ཤ བརྩམས་སྒྲུང་། བློ་བཟང་ཀུན་མཁྱེན།

民生   2025-01-18 21:52   西藏  


རྩོམ་པ་པོ། བློ་བཟང་ཀུན་མཁྱེན།


      བྱང་ཐང་གི་དགུན་ཁ་གངས་དང་གྲང་རླུང་འགྲོགས་ནས་སླེབས་བྱུང་། ཡར་ཁམས་བྱང་མའི་འབྲོག་པ་ཚོས་ལོ་གཅིག་དུས་གཅིག་གི་དགུན་བཤས་བཤའ་འགོ་ཚུགས་སོང་། 

      ད་ནི་ནག་ཆུ་གྲོང་ཁྱེར་གྱི་ཤ་ཁྲོམ་གང་སར་ཤ་འཚོང་མཁན་ཇེ་མང་འགྲོ་བཞིན་འདུག  ད་ལོའི་ཤ་གོང་ཡང་སྔོན་མའི་ལོ་དག་བསྡུར་ན་ཅུང་ཆེ་ཞིང་། ནོར་ཤ་རྒྱ་མ་གང་རེར་སྒོར་བཞི་ཅུ་ཞེ་ལྔ་ཙམ་དང་། ལུག་ཤ་རྒྱ་མ་གང་རེར་སྒོར་ལྔ་བཅུ་ང་ལྔ་ཙམ་སྤྲོད་ལ།  ཤ་རྒྱགས་པ་སྟེ་ཚིལ་མང་པོ་ཡོད་ན་གོང་ཚད་དེ་བས་ཆེ་བ་སྤྲོད་ཀྱི་འདུག  

        ད་ནངས་ཞོགས་པར་དབང་ཆེན་ཕ་བུ་གཉིས་ཀྱིས་ཀྱང་ད་ལོའི་དབྱར་དཀྱིལ་ཙམ་ལ་འབྲི་ཁལ་གཉིས་ལྕགས་རྭར་བླུགས་པ་ལས་ཁལ་གཅིག་བཤས་ནས་ནག་ཆུ་གྲོང་ཁྱེར་དུ་ཤ་འཚོང་དུ་སོང་། ཉི་མ་ཤར་མ་ཐག་ཁོ་གཉིས་ཀྱི་ཁལ་ཤ་བླུགས་པའི་རླངས་འཁོར་དེ་སྡེ་ཁུལ་ཞིག་གི་སྒོ་འགྲམ་དུ་བཞག་ནས་ཚོང་ཁྲོམ་བཏིང་། ཉེ་གམ་དུ་ཁོ་གཉིས་འདྲ་བར་ཤ་འཚོང་མཁན་གྱི་འབྲོག་པ་མང་པོ་སླེབས་དང་སླེབས་མུས་ཡིན་ཞིང་།    ཤ་ཉོ་མཁན་ཡང་རིམ་གྱིས་འབྱོར་ནས་གོང་ཚད་གཏམ་བཞིན་འདུག གནམ་གཤིས་གྲང་ངར་ཆེ་བས་ཉི་ཟེར་ངོགས་སུ་མི་རྣམས་ཀྱི་ཁ་རླངས་སྐྱ་ཐོལ་ཐོལ་འཕྱོ་བ་མཐོང་ཐུབ།  

