དིང་རིའི་ཞོགས་པ་དེ་ལས།
བློར་བརྩོན་པ།
ཞོགས་པ་དེར། ཁང་པའི་གནམ་སྡིངས་ནས་ཐུར་དུ་དཔྱངས་པའི་གློག་སྒྲོན་དེ་ཡོམ་ཡོམ་དུ་འགུལ་བྱུང་། ས་ཡོམ་གྱིན་མེད་དམ་སྙམ་བཞིན་སྙམ་བཞིན། མགོ་བོའི་ནང་རིམ་ཞིག་ནས་ནག་ཐོམ་མེར་བྱས་འགྲོ། སྐབས་དེ་ཤད་ཅིག་ཏུ་ངའི་འཆི་བ་ཁ་ཐག་ཉེ་དྲག་ནས་སྒོོ་རྩར་ཐོན་བསྡད་པའི་སྣང་བ་སླེབས་ཡོང་།
ཞོགས་པ་དེར། སྒེའུ་ཁུང་ཕ་རོལ་གྱི་ལྷ་སའི་ནམ་མཁའ་དེ་ཙམ་དྭངས་རྒྱུ་མི་འདུག སྤྲིན་ཚོམ་དམ་མེ་དུམ་མེ་བྱེ་ནས། ཐག་མི་རིང་མི་ཐུང་བའི་ས་ཆ་ཞིག་ལ། ལྟས་ངན་པའི་རླུང་དམར་འཚུབ་པོ་ཞིག་གིས། འཇམ་ཅག་གེར་གནས་པའི་རི་གྲོང་ཞིག་དཀྲོགས་སོང་བ་སྐར་ཆ་ཁ་ཤས་རྗེས་ཀྱི་དྲ་ལམ་ནས་ཚོར། གློ་བུར་བློང་བློང་བོར་གྱུར་བའི་སེམས་པས། སྙིང་རྗེ་ཞིག་ཁོང་ནས་སྐྱེས་པ་དང་སྨྲེ་ངག་ཅིག་ངག་ལས་འདོན་པ་ལས་ཅི་བྱ་གཏོལ་བྲལ་དུ་གྱུར།
ཞོགས་པ་དེའི་སྔ་ནུབ། ཁྱིམ་མི་དག་གོ་ཁ་ནས་རུབ་སྟེ་ནུབ་ཇ་འཐུང་དུས། སང་ཉིན་ཞོགས་པར་འཆི་བདག་གིས་ཁོང་ཚོ་ཁ་ཁར་གཏོང་བ་བསམ་པའི་ཡུལ་དུ་ཡང་འཁོར་མེད་སྲིད། དེ་བས། སང་ཉིན་དང་གནངས་ཉིན། སང་ཕོད་དང་གནངས་ཕོད་ཀྱི་འཆར་གཞི་མང་པོ་ཕོར་ཁ་ནས་བཞག་ཡོད་སྲིད། ལྷག་པར་སང་ཞོགས་མེ་ཁ་བསྲོ་བའི་གྲ་སྒྲིག་དེ་དོ་ནུབ་ནས་བྱས་ཡོད་སྲིད། འོན་ཏེ། བསགས་པའི་མཐའ་ལ་ཟད་པ། དར་བའི་མཐའ་ལ་གུད་པ། སྐྱེས་པའི་མཐའ་ལ་འཆི་བ། འདུས་པའི་མཐའ་ལ་བྲལ་བའི་ཆོས་ཉིད་ཀྱི་འཆིང་རྒྱ་ལས། ཁོང་ཚོ་གཏན་ནས་མཐར་མ་ཐུབ། ཡང་ན་ང་ཚོ་གཏན་ནས་གྲོལ་མ་ཐུབ།
ཞོགས་པ་དེར། གལ་ཏེ། འཆི་སོང་བ་དེ་ང་རང་ཡིན་ན། ངས་འཇིག་རྟེན་འདི་ལ་ཞེ་ཐོགས་ས་ཅི་ཞིག་ཡོད། ཞེ་ལ་ཅི་ཙམ་ཐོགས་ཀྱང་ངས་འཁྱེར་ཐུབ་པ་ཅི་ཞིག་ཡོད།
ཞོགས་པ་དེར། གལ་ཏེ། འཆི་སོང་བ་དེ་ཁྱོད་ཡིན་ཚེ། ཁྱོད་ཀྱིས་འཁོར་བ་འདི་ལ་ཞེན་ཆགས་ས་གང་ཞིག་ཡོད། ཞེན་ཁོག་ཇི་ཙམ་སྟུག་ཀྱང་ཁྱོད་ཀྱིས་ཐེག་ཐུབ་པ་གང་ཞིག་ཡོད།
ཞོགས་པ་དེ། ཐེངས་འདིར་ལ་སྟོད་དིང་རིའི་རི་གྲོང་གཉོམ་དུང་བ་དེའི་མགོ་ལ་ཟགས་ཀྱང་། ཞོགས་པ་དེ་འདྲ་བའི་འཆི་བདག་གི་འབོད་པ་རེ་རེ་ནི། ཉིན་མཚན་དུས་དྲུག་ལ་འཇབ་སྟེ་ཡོང་ནས། སྐྱེས་ཟིན་པ་དག་ལ་འཆི་བ་དང་འདུས་ཟིན་པ་དག་ལ་བྲལ་བ་སྩོལ་གྱིན་ཡོད། ང་ཚོ་དལ་ལྷོད་ངེར་སྡོད་ཅིང་། འཆར་གཞི་རྒྱ་ཆེ་ལེར་འཐེན་ནའང་། སང་ཉིན་གྱི་ནམ་མཁའ་དང་ཉི་འོད། རྔུལ་ཆུས་བཙལ་སྒྲུབ་བྱས་པའི་ཁང་ཁྱིམ་དང་ལྟོ་གོས་སོགས་ནི། ང་ཚོ་ལ་སྔར་བཞིན་བདག་སྲིད་དམ།
ཞོགས་པ་དེར། དིང་རིའི་མགོ་ཐོག་ལ་སྡུག་གི་ནམ་མཁའ་ཟགས་སོང་། ཞོགས་པ་དེར། དིང་རིའི་རྐང་འོག་ལ་རྡུལ་གྱི་སྤུ་གྲི་ཐོགས་སོང་། ཞོགས་པ་གཞན་ཞིག་ལ། ད་དུང་། ཞོགས་པ་གཞན་ཞིག་གི་འཆི་བདག་ཡོང་ངེས་ཨང་། འདི་ལྟར་བསམས་དུས། མི་ནི་ཆུ་བུར་ཞིག་ལྟར་འགད་སླ་ཞིང་། མར་མེ་ཞིག་ལྟར་གཟིམ་ངེས་གཏན་རེད་ཨང་།
ཞོགས་པ་དེས། སྐྱེ་འཆི་ལ་རང་དབང་མེད་པའི་ར་སྤྲོད་ཡོད། འདུ་བྲལ་ལ་གདམ་ཀ་མེད་པའི་བདེན་བརྡར་ཡོད། ཞོགས་པ་དེས། མི་ཚེ་ནི་རིང་ན་སྐྲ་དཀར་གྱི་མདངས་མངོན་ཆོག་པ་དང་། ཐུང་ན་སོ་སྒོ་ཡི་རྩེ་བརྡོལ་མི་ཐུབ་པའི་གནས་ལུགས་ལ་གསལ་ཁ་བསྟེར་ཡོད། ཞོགས་པ་དེ། ཐེངས་འདིར་དིང་རིའི་བགོ་སྐལ་དུ་གྱུར་ཡང་། ཞོགས་པ་རྗེས་མ་དེ། ང་ཚོར་མི་ཡོང་བའི་ངེས་པ་ཅི་ཡོད།
ཁ་ཕྱི་བལྟས་སློག་ན། ཉག་ཕྲ་བའི་ལམ་བུ་ཞིག་ཏུ། ང་ཚོས་འབད་བརྩོན་ཆེན་པོས་གོམ་པ་ལིང་སྤོས་བྱས་བཟོ་ཡོད་ཀྱང་། ཞིབ་ཀྱིས་བསམས་ཚེ། ང་ཚོས་སྐྱེ་འཆི་གཉིས་ཀྱི་བར་དུ་རང་ཉིད་འདུར་རྒྱུག་བྱེད་པ་བཞིན་པ་ཙམ་ཡིན་ཨང་།
