་ཟླ་ཚོས་འཚོས་ཡོད། །

སྟོབས་འབྱོར་ཆེ་ཆེ་ལྡན་པའི་རླབས་ཆེན་གྱི་མེས་རྒྱལ། །

ཞུམ་མེད་བྲེལ་བྲེལ་སྟབས་ཀྱིས་གེགས་སེལ་ལ་འབད་སོང་། །


ཕྲེང་བ་ནར་ནར་འཛིན་པའི་བོད་འབངས་ཀྱི་མི་དམངས། །

ངུར་སྨྲིག་དམར་དམར་འཆང་བའི་འདུས་སྡེ་དེ་ཡོངས་ཀྱིས། །

ལུས་སེམས་སོ་སོར་བྲལ་བའི་གཤིན་པོ་ཡི་ཚོགས་ལ། །

བསྔོ་སྨོན་བཟང་བཟང་མང་པོས་མཚམས་སྦྱོར་ཞིག་ཞུས་སོང་། །


སེམས་པ་ལྷོད་ལྷོད་གནང་དང་དིང་རི་ཡི་མི་དམངས། །

ཁྱོད་ཚོ་ཆེ་ཆེ་བཙན་པོའི་དམག་དཔོན་གྱི་རྒྱུད་ཡིན། །

སེམས་རྒྱ་ཆེ་ཆེ་བྱེད་དགོས་གངས་ལྗོངས་ཀྱི་བུ་རྒོད། །

མིག་རྒྱང་རིང་རིང་གཟིགས་ནས་ཨམ་ཙིག་ཅིག་བསྡམ་རོགས། །  


ཆེ་ཆེ་མཐོ་མཐོའི་ཕ་ཁྱིམ་རྨིང་མེད་དུ་ཞིག་ཀྱང་། །

མཛེས་མཛེས་ཁྲ་ཁྲའི་ཁང་ཁྱིམ་བསྐྱར་བསྐྲུན་ཞིག་བྱེད་ཆོག  །

འདང་ཆེན་སྨུག་སྨུག་ཕ་ནོར་ས་འོག་ཏུ་ཤོར་ཡང་། །

ནོམ་ཆེན་གཅེས་གཅེས་རྒྱུ་ནོར་ག་ལེར་ངང་བཙལ་ཆོག །


སྡུག་ན་རང་རང་སེམས་ཁ་རང་རང་གིས་གསོ་དགོས། །

ཕམ་ན་ཞུམ་ཞུམ་མ་བྱེད་རེ་བ་ཞིག་ཡོད་དགོས། །

གསོན་ན་རང་རང་ཚོད་ཀྱིས་ལས་ཀ་ཞིག་འཁྱོངས་འགྲོ། །

ཁྱོད་ཚོར་སྡུག་སྡུག་མུན་པ་དྭངས་དུས་ཤིག་ལོས་ཡོད། །


མི་རིགས་མང་མང་ནང་སའི་མི་དམངས་ཀྱི་རོགས་རམ། །

ཆོལ་གསུམ་རང་རང་ཡུལ་གྱི་སྤུན་ཟླ་ཡི་གཅེས་སེམས། །

དྲོད་ཁོལ་ལམ་ལམ་འཁྱིལ་བའི་བརྩེ་བ་ཡི་འོད་གུར། །

མཐའ་མེད་ཕྱོགས་ཕྱོགས་དག་ནས་ཁྱེད་ཅག་ལ་སྲུང་ཡོད། །


དངུལ་ལོ་མང་མང་བྱེ་བ་དུང་ཕྱུར་གྱི་་མན་དང་། །

བཟའ་བཅའ་ཆུང་ཆུང་སྟབས་བདེའི་ཐུག་པ་ཡན་ཅི་འབྱོར། །

ཆེ་ཆུང་རང་རང་འཁོས་ཀྱི་དངོས་རྫས་ཀྱི་རོགས་སྐྱོར། །

ལྷག་བསམ་དཀར་དཀར་ཅན་ལ་ཡི་རངས་ཤིག་སྐྱེ་སོང་། །


ད་ནས་སྐྱོ་སྐྱོ་མ་གནང་གཙང་ཡུལ་གྱི་སྤུན་ཟླ། །

ནམ་མཁའ་ལེབ་ལེབ་འོག་གི་བརྩེ་འདུན་དང་སྨོན་ལམ། །

ས་སྒང་རིལ་རིལ་ཐོག་གི་གཅེས་སེམས་ཀྱི་སྡོང་གྲོགས། །

གཅིག་ཏུ་སྤུང་སྤུང་བྱས་ནས་ཁྱེད་ཚོ་ལ་ཕུལ་འདུག །


སྡུག་བསྔལ་ལྷུང་ལྷུང་མིག་ཆུས་དག་ཐབས་ཅིག་མེད་ལ། །

ཆག་སྒོ་ལྷང་ལྷང་ངུས་ཀྱང་སེལ་ཐབས་དེ་མེད་པས། །

སྡུག་པོ་ཕར་ཕར་སོང་ན་བརྗེད་རྒྱུ་ཅིག་ཡོད་ལ། །

སྐྱིད་པོ་ཚུར་ཚུར་ཚེས་ནས་ག་ལེར་ངང་སླེབས་ཡོང་། །


ཡི་མ་མུག་དིང་རིའི་སྤུན་ཟླ་ཚོ།