            ཤ་ཉོས་དང་། འབྲོག་ཤ་དག་མ་ཡིན

           ཆུ་ཚོད་གཅིག་ཙམ་རིང་དབང་ཆེན་ཕ་བུ་གཉིས་ཀྱི་འགྲམ་དུ་གོང་ཚད་གཏམ་མཁན་མི་ཁ་ཤས་སླེབས་བྱུང་ལ།   རྒན་ཡོལ་ཞུས་པ་ཞིག་མིན་ནམ་སྙམ་པའི་རྒད་པོ་ཞིག་གིས་གོང་ཚད་ཡང་ཡང་དྲིས་ཤིང་། རྒྱ་མ་གང་རེར་སྒོར་བཞི་ཅུ་ཞེ་གསུམ་སྤྲད་དགོས་ལབས། ཁ་སྔོན་ཁོ་ཚོའི་གྲོང་ཚོའི་གྲོང་མི་ཞིག་གིས་རྒྱ་མ་གང་རེར་སྒོར་བཞི་ཅུ་ཞེ་བཞི་བྱས་ནས་བཙོངས་པ་ཐོས་པས། དབང་ཆེན་ཕ་བུ་གཉིས་ཀྱིས་ཨུ་ཚུགས་ཀྱིས་སྒོར་ཞེ་ལྔ་ལས་བཅོག་རྒྱུ་མིན་ཚུལ་བཤད། ཚིལ་སེར་ལྷུག་ལྷུག་གི་ནོར་ཤ་རྒྱགས་པ་དེ་མཐོང་མ་ཐག་འགྲམ་ཆུ་མི་འདང་མཁན་ཧ་ལམ་མེད་ཅིང་། ཉོ་མཁན་མང་པོ་ཞིག་ཡར་མར་བསྐོར་བ་རྒྱག་ཞོར་དབང་ཆེན་ཕ་བུ་གཉིས་ཀྱི་འགྲམ་དུ་ཡང་ཡང་སླེབས་ཡོང་།  ཅུང་ཞིག་འགྲོ་དུས་གཞོན་པ་ཤེལ་མིག་དཀར་པོ་བརྒྱབ་པ་ཞིག་གིས་བྲང་གཅིག་པུ་འཚོང་ངམ་ཞེས་དྲིས།  དབང་ཆེན་གྱིསའཚོང་།  བྲང་ཤ་ནི་ཤའི་ནང་གི་ཞིམ་ཤོས་དེ་ཡིན་པས་རྒྱ་མ་གང་རེར་སྒོར་ལྔ་བཅུ་ཡིནཞེས་བཤད། གཞོན་པ་དེས་མནོ་བསམ་ཅི་ཡང་མ་བཏང་བར་རྒྱ་མ་ཁྱོགས་དང་ཟེར།  

        ད་ནི་ཉི་ཁ་བབས་པས་གནམ་གཤིས་ཀྱང་ཅུང་དྲོ་རུ་སོང་བའི་སྣང་བ་ཡོང་།  ཏག་ཏག་དེ་དུས་ཁོ་གཉིས་ལ་ཤིན་ཏུ་ལྟོག་པའི་ཚོར་བ་ཞིག་བྱུང་། དབང་ཆེན་གྱིས་བུ་དགྲ་འདུལ་བཏང་ནས་གམ་གྱི་ཟ་ཁང་ནས་བོད་ཐུག་ཕོར་བ་གང་རེ་དང་ཤ་བག་ལེབ་རེ་མངགས། ཅུང་ཞིག་འགྲོ་དུས་ཟ་ཁང་གི་བུ་མོ་ཞིག་གིས་ཐུག་པ་དང་བག་ལེབ་བསྐྱལ་བྱུང་། དེ་དུས་བུ་དགྲ་འདུལ་གྱིས་དགོད་ལྷང་ལྷང་ངང་བུ་མོ་དེརཟ་ཁང་ལ་ཤ་ཉོ་མི་དགོས་སམཞེས་དྲིས། བུ་མོ་དེས་ཅུང་འཚེར་སྣང་དང་བཅསཟ་ཁང་གིས་ནོར་ཤ་དག་མ་གོང་ཆེན་དེ་འདྲ་ཉོས་ན། ལམ་སེང་ཚོང་སྡིབ་ཀྱི་རེདཟེར། དགྲ་འདུལ་གྱིསཁྱོད་ཚོས་ཟ་མའི་ནང་གི་ཤ་འབྲོག་ཤ་མིན་ནམཞེས་དྲིས། བུ་མོ་དེས་ཅུང་སུན་སྣང་དང་བཅསང་ཚོས་ཤོག་སྒམ་ནང་གི་ཤ་ཁོ་ན་ཉོ་ཡི་ཡོད། རྒྱ་མ་གང་རེར་སྒོར་ཉི་ཤུ་ལྷག་ལས་མི་དགོསཅེས་ཟེར་བཞིན་དགྲ་འདུལ་གྱི་ལན་ཡང་མ་སྒུག་པར་ཤར་རེར་བུད་སོང་།  དགྲ་འདུལ་མོའི་རྒྱབ་གཟུགས་ལྟ་བཞིན་སྡོད་དུས་ཕ་དབང་ཆེན་གྱིས་ཐོམ་ནས་མ་སྡོད། ཤ་ཉོ་མཁན་སླེབས་སོངཟེར། དགྲ་འདུལ་གྱིསཡོ་ཡོ། ངས་ཤ་གསོན་པོ་ཞིག་ལ་བལྟས་ནས་ཤ་བཙོང་རྒྱུ་བརྗེད་སོངཞེས་བཤད།  ད་གིན་རྒད་པོ་དེ་སླར་ཡང་ཁོ་གཉིས་ཡོད་སར་སླེབས་བྱུང་། ཤ་ཁྲོམ་ཧྲིལ་པོ་བསྐོར་བ་བརྒྱབ་ཀྱང་། ཤ་འདི་ལས་ཡག་པ་མི་འདུག ད་རྒྱ་མ་གང་ལ་སྒོར་ཞེ་ལྔ་སྤྲོད་དགོསཟེར། དགྲ་འདུལ་གྱིས་འཚོང་རྩིས་བྱས་མོད། དབང་ཆེན་གྱིས་ཨུ་ཚུགས་མཐའ་སྐྱེལ་གྱིས་སྒོར་ཟུར་གཅིག་ཀྱང་བཅོག་གི་མིན་ཞེས་བཤད། རྒད་པོས་ནོར་ཤ་དེབ་བཞི་ལ་ཡང་དུ་ལྟ་བཞིན་ཅུང་འཕངས་སེམས་དང་བཅས་རྒྱ་མ་འཁྱོགས་དང་ཅེས་བཤད། དགྲ་འདུལ་དགའ་ཐག་ཆོད་ནས་ལམ་སེང་ནོར་ཤ་དེབ་བཞི་པོ་རྒྱ་སྟེབས་སྟེང་དུ་བཞག   ཁྱོན་རྒྱ་མ་ཉིས་བརྒྱ་བཞི་བཅུ་ཞེ་ལྔ་འདུག  དབང་ཆེན་ཕ་བུ་གཉིས་ཀྱི་ནོར་ཤ་དེབ་རེ་བྱས་ནས་འགྱིག་སྒྱེའི་ནང་བླུགས་དུས་རྒད་པོས་ཀྱང་དངུལ་ཁུག་ནང་ནས་དངུལ་བཏོན་ནས་སྤྲད།   དབང་ཆེན་ཕ་བུ་གཉིས་ཤིན་ཏུ་དགའ་ཞིང་ཡ་མཚར་སྐྱེས།   ནོར་གཅིག་གིས་སྒོར་ཁྲི་གཅིག་ལྷག་ཁུག་པ་ནི་དཔེ་མི་སྲིད་པ་ཞིག་རེད། ད་དུང་བྲང་ཤ་བཙོངས་པའི་རིན་དང་། ཀོ་བའི་རིན་སྣོན་ན་དེ་བས་མང་བ་བྱུང་བ་མིན་ནམ། ཕ་བུ་གཉིས་ཀྱི་སེམས་སུ་ནོར་ནི་ངོ་མ་ནོར་བུ་ཞིག་རེད་སྙམ་པ་བྱུང་།