ས་འགུལ་བ་ལ་ཞེད་མི་དགོས། གནམ་རྡིབ་པ་ལ་འཇིག་མི་དགོས། ང་ཚོ་ནི་མ་གཞི་ནས་རང་འབྱུང་ཁམས་ཀྱིས་བརྩལ་ཅིང་རང་འབྱུང་ཁམས་ཀྱིས་གཞིབ་འགྲོ་བ་དེ་དག་ཡིན། ང་ཚོའི་ལྟོ་གོས་གཏམ་གསུམ་ཡང་རང་འབྱུང་ཁམས་ཀྱིས་བྱིན་ཅིང་། ང་ཚོས་ནད་མུག་གདོན་གེགས་ཀྱང་རང་འབྱུང་ཁམས་ཀྱིས་བསླངས་པས་སོ།།
༢༠༢༥/༡/༨ མཚན་མོར་ལྷ་ས་ནས།
དིང་རིར་བསྲིངས་པའི་མྱུར་འཕྲིན།
ངོར་རྗེ་སྐལ་བཟང་དགྲ་འདུལ། ནག་ཆུ་དཔལ་མགོན།
འབྱུང་བའི་གནོད་འཚེ་ལ་སྙིང་བརྗེ་མེད་ཀྱང་མི་ཡུལ་བརྩེ་བའི་དྲོད་ཁོལ་ལ་ཡལ་རྒྱུ་མེད། སྙིང་ཉེ་བའི་སྤུན་ཟླ་དིང་རི་བ། ༢༠༢༥ལོའི་ཟླ་བ༡ཚེས༧ཞོགས་པའི་དུས་ཚོད་༩དང་སྐར་མ་༥་སྟེང་དིང་རིར་ས་ཡོམ་བརྒྱབ་པའི་གནས་ཚུལ་དྲྭ་ལམ་གསར་འགྱུར་ཁག་ནས་ཐོས་ཕྲལ་ཁང་པར་གས་ཆག་ཅུང་ཟད་ཤོར་བ་ལས་མི་ཕྱུགས་ལ་གནོད་པ་མེད་ངེས་སྙམ་བཞིན་ཡོད།
སྟབས་མི་ལེགས་པ་ཞིག་ལ་སླར་ཡང་དྲྭ་ལམ་གསར་འགྱུར་ལས་མི་དགུ་རྐྱེན་ལམ་དུ་ཤོར་བའི་གནས་ཚུལ་ཐོས་བྱུང་ལ། འཁྱུགས་དབྱིངས་གང་སར་དིང་རིའི་ཞིང་གྲོང་གི་སྡོད་ཁང་འགའ་ཞིག་ས་ཕུང་ལྟ་བུར་གྱུར་འདུག་པ་མཐོང་ཕྲལ་སེམས་ཁོངས་གྲང་ཅང་ཅང་དུ་གྱུར། ཉིན་གུང་ཙམ་དུ་མི་གྲངས་༩༥རྐྱེན་ལམ་དུ་ཤོར་བའི་གཏམ་ངན་ཐོས་བྱུང་ལ། དགོང་མོ་དུས་ཚོད་༡༡ ཙམ་དུ་མི་གྲངས་༡༢༦རྐྱེན་ལམ་དུ་ཤོར་བ་དང་མི་གྲངས་༡༨༨རྨས་སྐྱོན་ཕོག་པ། སྡོད་ཁང་༣༦༠༩ལོག་པའི་གཏམ་ངན་གཅིག་འཇུག་གཉིས་མཐུད་དུ་ཐོས་འོང་།
ཨ་ཁ་ཁ། འདི་ལྟ་བུའི་བློ་ཡུལ་དུ་ཡང་ཤར་མ་མྱོང་བའི་གེག་བར་ཆེན་པོ་འདི་ཁྱེད་རྣམས་ཀྱི་མགོ་ཐོག་ཏུ་ལྷུང་བ་འདི་ཟློག་མེད་ཀྱི་ལས་དབང་ཡིན་པ་འདྲ། གོད་ཆག་འདི་འདྲ་ཁྱེད་ཚོའི་ལུས་ཐོག་ཏུ་ཐེགས་དཀའ་ལ། ང་ཚོ་སྤུན་ཟླ་ཚང་མའི་རྣ་བར་ཐོས་ན་ཡང་ཡིད་མི་ཆེས་པའི་ཚད་དུ་སླེབས་འགྲོ་ལ། དབང་མེད་མིག་མཐར་མཆི་ཞགས་འཁོར་འོང་། འོན་ཀྱང་སྐྱེ་འཆི་དང་བདེ་སྡུག་འཁོར་བའི་ཆོས་ཉིད་དུ་གྲུབ་ཟིན་པས་ཟློག་ཐབས་མེད་རུང་། འབྱུང་བཞིའི་གནོད་པ་ལ་བྱམས་དང་སྙིང་བརྗེ་མེད་རུང་། རླབས་ཆེན་མེས་རྒྱལ་གྱི་བཀའ་དྲིན་དང་། སྤུན་ཟླའི་མི་རིགས་ཀྱི་བརྩེ་སེམས། ད་དུང་ཕ་ཡུལ་སྤུན་ཟླའི་རོགས་སྐྱོབས་སོགས་ཡོད་ཚད་ཁྱེད་རྣམས་ཀྱི་ད་ལྟ་དང་མ་འོངས་པའི་རེ་བ་ཉག་ཅིག་ཡིན།
དིང་རིར་བསམ་ཡུལ་ལས་འདས་པའི་འབྱུང་བཞིའི་གོད་ཆག་དེ་ལྟ་བུ་བྱུང་བར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སྙན་དུ་གསན་མ་ཐག ཡོམ་འགོག་གེགས་སེལ་གྱི་གལ་ཆེའི་མཛུབ་སྟོན་དང་། ཙུང་ལི་ལི་ཆང་གི་བླང་བྱ་གཞིར་བཟུང་། ཙུང་ལི་གཞོན་པ་ཀྲང་གོ་ཆིང་གེགས་ཁུལ་དངོས་སུ་ཕེབས་ནས་ཐུགས་གསོའི་འཚམས་འདྲི་གནང་བ་མ་ཟད། རང་སྐྱོང་ལྗོངས་ཧྲུའུ་ཅི་ཝང་ཅུན་ཀྲེང་དང་། གྲོང་ཁྱེར་དབུ་ཁྲིད། རྫོང་རིམ་པའི་དབུ་ཁྲིད་སོགས་ཕེབས་ནས་ཐུགས་གསོའི་འཚམས་འདྲི་དང་། ལས་གནས་བཀོད་སྒྲིག་སོགས་གནང་བཞིན་ཡོད་པ་བརྙན་ལམ་ནས་མཐོང་བྱུང་ལ། དེ་བཞིན་རོགས་སྐྱོབ་མི་སྣ་ནགས་ཚལ་མེ་ཟོན་རུ་ཁག་དང་། དྲག་ཆས་ཉེན་རྟོག་པ། སྤྱི་བདེ་ཚན་པ། མི་དམངས་བཅིང་འགྲོལ་དམག སྨན་དོན་མི་སྣ་བཅས་ཕེབས་ནས་ཀྲུང་དབྱང་གི་བླང་བྱ་དང་། རང་སྐྱོང་ལྗོངས་ཀྱི་ཐད་ཀའི་བཀོད་སྒྲིག་འོག་ཚ་ཚ་འུར་འུར་གྱིས་སྐྱོབ་བཅོས་གནང་བཞིན་ཡོད་པ་བརྙན་ལམ་ནས་མཐོང་འོང་དུས་ཁོ་བོ་ཡང་དགའ་སྐྱོའི་མིག་ཆུ་ལྷུང་ལྷུང་དུ་བཞུར་འོང་།
དེ་དང་མཉམ་དུ་ཀྲུང་དབྱང་དང་། ལྗོངས། གྲོང་ཁྱེར། སྤུན་ཟླའི་མི་རིགས་ཁག རང་ཁུལ་གྱི་གྲོང་ཁྱེར་དང་། རྫོང་། སེམས་བཟང་ཅན་གྱི་ཁེ་ལས་པ་དང་མི་སྒེར་བཅས་ཀྱིས་གེགས་སེལ་དངོས་ཟོག་སྣ་མང་བྱུར་བུར་དབོར་ཡོང་བ་མཐོང་དུས་སེམས་པ་དགའ་སྤྲོ་དཔག་མེད་སྐྱེ་འོང་། མཐུན་སྒྲིལ་ནི་སྟོབས་ཤུགས་ཀྱི་ཡོད་ཚད་རེད་ལ། བརྩེ་སེམས་ནི་རིན་བྲལ་གྱི་ནོར་བུ་རེད། སྙིང་ཉེ་བའི་སྤུན་ཟླ་དིང་རི་བ། རླབས་ཆེན་མེས་རྒྱལ་ནི་ང་ཚོའི་ཕ་མ་རེད་ལ། རོགས་སྐྱོབ་སྤུན་ཟླ་རྣམས་ནི་ང་ཚོའི་གཉེན་ཉེ་རེད།