སྟོང་གཉིས་དང་ཉེར་ལྔའི་ལོ་ཡི།།

ཟླ་དང་པོའི་ཚེས་བདུན་ཉིན་གྱི།།

དུས་ཆུ་ཚོད་དགུ་པའི་གཡས་གཡོན།།

ཡུལ་དིང་རིར་རྐྱེན་ངན་བྱུང་འདུག།


ས་ཆེན་པོའི་གཡོ་འགུལ་འོག་ན།།

རིགས་རུས་པ་མཉམ་དུ་སྦྲེལ་བའི།།

གཙང་ལ་སྟོད་དིང་རིའི་སྤུན་ཟླར།།

ངུ་འཆི་མའི་གནས་སུ་བརྫངས་འདུག།


ཕ་མ་མེད་དྭ་ཕྲུག་ཡུག་གཅིག།

གདོང་བཟའ་མེད་ཡུག་ས་ཚོ་གཅིག།

རྒྱུད་བུ་མེད་རྒན་རྒོན་ཁྱུ་གཅིག།

གཙང་དིང་རིའི་ཡུལ་ན་ལུས་འདུག།


ཆུང་བྱིས་པའི་ངུ་ངག་ལྡིར་སེ།།

རྒན་སྐྲ་དཀར་ཧུད་ཤུ་ཤར་སེ།།

གཞོན་དར་མའི་སྡུག་སྐད་ཙེ་རེ།།

ཡུལ་དིང་རི་ཆགས་སྒོས་མནར་འདུག།


མཁར་ཁང་པ་རྨང་ནས་བཤིགས་འདུག།

རྒྱུ་དཔལ་འབྱོར་འོག་ཏུ་སྦས་འདུག།

སྲོག་དམར་ཆུང་ཐང་ལ་བརྡབས་འདུག།

ཡུལ་དིང་རིང་སྐྱོ་བས་བཟི་འདུག།


ད་འོན་ཀྱང་ལྡོག་མེད་རྐྱེན་ངན།།

གཡོལ་མ་ཐུབ་མགོ་ཐོག་ལྷུང་ཚར།།

སེམས་མ་ཕམ་དིང་རིའི་སྤུན་ཟླ།།

ཐུགས་མ་སྐྱོ་མགོ་བོ་དགྱེ་ཤོག།


ཚེ་ཕྱི་མའི་འཕྲང་ལ་འགྲིམས་པའི།།

གཙང་ལ་སྟོད་དིང་རིའི་སྤུན་ཟླ།།

བློ་མ་ཕམ་བདེ་བར་བཞུད་དང་།།

རྒྱབ་དམ་ཆོས་སྐྱེལ་མ་ཡོད་ངེས།།


ལྷ་བླ་མས་བསྔོ་སྨོན་གསུང་གི།

རིགས་སྤུན་ཟླས་མ་ཎི་བགྲང་གི།

དགོན་ཁྲ་མོས་མཆོད་མེ་སྦར་གི།

ཚེ་ཕྱི་མའི་ལམ་རྒྱགས་སྐྱེལ་གི།


གསོན་མི་ཡུལ་འཇིག་རྟེན་ཁམས་འདིར།།

ཤུལ་ལུས་པའི་དིང་རིའི་སྤུན་ཟླ།།

ངུ་འཆི་མ་ཕར་ལ་འབྱིད་བཞིན།།

སེམས་རེ་བའི་ཨམ་གཙིགས་སྡོམས་དང་།།


ཏང་རྒྱལ་ཁབ་བཀའ་དྲིན་ཅན་པོས།།

ཕྱོགས་གང་ཐད་གཟིགས་སྐྱོང་གནང་གི།

རིགས་ང་དྲུག་ལྷག་བསམ་ཅན་པོས།།

རྒྱུ་དཔལ་འབྱོར་རོགས་སྐྱོར་གནང་གི།།


མདོར་བསྡུས་ན་ཕྱོགས་མཚམས་ཀུན་ནས།།

རོགས་བྱེད་མཁན་ཁ་བ་འབབ་འབབ།།

གཙང་དིང་རིའི་ཕྱོགས་སུ་ཡོང་གི།

སེམས་མ་སྐྱོ་ཤུལ་ལུས་སྤུན་ཟླ།།


སྡུག་མུན་པ་རུབ་རྒྱུ་ཡོད་ན།།

སྐྱིད་ཉི་མ་འཆར་རྒྱུ་ལོས་ཡོད།།

དོན་དེ་ཕྱིར་མགོ་བོ་དགྱེ་སྟེ།།

སེམས་རེ་བའི་ཕྲེང་ཐག་མ་ཆད།།


      ༢༠༢༥ལོའི་ཟླ་བ་༡ཚེས་༩ཉིན་གྱི་ཞོགས་པར་གྱི་ན་བ་ནགས་ཀྱི་ལྕུག་ཕྲན་གྱིས།


རྩོམ་སྒྲིག་པ། རོང་པོ་རང་འཚོལ། དོ་དམ་པ། རོང་པོ་རང་འཚོལ། 


玛尔格莫兰
སྐལ་བ་བཟང་སོང་། འདི་ནས་འུ་ཚོས་དབྱངས་གསལ་གྱི་བྱིན་རླབས་ཞུ་རུ་འགྲོ།
 最新文章