        ཕྱི་དྲོ་ཡོལ་ཙམ་ལ་དབང་ཆེན་ཕ་བུ་གཉིས་ཀྱིས་རླངས་འཁོར་བཏང་ནས་ཡར་ཁམས་བྱང་མར་ལོག   རླངས་འཁོར་རྒྱབ་ཏུ་འབྲས་དང་གྲོ་ཕྱེ་འགྱིག་སྒྱེ་གང་རེ་དང་། ཚལ་སྣེ་འགའ། ད་དུང་ཤོག་སྒམ་ནང་གི་ཤ་རྒྱ་མ་བཅུ་ཉོས་པ་ཡང་བླུགས་ཡོད།  གཉིས་ཀ་སེམས་པ་དགའ་སྤྲོས་ཁེངས་བཞིན་གླུ་ཆུང་རེ་ཡང་འཐེན་པ་ཐོས་ཐུབ།

         ཨ་ཕ། ད་ལོ་ཤ་གོང་ཤིན་ཏུ་ཆེ་བས་འབྲི་བཤས་དེ་ཡང་བཙོངས་བཞག་ན་སྙམགློ་བུར་དུ་བུ་དགྲ་འདུལ་གྱིས་རླངས་འཁོར་གཏོང་ཞོར་དེ་ལྟར་ཟེར།

        དེ་འདྲ་ག་ནས་ཡོང་། འབྲོག་ཁྱིམ་ཞིག་ལ་ཤ་མེད་ན་ཅི་ཞིག་བཟའ་འམ

      ང་ཚོས་ཤོག་སྒམ་ནང་གི་ཤ་ཉོས་ན་ཆོག  གུང་གསེང་དུས་མ་གཏོགས་ཁྱིམ་ལ་ངེད་གཉིས་ལས་མེད་ལ།  པ་ལགས་ཁྱེད་རང་ཚེས་བཟང་དུས་བཟང་དང་ས་དཀར་ཟླ་བ་དང་འབུམ་འགྱུར་ཟླ་བ་ཚང་མར་དམར་བཟའ་ཡི་མེད་པས་ཤ་དེ་ཙམ་མི་མཁོ