ཁྱེད་ཚོ་བློ་མ་ཕམ། སེམས་མ་སྡུག སྐྱོ་བའི་དུས་སུ་སེམས་སྟོབས་སྐྱེད་དགོས་ལ། སྐྱིད་པའི་དུས་སུ་མགོ་འཕང་དམའ་དགོས། ང་ཚོའི་ཕ་ཡུལ་ན་དགོན་སྡེ་སྟོང་ཕྲག་གི་རྒྱ་ཕིབ་གསེར་འོད་འཕྲོ་བཞིན་ཡོད་ལ། དགེ་འདུན་ཁྲི་ཕྲག་གི་སྨོན་ལམ་འདེབས་བཞིན་ཡོད་པས་ཕྱི་མར་གཤེགས་པའི་གཉེན་ཉེ་ཚང་མར་ལམ་སྟོན་བཟང་པོ་ཞིག་ཡོད་ངེས་ལ། བདེ་ལྡན་དག་པའི་ཞིང་མཆོག་ཏུ་ག་ལེར་ཕེབས་འགྲོ་ངེས། ང་ཚོའི་མི་ཡུལ་ན་བརྩེ་སེམས་ཀྱི་དྲོད་ཁོལ་ལྡན་ཡོད་པས། ཁྱེད་ཤུལ་ལུས་རྣམས་སླར་ཡང་མི་ཡུལ་གྱི་འཚོ་བའི་བདེ་སྐྱིད་ལྡན་ངེས། ཁྱེད་ཚོའི་རྒྱབ་ན་རླབས་ཆེན་གྱི་མེས་རྒྱལ་ཡོད། ཁྱེད་ཚོའི་རྒྱབ་ན་སྤུན་ཟླའི་མི་རིགས་ང་དྲུག་ཡོད། ཁྱེད་ཚོའི་རྒྱབ་ན་ཕ་ཡུལ་གྱི་གཉེན་ཉེ་ཚང་མ་ཡོད།
སྡུག་གི་མུན་པ་ཐེངས་གཅིག་རུབ་རུང་། སྐྱིད་པའི་ཉི་མ་རྗེས་སུ་ཤར་ཡོང་ངེས། སྙིང་ཉེ་བའི་སྤུན་ཟླ་དིང་རི་བ། ཁྱེད་ཚོ་སེམས་མ་སྡུག བློ་མ་ཕམ། ཡིད་མ་ཞུམས། སླར་ཡང་མདུན་ཕྱོགས་སུ་གོམ་པ་སྤོ་བར་རྩོམ་དགོས།
སེམས་མ་སྡུག་དིང་རི་བ། བློ་མ་ཕམ་ལྷ་རྩེ་བ།
རིག་པའི་གད་རྒྱངས།
ཞོགས་པ་དེར། ཚེས་བདུན་ཉིན་གྱི་ཞོགས་པ་དེར། ལྷ་སའི་ནམ་མཁར་རྒྱུན་ལྡན་མིན་པའི་སྤྲིན་ནག་ཞིག་འཁྲིགས་ཤིང་མཁའ་དབུགས་ཡོངས་གྲང་ངར་གྱིས་བཅུམ་འདུག སྣང་བར་ཡུལ་གཞན་ག་གེ་མོ་ཞིག་ཏུ་ཁ་བ་འབབ་བཞིན་མེད་འགྲོ་སྙམ། གོམས་གཤིས་ལྟར་རྒྱུན་ལྡན་འགྲོ་སའི་དཔེ་ཁང་དེའི་ནང་འབྱོར་རྗེས་ཧྲི་ཐེ་ཧྲན་གྱི་《ང་དང་ཏིས་ཐན་》ཀློག་བཞིན་བསྡད།
གློ་བུར་དུ་ཁ་པར་གྱི་འཆར་ཤེལ་ངོས་སུ་ཆ་འཕྲིན་ཞིག་འབྱོར་བའི་བརྡ་མཐོང་བྱུང་། དེ་མུར་ཁ་པར་གྱི་གསང་སྒོ་ཕྱེས་ནས་ནང་དུ་བལྟས་པར། ཆུང་མས་དིང་རི་རྫོང་ལ་ས་ཡོམ་གྱི་གནོད་འཚེ་ཚབས་ཆེན་བྱུང་བའི་གནས་ཚུལ་ཞིག་བསྐུར་འདུག དྲུག་ཚེག་བརྒྱད་ཀྱི་ས་ཡོམ་གྱི་གནས་ཚུལ་དེས་ང་རང་བློང་བློང་བོར་བཏང་སོང་། ཏག་ཏག་མཚམས་དེར་ངས་གོང་དུ་བཀླགས་མ་ཐག་པའི་སྐུ་ཞབས་ཧྲི་ཐེ་ཧྲན་གྱི་སྐད་ཆ་ཚིག་གཅིག་ལ་ལྟ་སྐྱོར་བྱེད་དགོས་ཐུག སྐད་ཆ་དེ་ནི་“འཆི་བ་ནི་འཕྲལ་མར་ཡོང་རེ་བྱེད་དགོས་པའི་དོན་དག་ཞིག་མ་ཡིན་པར། འཆི་བ་ནི་གཏན་འཁེལ་སླེབས་ངེས་པའི་དུས་ཆེན་ཞིག་རེད།”ཅེས་པ་དེ་རེད། དེ་ལྟར་ཞོགས་པ་དེར་སྐུ་ཞབས་ཧྲི་ཐེ་ཧྲན་གྱིས་གསུངས་པའི་“དུས་ཆེན་”དེ་ཏག་ཏག་དིང་རི་བ་དང་ལྷ་རྩེ་བའི་མགོ་ཐོག་ཏུ་མི་འདོད་ཐོག་རྒྱག་བཞིན་ལྷུང་བྱུང་།
ཉིན་མཚན་གཉིས་ཏག་ཏག་ལ་ཁ་པར་དང་བརྙན་འཕྲིན་ཁོ་ན་བལྟས་ཤིང་། དིང་རི་དང་ལྷ་རྩེ་གཅིག་པུ་གླེང་བཞིན་བསྡད། མཚམས་མཚམས་སེམས་པ་གྲང་ཤུར་ཤུར་ངང་མིག་མཐར་མཆི་ཞག་འཁོར་ཡོང་། སྐབས་སྐབས་“ཀྲུང་གོའི་མྱུར་ཚད་”དང་འབངས་ཀྱི་བྱམས་སེམས་ལ་སེམས་འགུལ་ཐེབས་ནས་སེམས་པ་དྲོད་ཀྱིས་ཁེངས་ཡོང་།
ས་ཆེན་པོ་འདར་ཐེངས་གཅིག་གིས། དིང་རིའི་རི་ར་བ་ཁང་ཁྱིམ་དག་འདར་བྱུང་། དེ་རྗེས་དིང་རི་བའི་ལུས་འདར་བྱུང་ངག་འདར་བྱུང་ཡིད་འདར་བྱུང་། མཐར་ང་དང་ང་འདྲ་བའི་སྤུན་ཟླ་དག་གི་ཁ་པར་འདར་བྱུང་། སེམས་པ་འདར་བྱུང་། ལག་པ་འདར་བྱུང་། ས་ཆེན་པོ་འགུལ་ཐེངས་གཅིག་གིས། ལྷ་རྩེའི་ཕྱི་སྣོད་ཀྱི་འཇིག་རྟེན་དང་ནང་བཅུད་ཀྱི་སེམས་ཅན་གུལ་བྱུང་། དེ་དང་ལྷན་དུ་ལྷ་རྩེ་བའི་ལུས་གུལ་བྱུང་ངག་གུལ་བྱུང་ཡིད་གུལ་བྱུང་། མཐར་ང་དང་ང་འདྲ་བའི་སྤུན་ཟླ་དག་གི་ཁ་པར་གུལ་བྱུང་། སེམས་པ་གུལ་བྱུང་། ལག་པ་གུལ་བྱུང་།
མང་པོ་ཞིག་འདར་རྗེས་སླར་ཡང་མང་པོ་ཞིག་གུལ་ཏེ། དུས་ཡུན་ཐུང་ཐུང་གི་རིང་ལ་བོད་རིགས་དང་རྒྱ་རིགས། ཧུས་རིགས་དང་སོག་རིགས་སོགས་མི་རིགས་ང་དྲུག་གི་སྤུན་ཟླས་དིང་རི་དང་ལྷ་རྩེ་ལ་བྱམས་པའི་ཕྱག་ཟུང་བསྐྱངས་སོང་། བོད་ལྗོངས་དང་ཤིན་ཅང་། པེ་ཅིང་དང་ཧྲང་ཧེ་སོགས་ཕྱོགས་བཞི་མཚམས་བརྒྱད་ནས་དིང་རི་དང་ལྷ་རྩེ་ལ་བརྩེ་བའི་རོགས་སྐྱོར་གནང་སོང་། དམག་མི་དང་སྨན་པ། དྲ་གྲགས་དང་སྐར་གྲགས། དང་བླངས་བ་དང་ཕན་སེམས་ཚོགས་པ་སོགས་ཡོད་ཚད་ཚ་ཚ་འུར་འུར་ངང་དིང་རི་དང་ལྷ་རྩེར་བསྐྱོད་སོང་།
དིང་རི་བ་སེམས་མ་སྡུག ལྷ་རྩེ་བ་བློ་མ་ཕམ། ཁྱེད་ཚོའི་རྒྱབ་ཕྱོགས་སུ་སྟོབས་ལྡན་གྱི་མེས་རྒྱལ་འགྲེང་ཡོད། ཁྱེད་ཚོའི་མདུན་ཕྱོགས་སུ་དུང་ཕྱུར་བཅུ་ཕྲག་གི་སྤུན་ཟླ་ལངས་ཡོད། ཁྱེད་ཚོའི་མཐའ་འཁོར་དུ་མི་རིགས་ང་དྲུག་གི་དཔུང་རྡང་སྒྲིག་ཡོད། ཁྱེད་ཚོ་ནི་བཙན་པོའི་མཁར་རྫོང་དང་འདྲ་བར་ཡོད་ཚད་ཀྱིས་སྲུང་འདུག
སྡོད་ཁང་ཞིག་ན་ཞིག་ཏུ་བཅུག ས་རྡོ་ལ་སེར་སྣ་མི་དགོས། རྒྱུ་ནོར་འཇིག་ན་འཇིག་ཏུ་བཅུག རྒྱུ་དངོས་ལ་ཕངས་སེམས་མི་དགོས། ཕ་དམ་པ་སངས་རྒྱས་ཀྱིས་“ནོར་རྫས་སྒྱུ་མ་ལྟ་བུའི་གཡར་པོ་ལ། སེར་སྣའི་མདུད་པས་མ་ཆིངས་དིང་རི་བ།”ཞེས་སྔོན་ནས་གདམས་པ་ཡིད་ལ་བཟུང་། དཀའ་སྡུག་ཆེ་བའི་དགུན་ཟླ་འདི་ང་ཚོས་མཉམ་དུ་ཕར་ལ་སྐྱེལ། རེ་བས་ཁེངས་པའི་དཔྱིད་ཟླ་ཞིག་ང་ཚོས་ལྷན་དུ་ཚུར་ལ་བསུ།དགུན་ཟླ་འདི་རྫོགས་རྗེས་ང་ཚོའི་སེམས་ཀྱི་རྨ་ཁ་རིམ་བཞིན་སོས་ངེས། དགུན་ཟླ་འདི་ཡོལ་རྗེས་ང་ཚོའི་གདོང་གི་སྐྱོ་མདངས་ག་ལེར་ཡལ་ངེས། དེ་དུས་དིང་རི་ནི་མུ་མཐུད་གངས་འདབས་ཀྱི་གནས་མཆོག་དེ་ཡིན་ངེས། དེ་དུས་ལྷ་རྩེ་ཡང་སྔར་བཞིན་འཕོ་འགྱུར་གྱི་གྲོང་གསར་ཞིག་ཡིན་ངེས།
གཤིན་པོའི་འདས་མཆོད་གྲུབ་རྗེས། དིང་རི་ནི་སྔར་བཞིན་འཛམ་གླིང་ཡང་རྩེ་ཡི་ཡང་རྩེར་ལྷམ་མེར་ལྷན་ནེར་ལྷང་ངེར་བཞུགས་ངེས།
གསོན་པོའི་སྡོད་གནས་གྲུབ་རྗེས། ལྷ་རྩེ་ཡང་ངོ་གདོང་གསར་པ་ཞིག་འཁྱེར་ནས་མེས་རྒྱལ་གྱི་མཐའ་མཚམས་སུ་འཛུམ་དམུལ་དམུལ་ངང་འདུག་ངེས།
སེམས་མ་སྡུག་དིང་རི་བ། བློ་མ་ཕམ་ལྷ་རྩེ་བ།
༢༠༢༥ལོའི་ཟླ་༡ཚེས་༨ཉིན་གྱི་དགོང་མོར་གདུང་སེམས་མཉམ་བསྐྱེད་དུ་བྲིས།
འཇིག་རྟེན་གྱི་སྣང་བ།
འབྲོང་རྒོད།
ལར་འཇིག་རྟེན་དུ་ཐོགས་པ་ནས་བཟུང་།
གསང་བ་རྟོགས་པའིིིིིིི་གོ་སྐབས་ནི་ཁབ་ཙམ་ལས་མེད་ཟེར་ནའང་།
འཇིག་རྟེན་འཇིག་རྟེན་གྱི་ཆོས་སུ་གྲུབ་པ་ཤེས་ནས་བཟུང་།
ངས་འཇིག་རྟེན་གྱི་སྣང་བ་སྣ་ཚོགས་ཞིག་ལ་རོལ་མྱོང་བྱས།
སྤྲིན་དཀར་གྱི་བང་རིམ་དང་གླག་རོག་གི་གཤོག་རྩལ།
ཁ་བ་ཡི་དྭངས་གཙང་དང་འཇའ་ཚོན་གྱི་བཀྲག་མདངས།
མེ་ཏོག་གི་དྲི་ཞིམ་དང་དྲི་བཞོན་གྱི་བསིལ་བ།
ད་རུང་འབྲི་མོའི་ངུར་སྒྲ་དང་ཨ་མའི་བཞོ་དབྱངས།
འཇིག་རྟེན་འཇིག་རྟེན་གྱི་གཤིས་སུ་གྲུབ་པ་ཤེས་ནས་བཟུང་།
ངས་འཇིག་རྟེན་གྱི་སྣང་བ་སྣ་ཚོགས་ཞིག་གི་རིན་ཐང་ཡང་རྟོགས།
རི་བོ་གྲུ་འཛིན་གྱི་ཏོག་དང་མཆོད་སྡོང་ཆེན་མོའི་རྒྱན།
ཇོ་ཤག་རྣམ་གཉིས་ཀྱི་སྐུ་དང་བསམ་ཡས་ཀྱི་གྱང་།
མིིི་ལ་རས་པའི་གསུང་མགུར་དང་ཙོང་ཁ་པ་ཡི་ལམ་རིམ།
ཐ་ན་མཚམས་སྤྲིན་གྱི་མཚར་སྡུག་དང་ཆུ་རིས་ཀྱི་མཛེས་སྡུག།
དེ་བས་ན། ཉི་མའི་འོད་ཟེར་ས་སྟེང་དུ་འཕྲོས་པ་ནས་བཟུང་།
ངས་འཇིག་རྟེན་གྱི་སྣང་བ་སོ་མ་ཞིག།
སེམས་ཀྱི་ཁང་ཆེན་དུ་བསྐུགས།
སྐྱོ་སྐྱོ་མ་གནང་། ང་ཡི་སྤུན་ཟླ།
བྱང་སྐྱ་རེངས།
ས་ཆེན་ཁྲོས་པའི་གཡོ་འགུལ་ཤིག་གིས།།
ང་ཡི་སྤུན་ཟླའི་ཚེ་སྲོག་འཕྲོག་པའི།།
གཏམ་ངན་རླུང་ནག་ཡང་ཡང་ལྡང་དུས།།
གངས་དཀར་སེམས་ལ་མུན་པ་འཐིབས་སོང་།།
ནོར་འཛིན་སྒེག་མོའི་པང་དུ་འཚོ་བའི།།