       ཁྱོད་གཞོན་པ་ཤ་མེད་པར་སྡོད་ཐུབ་ན་ང་རྒད་པོ་སྐྱོན་ཅི་ལ་ཡོད

        ནུ་བོ་ད་ལོ་མཐོ་གསུམ་ཡིན་པས། སློབ་ཆེན་ཡིག་རྒྱུགས་ཁྲོད་ན་སློབ་རིན་མང་པོ་མཁོ་ངེས་ལ། ད་དུང་ན་ནིང་པ་ལགས་ཁྱོད་ཀྱིས་སློབ་ཆེན་སླེབས་སོང་ན་གློག་ཀླད་ཅིག་ཉོ་རྒྱུའི་ཁས་བླངས་སོང

     ངས་དོན་དེ་བརྗེད་པ་རེད། ཁྱོད་གཉིས་ཀྱི་ཨ་མ་ཁམས་པའི་རྗེས་སུ་སོང་མེད་ན་ངེད་ཚང་གི་འཚོ་བ་ཡང་འདི་ལས་སྐྱིད་ངེས། ཁྱོད་ཀྱང་ད་ཆ་སློབ་ཆེན་འགྲིམས་བཞིན་ཡོད་རྒྱུ་རེད་ལ། ངེད་ཚང་གི་ར་ལུག་ཡང་རྩ་ནས་མེད་པ་བཟོ་དགོས་མེད།  ད་ལྟོས་དང་ལུག་ཤ་གོང་ཆེན་ག་འདྲ་རེད་མི་འདུག་གམ

       པ་ལགས་དེ་འདྲ་མ་ཟེར།  ནུ་བོ་སློབ་ཆེན་འདོན་ཐུབ་ན་དེ་གས་འགྲིག་ཡོད།  ད་ཆ་དུས་བབ་བཟང་བས་མ་འོངས་འཚོ་བ་ཇེ་སྐྱིད་འགྲོ་ངེས

        ངས་ཚེ་འདིར་བུ་ཁྱོད་གཉིས་ཀ་སློབ་ཆེན་གཏོང་སྙམ་མོད། ད་རེ་བ་དེ་བསྒྲུབ་ཐུབ་མ་སོང

      པ་ལགས་དེ་འདྲ་མ་ཟེར།  འགའ་རེས་རིག་གནས་སྦྱངས། འགའ་རེས་འབྲོག་ལས་བསྐྱངས་ན་ཡག་ཤོས་མིན་ནམ།  ཞིང་འབྲོག་རྩ་ནས་སྟོང་ན་ཡང་ཡག་པོ་ཞིག་ཅི་ལ་ཡིན། 

    “ངས་མི་ཚེ་གཅིག་ལ་འབྲོག་ལས་བསྐྱངས། རིག་གནས་ཤིག་སྦྱངས་མ་ཐུབ་པར་མི་ཚེ་ཧྲིལ་པོ་སེམས་འཕངས་སྐྱེས 

     ངེད་གཉིས་མཉམ་དུ་ནུ་བོ་སློབ་ཆེན་བསྐྱལ་ན་དེ་ཡག་ཤོས་མིན་ནམ། འོ་རེད། པ་ལགས་ད་ནི་ང་རང་ཚེ་འདིར་འབྲོག་པ་བྱེད་རྒྱུ་ཡིན་པས། སང་ཞོགས་འབྲི་བཤས་དེ་ངས་སྲོག་གཅོད་ཆོག 

     ཁྱོད་ད་ལྟ་ལོ་ཆུང་ཆུང་ཡིན་པས། འུ་མ་ཐུག་ན་སྲོག་མ་གཅོད

      “……”

     རེ་ཞིག་ཡོད་ཚད་ཁུ་སིམ་མེར་གྱུར་ཞིང་། རླངས་འཁོར་གྱི་འཕྲུལ་ཆས་འཁོར་བའི་སྒྲ་ལས་ཅི་ཡང་ཐོས་མི་ཐུབ། ཕྱི་རུ་སྔར་བཞིན་དྲག་རླུང་ལྡང་བཞིན་འདུག  

   


རྩོམ་སྒྲིག་དང་དོ་དམ་པ། རོང་པོ་རང་འཚོལ། 


玛尔格莫兰
སྐལ་བ་བཟང་སོང་། འདི་ནས་འུ་ཚོས་དབྱངས་གསལ་གྱི་བྱིན་རླབས་ཞུ་རུ་འགྲོ།
 最新文章