རྐང་གཉིས་ངེད་ཅག་ཕལ་པའི་ཡང་ཕལ།།
རིན་ཆེན་སྲོག་ལ་འཇབ་རྒོལ་ཕོག་ཀྱང་།།
དེ་ལ་རྒོལ་བའི་ནུས་པས་དབེན་སོང་།།
བསགས་པའི་ནོར་རྫས་འཁྱེར་དབང་མེད་ཅིང་།།
འཛོམས་པའི་གཉེན་གྲོགས་ཤུལ་དུ་ལུས་ནས།།
གློ་བུར་གསོན་བྲལ་མི་ཡུལ་དམྱལ་བ།།
ང་ཡི་སྤུན་ཟླའི་མགོ་ལ་ལྷུང་སོང་།།
མི་ལུས་རིན་ཆེན་ཤིན་ཏུ་རྙེད་དཀའ།།
མི་ཡུལ་འཚོ་བ་སྐྱིད་གསུམ་སྡུག་གསུམ།།
གསོན་རྐྱེན་ཉུང་ཞིང་འཆི་རྐྱེན་མང་པའི།།
འཇིག་རྟེན་འདི་ནས་མི་མཐོང་དགུ་མཐོང་།།
སྐྱོ་སྐྱོ་མ་གནང་ང་ཡི་སྤུན་ཟླ།།
སྙིང་སྟོབས་སྐྱེད་ནས་ལམ་ལ་ཆས་དང་།།
སྡུག་གི་མུན་པ་ཇི་ལྟར་སྟུག་ཀྱང་།།
ང་ཚོ་མུ་ནས་མུ་རུ་འཚོ་དགོས།།
མཐོ་ལ་ངོ་དགའ་སྤྲེལ་ལད་མི་འཁྲབ།།
དམའ་ལ་མཐོང་ཆུང་ཟུར་མིག་མི་འཕངས།།
མི་དང་མི་ལ་བཏང་སྙོམས་དགོས་ཤིང་།།
བྱམས་དང་བརྩེ་བ་དེ་བས་དགོས་སོ།།
གོད་ཆགས་ནག་པོའི་གསལ་བརྡའི་ཁྲོད་ནས།།
ང་ཚོ་ཉམ་ཆུང་ངང་ནས་འཚོ་དགོས།།
ང་ཚོ་དྲང་བདེན་ངང་ནས་འཚོ་དགོས།།
ང་ཚོ་བདག་གཞན་མཉམ་བརྗེས་འཚོ་དགོས།།
ང་ཡི་དིང་རི་བ།
རིས་མེད་པ།
ཀྱེ་མ། མགོ་བོ་འདི་ཅི་འདྲའི་ལྗིད་པ་ལ།
ཀྱེ་མ། མིག་ཆུ་འདི་ཨེ་འདྲའི་མང་བ་ལ།
ཨ་ཁ། ཐལ་འཚུབས་ཀྱི་གསེང་ནས་མགོ་བོ་རྔས།
གནམ་ས་དང་ཉིན་མཚན་དབྱེ་བ་མེད་པར།
ལོ་ཟླ་ནག་པོ་དེས་ཟོས་པའི་སྤུན་ཟླ་ལགས།
ནག་ཐུམ་མེ། སྐྱོ་ལྷང་ངེ།
ངུ་སྐད་གསལ་ལ་མ་གསལ།
དྲན་ཚོར་ཡོད་ལ་མེད།
ཅི་འདྲའི་ཤ་ཚ་བའི་ང་ཡི་དིང་རི་བ།
སྙིང་ཉེ་བ། ཁྱེད་ཚོའི་གེགས་སྐྱོབས་ལ།
དངུལ་དངོས་ཀྱི་ཐུགས་གསོ།
ཞུམ་མེད་ཀྱི་འཚོལ་སྐྱོབས།
སེམས་གསོ་ཡི་སྙིང་གཏམ།
དུང་ཕྱུག་གཅིག་གྲངས་མེས་རྒྱལ་གྱི་གེགས་སྐྱོབས།
མཛངས་མ་ཧན་ཧུང་སོགས་ཀྱི་དཔལ་འབྱོར་གྱི་ནུས་པ།
དམག་དང་དམངས་ཀྱིས་འཚོལ་སྐྱོབས་ཀྱི་འབད་པ།
ཁོང་ནས་ཕྱུང་བའི་གདུང་སེམས་དམར་པོའི་ཞུ་འཕྲིན།
ཁྱེད་ཚོའི་ཕྱོགས་ལ་ཡོང་དང་ཡོང་བཞིན་ཡོད།
མེ་ཆུ་དུག་མཚོན་གྱིས་ཤ་ཚ་མེད་ལ།
ས་ཆེན་འགུལ་བས་དེ་བས་སྙིང་རྗེ་མེད་མོད།
འོན་ཀྱང་། ང་ཚོ་ཁྱོད་དང་མཉམ་དུ་ཡོད།
ང་ཡི་རྒྱལ་ཁབ།
ཁྱེད་ནི། ཞི་བདེའི་དར་ཆེན་ཡིན་ལ།
ཁྱེད་ནི།
འཛམ་གླིང་གི་མདུན་གྲལ་ནས་མདུན་གྲལ་ལ་མཆོང་བཞིན་ཡོད།
ད་དུང་། ཁ་བ། བུ་ཡུག ནད་ཡམས།
ས་འགུལ། མེ་སྐྱོན། ཆུ་རུད།
ག་དུས་ཡིན་ན་ཁྱེད་དེར་ཡོད།
ལྷག་པར་དུ། གང་ལ་ཉམ་ཆུང་ཡོད་ན།
ཁྱེད་ནི་དེར་ཡོད་པའི་དཔའ་བོ་དེ་ཡིན།
འཇིགས་མེད་དང་ཞུམ་མེད་ཀྱི་དཔའ་བོ་དེ་ཡིན།
ང་ཡི་རྒྱལ་ཁབ། ང་ཡི་གུང་ཁྲན་ཏང་།
ཁྱེད་ཡོད་པ་ང་ཚོར་གསོན་ན་རེ་བ་ཡོད།
ང་ཡི་སྤུན་ཟླ།
སྤུན་ཟླ་ཚོ། ཁྱེད་ཚོ་ཡོད་པ་ང་ཚོར་འཛམ་གླིང་ཡོད་ལ།
ཁྱེད་ཚོ་ཡོད་པ་ང་ཚོར་ཡར་ལངས་ཡོད།
ཁྱེད་ཚོ་ཡོད་པ་ང་ཚོར་ད་དུང་བདེ་སྐྱིད་ཡོད།
མེ་ལས་ཚ་བའི་བརྩེ་བ།
ཆུ་ལས་རིང་བའི་དུང་བ།
རང་སྲོག་དོར་བའི་གདོང་མཆོང་།
དཔའ་བོ་དཔའ་མོའི་བརྩེ་སེམས།
ང་ཚོ་ནམ་ཡང་གསོན་པའི་རིན་ཐང་ཡོད་ལ།
ང་ཚོ་ནམ་ཡང་ང་ཚོའི་མཉམ་དུ་ཡོད།
སྤུན་ཟླ་ཚོ། བཀའ་དྲིན་ཆེ།
ཤུགས་རྒྱོབ། ཤུགས་རྒྱོབ། ཤུགས་རྒྱོབ།
ཅི་ཞིག་བྱའམ། སྤུན་གྲོགས་དིང་རི་བ།
ཁ་ནག
གངས་འདབས་སུ་ཐལ་ཕུང་ལང་ལོང་ལྡང་།
ཐལ་ཕུང་གི་པགས་རིམ་དུ།
གདོང་པ་དམར་བའི།
ཉི་ཟླ་དང་གཟའ་སྐར་གྱི་དཔུང་ཚོགས།
མགོ་བོ་གསེག་ནས་སྟབས་ཅིག་རྒྱུ།
གྱང་རལ་གྱི་འོབས་སུ།
མགྲིན་པ་རྣོང་བའི་འོ་དོད།
ཆོས་ཉིད་ཀྱི་ཁ་གཏད་དུ་རླུང་གིས་གསེད།
རི་བོ་དང་ས་གཞིས།
ང་རོ་དང་བཅས་རྦ་རླབས་ཀྱི་དམག་རུ་གདེང་།
འཇག་རྩྭ་དག
གཡས་སྐྱོར་གཡོན་འདེགས་ཀྱིས་སྒོ་ཁར་འཛོམས།
སིལ་བུར་འཐོར་བའི་ཤེལ་སྒྲོམ་དུ།
མིག་འབྲས་དག་ཕྱིར་ཕྱིར་བཀྱེད་ནས་འབྲོས་ཀྱིན་འདུག
མཚན་སྨག་གི་ཡོམ་འདར་ཙམ་གྱིས།
གྲིབ་ནག་རིང་མོ་ཞིག་ཕྱོགས་ནས་ཕྱོགས་སུ་སྤྲོ།
ཉེ་རིང་མེད་པ་ནི།
ཉེ་རིང་ཡོད་ཚད་ཀྱི་མཐའ་མཇུག་གི་ལོག་མལ་ཡིན་ནམ།
ཞོགས་ཀའི་རྡུལ་འཚུབས།
དིང་རིའི་དམངས་གཞས་ལ་གོམས་ནས་ཡུན་རིང་མ་ལོན་པའི།
ཞོགས་པར་གཉིད་ལས་སད་དུས།
གངས་རིའི་ཞོལ་དུ་ཉལ་བའི་དིང་རིའི་གཞིས་ཀར།
ལན་ཆགས་ཀྱི་རྡུལ་འཚུབས་དྲག་རླུང་གིས་གཡུག་པ་གོ་ཐེངས་རེར།
ཆབ་རུམ་གྱི་སྦུགས་སུ་ཚུད་པའི་མི་སེམས་འདར་འཁྱོམ་འཁྱོམ།
ཉི་མས་བཏེག་པའི་མཛེས་སྡུག་གི་ཞོགས་གསར་དེ།
སྨུག་མདངས་འཁྱིལ་བའི་འཛུམ་དམུལ་གྱི་ཞལ་རས་དེ།
ཞོགས་པ་དེར རྡུལ་འཚུབས་ཀྱིས་གཡོས་ཏེ་ཐང་ལ་ལྷུང་དུས།
རྩིག་པ་དང་གྱང་རོའི་བར་གྱི་སྔངས་ཞེད།
རྡུལ་འཚུབས་དང་འཆི་གསོན་བར་གྱི་གྱེས་གདུང་།
གློ་བུར་གློ་བུར་བའི་ཆག་འཇིགས་ཀྱི་སྡུག་འབོད།
ཞོགས་པ་དེར དིང་རིའི་མི་སེར་གྱི་མགོ་ལ་ལྷུང་དུས།
དགུན་གཞུང་གི་གཏིང་དུ་ལུས་པའི་མི་སེམས་འཁྱག་སིབ་སིབ།
ཤ་ཁྲག་གིས་འབྲེལ་བའི་ཉི་མ་ལ་སྟོད་ཀྱི་དིང་རི་བ།
བྱེ་རྡུལ་ཀྱི་ལྟེབས་གཉེར་ཁྲོད་མེས་པོའི་གཞུང་རྟ་སྲུང་བའི་དྲན་སྣང་ཀློང་།
སྐུ་ཉིད ཞོགས་པ་འདིའི་གོད་ཆག་ལས་སླར་ཡང་མཇལ་དུས།
ངས་ཅི་ཞིག་བྱེད་དགོས་སམ ངས་ཅི་ཞིག་འབུལ་འོས་སམ།
ལག་པ་སྟོང་པས བསྐྱར་གསོན་ལ་བདེན་པ་བདར་ཐུབ་མ་སོང་།
འོན་ཀྱང་ན་ཟུག་དང་གྲང་འཁྱག་འདིའི་ཆེད་དུ།
ངས་སྐྱབས་འཇུག་རྣམ་དག་ཅིག་ཞུ་དགོས རྒྱུ་མཚན།
ང་ཚོ་ལ་རང་བྱུང་གིས་གནང་བའི་བྱམས་བརྩེའི་ཤེས་དཔལ་ཡོད་པས།
ཞོགས་ཀའི་རྡུལ་འཚུབས་ཀྱིས་ཁྱེར་བའི་རྣམ་ཤེས་དག་ལ་བསྔོ་སྨོན་ཞུ་དགོས།
ང་ཡི་རིགས་གཅིག་པའི་དིང་རི་བ།
སེམས་འཕངས་ཆོས་ཀྱིས་བསྟོད་རོགས མགོ་བོ་ཡར་ལ་དགྱེ་རོགས།
༢༠༢༥ ལོའི་ཟླ་བ་དང་པོར་རྟོགས་སྨྱོན་གྱིས་ས་ཡོམ་གྱི་གནོད་འཚེ་ཐེབས་པའི་སྤུན་ཟླ་ཚོར་ཕུལ།
སྤོབས་པའི་མགོ་བོ་མ་ཞུམ་དིང་རི་བ།
དྲྭ་ཐོག་འཁྱམ་པོ།
ཞོགས་པའི་ཉི་ཟེར་རྡུལ་གྱིས་མ་བསླད་གོང་། །
གདོང་ལ་ཕོག་པའི་འོད་མདངས་དཀར་པོ་ཡིན། །
གཏམ་ངན་རྣ་ལ་ལྷུང་བའི་དེ་མ་ཉིད། །
སེམས་ཀྱི་ཕྱི་ནང་བརླན་བྱུང་དིང་རི་བ། །
ཁ་སང་ཁྲིག་ཁྲིག་ཡིན་པའི་རི་གྲོང་དང་། །
མདང་ནུབ་བདེ་བདེ་ཡིན་པའི་གྲོང་མི་དག །
གློ་བུརགློ་བུར་ཡིན་པའི་ཆག་སྒོ་འདི། །
ལན་ཆགས་བུ་ལོན་ཡིན་ནམ་ཨ་རེ་ཤུ། །
ས་ཆེན་འགུལ་བའི་སྣོད་བཅུད་སྐྱི་ཞིང་གཡའ། །
བརྡབ་གསིག་ཤོར་བའི་རྨ་ཁ་སོས་པར་དཀའ། །
གློ་རྡེག་གོད་ཆགས་འདི་འདྲ་ལྷུང་དུས་ན། །
སུ་ཡིས་ཐེག་པར་དཀའ་འོ་དིང་རི་བ། །
མིག་རྡེབ་གཅིག་གི་ཡུད་ཙམ་སོང་ཤུལ་ན། །
ལྷིང་འཇགས་རུམ་པའི་རི་གྲོང་ཐལ་འཚུབ་བེར། །
མི་བརྟན་གཡོ་བའི་ཚུལ་དེ་མཐོང་དུས་ན། །
དངངས་སྐྲག་སྐྱེ་ཁོམ་ཨེ་བྱུང་ཨ་རེ་ཤུ། །
ཉི་མའི་མདངས་ལ་ནག་ཐིག་ལྷུང་བྱུང་ངམ། །
ཇོ་མོ་གླང་མས་སྤྱན་ཆབ་བསིལ་བྱུང་ངམ། །
མཁར་ཆག་གྱང་ཞིག་མིག་ལ་ཐོགས་དུས་སུ། །
སེམས་ཀྱིས་བཟོད་པར་དཀའ་འོ་དིང་རི་བ། །
འདུས་པའི་གཉེན་ཉེ་ལས་ཀྱིས་ཁ་ཁར་བཏང་། །
བསགས་པའི་འབྱོར་བ་ཐལ་བའི་རྡུལ་དུ་གྱུར། །
བསམ་པའི་ཡུལ་ན་མེད་པའི་རྐྱེན་ཆགས་འདིས། །
འཁྱག་ལྟོགས་དཀའ་སྡུག་མྱངས་སོང་ཨ་རེ་ཤུ། །
གཏོང་ཕོད་ཅན་ཚོས་འབྱོར་བས་སྐྱོར་བཞིན་ཡོད། །
གྲྭ་བ་བླ་མས་ཐུགས་སྨོན་གནང་བཞིན་ཡོད། །
སྨན་པ་སྡེ་ཚན་དངོས་སུ་འབྱོར་ནས་ཡོད། །
སྤོབས་པའི་མགོ་བོ་མ་ཞུམ་དིང་རི་བ། །
ངས་ནི་ལེ་དབར་སྟོང་གི་ས་མཚམས་ནས། །
ཞེ་དང་སྙིང་ཆུང་ཁྱེད་ཚོར་དམར་ནས་ཡོད། །
དིང་རིའི་ཡུལ་དུ་དངོས་སུ་མ་སླེབས་ཀྱང་། །
གདུང་སེམས་མཉམ་བསྐྱེད་ཡིན་ནོ་ཨ་རེ་ཤུ། །
ལས་དབང་ཟེར་ན་འདི་ལྟར་བཙན་པོ་རེད། །
འཇིག་རྟེན་སྣོད་བཅུད་འདི་ལྟར་གཉོམ་པོ་རེད། །
ཡིན་ཡང་སྨྲེང་བའི་མིག་ཆུ་འབྱིད་ཞོར་དུ། །
ཨམ་གཙིགས་ལན་དགུ་སྡོམས་ཤིག་དིང་རི་བ། །
2025 . 1 . 8 ཉིན་ཕ་ཡུལ་ནས་བྲིས།
ཞེ་ནས་སྨྲེང་བ་རྒོད་པའི་དིང་རི་བ།
རི་ཆུ་སྟོང་གི་འདས་པའི་ཕ་ངོགས་ཤིག་ན། །
སེམས་ཐག་ཧ་ཅང་ཉེ་བའི་རིགས་གཅིག་སྤུན་ཟླར། །
ཞེ་ནས་སྨྲེང་བ་རྒོད་པའི་གོད་ཆགས་བྱུང་ཚུལ། །
གསར་འགྱུར་ཁག་ནས་བསྟུད་མར་མིག་ལམ་བསྟར་དུས། །
དང་ཐོག་འཁྲུལ་རྒྱུ་མིག་ལ་བྱུང་འདུག་སྙམ་བྱུང་། །
རང་བྱུང་འབྱུང་བཞིའི་འཇིགས་པ་ཡིན་ནམ་མི་ཤེས། །
ལས་ཀྱིས་བྱིན་པའི་བགོ་སྐལ་ཡིན་ཡང་མི་ཤེས། །
ཉི་འོད་ཕོག་སའི་གངས་དཀར་རི་ཡི་ཞོགས་སུ། །
སྡུག་གིས་སེམས་ཁོང་གཟིར་བའི་དིང་རི་བ་ནི། །
མཐོང་བར་མི་གཟོད་དམྱལ་བའི་ཆོ་ལོ་བྱིན་འདུག །
ཞོགས་པའི་ཉི་ཟེར་རི་འགོར་ཕོག་ལ་མ་ཕོག །
བདེ་བའི་གཉིད་ཐུན་ཐ་མ་རྫོགས་ལ་མ་རྫོགས། །
གློ་བུར་ས་ཆེན་གཡུག་པའི་ཆོ་འཕྲུལ་དེ་ཡིས། །
ཁྱིམ་གཞིས་དྲོན་མོ་ཐལ་བའི་ཀློང་དུ་ཚུད་ནས། །
སྐྱིད་ཀྱི་འཚོ་བ་ཨར་འདམ་མཆེ་བས་བཅོམ་བཞག །
འཁོར་བའི་རང་འཚང་སྟོན་པ་ཡིན་ནམ་མི་ཤེས། །
མི་རྟག་སྒྱུ་མའི་གར་རྩེད་ཡིན་ཡང་མི་ཤེས། །
ར་ཡུག་དམག་འཁྲུག་ལས་ཀྱང་འཇིགས་སུ་རུང་བའི། །
སྡེ་ཆེན་ཁ་འཐོར་སོང་བའི་དིང་རི་བ་ནི། །
དྲན་ན་མི་བཟོད་སྙིང་གི་ཚེར་མ་འདྲ་བྱུང་། །
ལས་ཀྱི་གཏམ་ལས་བྱུང་བའི་དིང་རིའི་ཡུལ་དུ། །
རྒྱབ་མདུན་ལེང་ངེར་འགྱེལ་བའི་གྱང་རོའི་བར་ནས། །
ངུ་སྐད་གནམ་ས་འདྲེས་པའི་ཐལ་རྡུལ་གསེང་དུ། །
གོས་མེད་གཅེར་བུར་རྒྱུག་པའི་བུ་ཚ་མཐོང་དུས། །
མིག་ལ་མཆི་ཞགས་མི་འཁོར་རང་དབང་མི་འདུག །
སྐྱིད་སྡུག་གཉུག་མའི་གདོང་གཤིས་ཡིན་ནམ་མི་ཤེས། །
བར་ཆད་བཙན་པོའི་གློག་ཞགས་ཡིན་ཡང་མི་ཤེེས། །
ལྷིང་འཇགས་ཞི་བདེའི་འཚོ་བ་ཁྲག་ལ་བསྒྲེས་ནས། །
འོ་དོད་སུད་སུད་འབོད་པའི་ཐང་སྟོང་བསྒྱུར་དུས། །
འཇིག་རྟེན་ཟེར་བ་དོན་དངོས་རྨི་ལམ་ཙམ་ཞིག །
ཉམ་ཆུང་རྣམ་ཤེས་བཞའ་སའི་གཞིས་ཁྱིམ་དེ་ཉིད། །
ཚེ་སྲོག་རྣམ་ཤེས་སྟོང་གི་དུར་སར་གྱུར་དུས། །
སྡུག་གིས་ཟིན་པའི་ཕུ་ནུའི་སྐད་གདང་གཉོམ་པོས། །
གྱང་ཆག་སྲང་ལམ་བར་ནས་ཆོ་ངེ་འདེབས་དུས། །
རྟག་བརྟན་མེད་པའི་འདུ་བྲལ་སྙིང་ལ་གཟན་པ། །
ཁྱིམ་གཞིས་འབྱུང་བར་ཤོར་བའི་དྭ་ཕྲུག་རྣམ་པ། །
རས་གུར་སྔོན་པོའི་ནང་དུ་འཁྱག་ཙམ་ཨེ་བྱུང་། །
ཐང་སྟོང་དེ་རུ་ཐབ་རྡོ་ཐེབས་ཆག་བསྒྲིགས་ནས། །
ལྟོགས་སྐོམ་གྲང་རླུང་དུ་མས་མནར་ཚུལ་དྲན་ན། །
སྐྱོ་བས་སྐྱོམ་པའི་མིག་ཀོང་མཆི་མས་གང་སོང་། །
འགའ་ཞིག་འཇིག་རྟེན་ཕ་རོལ་བསྐྱས་ཆེན་བརྒྱབ་སོང་། །
ཁེར་རྐྱང་གཤིན་ཡུལ་འགྲིམ་པའི་སྡུག་ཡུས་བསམ་ན། །
མ་ངེས་ལས་ཀྱི་བཀའ་ཆད་ཁོ་ནར་འཁང་བཞིན། །
ཕངས་སེམས་སྡུག་སྨྲེའི་མིག་ཟུང་ཆབ་ཀྱིས་བརླན་ཏེ། །
མགྲིན་པ་མཆི་མས་བརྣངས་ནས་ཧད་ཀྱིས་ལུས་སོང་། །
ཆོས་ཉིད་འདི་ལས་རྣམ་པར་འབྲོས་སུ་མེད་པས། །
ལས་ཀྱི་རྣམ་སྨིན་ཐད་སོར་བདག་གིར་བཞེས་ནས། །
དཀའ་ངལ་གདོང་གཏད་མྱ་ངན་སེལ་ཐབས་གྱིས་དང་། །
སྡུག་གི་ལྷགས་པའི་རྒྱབ་ཏུ་སྐྱིད་གཅིག་སྲིད་པས། །
སེམས་ཤུགས་ཆེས་ཆེར་བསྐྱེད་དང་དིང་རིའི་སྤུན་ཟླ། །
གོང་རིམ་དབུ་ཁྲིད་རྣམ་པས་ཉིན་མཚན་མགོ་སྦྲེལ། །
རྒྱུ་དཔུང་གཉིས་ཀྱིས་རམ་འདེགས་ཁྱེད་ཚོར་བྱས་སོང་། །
རིགས་གཅིག་སྤུན་ཟླ་རྣམ་པས་གཅིག་རྗེས་གཉིས་མཐུད། །
གདུང་སེམས་མཉམ་བསྐྱེད་བྱས་ནས་གམ་དུ་ལོག་འདུག །
འདས་གསོན་ཡོད་ཚད་ཆེད་དུ་མཉམ་དུ་ཤུགས་རྒྱོབ། །
2025/1/7གཅུང་ཞོགས་མིག་གིས།
ང་ཡི་སྤུན་ཟླ་དིང་རི་བར།
གཡོར་པོ་གསེར་འོད།
འདི་ནས་ལྷོ་ཕྱོགས་རིམ་བརྒལ་ན། །
མཐའ་མཚམས་སྲུང་བའི་དཔའ་བོའི་རྒྱུད། །
འབྱུང་བའི་སྡེར་ཁྱིམ་བགྲད་ཤུལ་ནས། །
ང་ཡི་སྤུན་ཟླ་དིང་རི་བར། །
གློ་བུར་ཡོམ་གྱི་འཇབ་རྒོལ་བྱུང་། །
གསར་ཤོག་རེ་རེའི་གྲུ་ཟུར་ནས། །
ཁྱེད་ཚོའི་མིག་ཟུང་གཉོམ་པོ་མཐོང་། །
ཁང་གཞིས་རེ་རེའི་ཞིག་མལ་ནས། །
ཁྱེད་ཚོ་གྲང་བྱུང་དིང་རི་བ། །
ང་ཡི་སེམས་ཀྱང་དེ་བཞིན་གས། །
ཇོ་མོ་གླང་མ་འདར་བཞིན་འདུག །
འདབས་ཀྱི་གཙང་པོ་འཁྱོམས་བཞིན་འདུག །
ས་ཆེན་རྡུལ་གྱིས་དཀྲིགས་པ་ན། །
ང་ཡི་སྤུན་ཟླ་དིང་རི་བའི། །
ལྷིང་འཇགས་རྨི་ལམ་དཀྲུགས་བྱུང་ངོ་། །
འཇིག་རྟེན་གྲུབ་ནས་འཇིག་བཞིན་པས། །
ནམ་འཇིག་ཆ་མེད་ཐུགས་ལ་ཉོར། །
རྡུལ་ནག་འཁྲིགས་པའི་ལོ་ཟླ་འདི། །
དྭངས་པར་ངེས་སོ་དིང་རི་བ། །
འབྱུང་འགྱུར་ཆེད་དུ་སྤོབས་པ་བསྐྱེད། །
ཕ་གཅིག་དམ་པ་སངས་རྒྱས་ལ། །
དད་དམ་མི་འགྱུར་ཁེར་འཚོ་ངས། །
སྟོབས་འབྱོར་དཔུང་གིས་མི་ཐེག་ཀྱང་། །
ཕྱི་མར་འགྲིམས་པའི་དིང་རི་བར། །
རང་གི་དགེ་རྩ་ཡོངས་རྫོགས་བསྔོ། །
དྲྭ་བའི་སྐབས་འཚོལ་རིང་ལུགས་པས། །
ཁྱེད་ཚོའི་སྐྱབས་གནས་རྣམ་གསུམ་པོ། །
དོང་དུ་ནམ་ཞིག་ལྷུང་སོང་ཟེར། །
དད་སེམས་འགྱུར་མེད་དིང་རི་བ། །
བདེན་བཞིས་སེམས་པ་གསོ་རོགས་གནང་། །
དཀར་ངོགས་འདི་ན་འཚོ་བ་ཡི། །
སྤུན་ཟླའི་མིང་སྲིང་ཡོངས་རྫོགས་ལ། །
ཡོམ་འགོག་གནོད་སེལ་གེགས་སྐྱོབ་ཀྱི། །
རྒྱུན་ཤེས་སྦྱོངས་ཞེས་སྙིང་དཀྱིལ་ནས། །
སྙིམ་པའི་འདབ་མ་སྦྱར་ནས་ཞུ། །
མཇུག་ཏུ་བརྩེ་བའི་སྤུན་ཟླ་ཚོས། །
དངོས་རྫས་རོགས་སྐྱོར་གནང་བའི་ཚེ། །
སྐབས་བསྟུན་རྐུན་ལ་བྱང་བ་ཚོས། །
ཞབས་འདེགས་དགོས་པའི་དིང་རི་བར། །
བརྫུས་པའི་ཇག་ལ་དོགས་ཟོན་བྱོས། །
༢༠༢༥-༡-༦
དིང་རི་བ།
འདབ་ཐེག གཅུང་པ།
འཇིག་རྟེན་དྲྭ་བའི་བརྡ་འཕྲིན་རྒྱུན་ལམ་ནས།།
བོད་པའི་གོད་ཆགས་རྣམ་རྟོག་སྡུག་ཡུས་ལས།།
སེམས་ན་བཟོད་པར་དཀའ་བའི་སྨྲེ་སྔགས་ཐོན།།
འདི་ཡང་ཕན་མེད་འདྲ་དེ་སྙན་ངག་ཤོར།།
ཆོ་འཕྲུལ་མི་ལ་བབས་པའི་སྣང་ཤས་ཀྱིས།།
བདག་མེད་སྨྱུ་གུ་བཀོལ་བའི་སྣག་རིས་འོག།
སྙིང་ནས་གདུང་བ་ཤོར་བའི་ཚེ་འདས་ལ།།
རྒྱུ་ཟས་ཕན་པ་མེད་ཀྱང་མ་ཎི་བསྒྲངས།།
ས་ནག་གད་པ་ཞིག་པོའི་ནང་རོལ་ནས།།
ངུ་འབོད་དབྱངས་ལ་འཐེན་པའི་སྐྱོ་གདུང་ལས།།
མུན་ནག་ཟླ་དཀར་འཆར་བའི་དུས་ཤིག་ཡོད།།
མིག་རྒྱང་རིང་དུ་བསྲིངས་ཤིག་དིང་རི་བ།།
འཇིགས་པའི་ས་ཡོམ་རླབས་ཀྱིས་རྒོལ་བྱས་པའི།།
མྱ་ངན་གདུང་བས་མནར་བའི་སྤུན་ཟླའི་ཕྱོགས།།
མིག་ནས་ཆུ་རྒྱུན་བཞུར་བཞིན་ཡང་ཡང་བལྟས།།
གདུང་སེམས་མཉམ་དུ་འབོད་དོ་དིང་རི་བ།།
འུ་ཐུག་ཟླ་བ་མོག་པའི་དིང་རི་བ།།
གནས་ཁང་ཞིག་རལ་ཤོར་བའི་དིང་རི་བ།།
ནང་མི་ཁ་བྲལ་སོང་བའི་དིང་རི་བ།།
སེམས་སྤོབས་རྒྱང་དུ་བསྐྱེད་དང་དིང་རི་བ།།
ངའི་སྤུན་ཟླ་དིང་རི་བ།
གཅིག་པུ་བ།
ཁ་སང་གི་ཞོགས་པར།
རི་བོ་འདར་བའི་སྒལ་སྲུབ་ནས།
ངའི་སྤུན་ཟླ་ཚོའི་ཚེ་སྲོག་ཤོར་སོང་།
སྐྱོ་གདུང་གི་མིག་ཆུའི་བཞུར་སྒྲ་དང་།
ངུ་ངག་གི་དབྱངས་རྟའི་ཁེངས།
འདས་པོ་ཚོར།
སྨོན་ལམ་དང་མ་ཎི་སྒྲོན་པ་ལས།
ངས་ཅི་ཡང་བྱེད་མ་ཐོབ་ཀྱང་།
འཁྱག་ཤུད་ཐེབས་པའི་སེམས་པ།
གྲང་ཅང་ཅང་། གྲང་ཅང་ཅང་།
ཤུལ་དུ་ལུས་པའི་སྤུན་ཟླ་ཚོར།
སེམས་གསོའི་ཡིག་ཆུང་ཞིག་ལས།
དངོས་ཟོག་གི་རོགས་རམ་ཐུབ་མ་སོང་།
འོན་ཀྱང སྐྱིད་སྡུག་གཅིག་པའི་སེམས་པ་འདིས།
སེམས་མ་སྐྱོ་ང་ཚོ་ནམ་ཡང་མཉམ་དུ་ཡོད་ཅེས་ཞུ་ན་འདོད།
རོགས་རམ་གནང་མཁན་ཡོངས་ལ།
ལྷག་བསམ་རྣམ་དག་གིས་རྗེས་སུ་ཡི་རང་ཞུ།
2025,1,9 ཉིན་བྲིས་སོ། །
རྩོམ་སྒྲིག་པ། རོང་པོ་རང་འཚོལ། དོ་དམ་པ། རོང་པོ་རང་འཚོལ།