རྟོག་གེའི་སྙན་ངག་ཚན་པ་གསུམ།

民生   2025-01-30 11:31   西藏  


བག་ཆགས། ཞར་བཀོད་གཉིས།
རྩོམ་པ་པོ། རྟོག་གེ ( ནག་ཆུ། )

བག་ཆགས།


བག་ཆགས་དྲི་མ་མཐུག་སོང་བྱམས་པ་ལགས། །
ལས་ཀྱི་ཐབ་རྡོ་ཚང་ངམ་སྙིང་ཉེ་ལགས། །
འདུ་བྱས་ཆོས་ཉིད་ཨེ་རྟོགས་མཛའ་ན་མོ། །
ལས་སྐལ་རྩི་ཏོག་ཡིན་པ་ཨེ་གསལ་ལམ། །
སེམས་པ་ཁང་པའི་སྒེའུ་ཁུང་ཡིན་ནོ་ལོ། །
དེ་ཡང་རབ་གསལ་ཐོག་ཁང་ཡིན་སྐད་དོ། །
ཤེས་པ་སྦར་མཐིལ་ཆུ་འཛིན་རང་ཡིན་ན། །
ནམ་ཞིག་སྒེའུ་ཁུང་འབྱེ་འོང་ཨེ་སྙམ་ལགས། །
བྱེ་ན་འདུ་བྱས་ལྡོག་པའི་ཕྱོགས་སུ་འགྲོ། །
རྙིད་པའི་སེམས་པ་རླུང་གིས་འདེད་འགྲོ་འམ། །
འདུན་པའི་སྐྲ་ལོ་སྡོམ་ཐག་ལྷོད་སོང་ན། །
སུན་སྣང་སྐྲ་ལོས་ལེ་བདའ་སུ་ལ་བྱེད། །

མཚན་མོའི་མིག


སྐར་མདའ་ཁེད་ཀྱིས་ལྷུང་བའི་མཚར་སྒྲུང་ལ། །
འཆར་ཡན་སྐྱེན་པའི་རྟ་ཕོའི་རྨིག་རྡུལ་ཉིད། །
གང་ནས་སྤོས་པའི་རྗེས་ཤུལ་མ་རྙེད་པར། །
མི་ལོ་སྟོང་གི་གཏམ་རྒྱུད་འདི་ན་ལྷགས། །
འུག་ཆུང་ཧབ་ཆ་རྣམ་རྟོག་རླུང་འཚུབ་གཡུགས། །
གང་ནས་བྱུང་དང་སུ་ཡིས་རྟོགས་པ་སོགས། །
མི་རབས་མང་པོར་དེད་ཀྱང་ཅང་མ་ཐོས། །
བྲེད་ཤ་གཏིང་ནས་སློང་བའི་སྒྲུང་གཏམ་གྱིས། །
བྱིས་པའི་རྟོག་ངོས་འཇའ་ཚོན་ཅི་དགར་བྲིས། །
ཉིན་མོ་ལག་ཏུ་མ་རྙེད་འཆར་ཡན་ལ། །
མཚན་མོའི་མིག་ཅན་སྣང་ངོར་རྟ་རྔ་གཡོ། །
རླུང་གིས་སྒུལ་ཏེ་སྐྱོད་པའི་རྣམ་འཕྲུལ་དེ། །
མཚར་སྒྲུང་བློ་ཐོག་ཅན་ལ་ལྷག་པར་མཁོ། །

ཕར་དང་ཚུར།


འཇིག་རྟེན་ནག་པོ་མིན་ལ་དཀར་པོའང་མིན། །
དཀར་ནག་གཉིས་ཀྱི་སྐྱ་ལ་བརྟེན་ཡོད་རུང་། །
ཕར་བྱས་མི་མངོན་མདང་སུམ་བ་མོ་རེད། །
ཚུར་བྱས་བརྩིགས་མའི་ཐོག་ཁང་ཇེ་མཐོ་རེད། །
སྤྲེལ་ལད་བྱེད་ལ་མཁས་མིན་ཁོ་ན་ཡིས། །
བྱས་དང་བྱས་མིན་དཀར་ནག་འདེད་རྒྱུ་ན། །
ཁ་གཏིང་མི་དབྱེའི་སྤྱོད་པའི་ནགས་ཚལ་དུ། །
གཤོག་ཐོགས་ཀུན་ལ་བྱ་ཞེས་འདོགས་པ་མཚར། །
གཞན་ཟེར་བུ་མོའི་རྣ་ཅོག་སྲབ་པ་ཡིས། །
ཁ་མཚར་མཁས་ལ་བསྟོད་པ་བྱེད་ལས་ནི། །
མངོན་ཤུགས་བརྒྱུད་པའི་བུ་ལ་ཕ་འབབ་ཆད། །
ཀུན་ཀྱིས་སྤྱད་པའི་ཕྱགས་མ་རང་ཟད་གྱུར། །
བྱས་ཀྱང་ཆད་པ་མེད་པའི་ཕོ་རོག་པ་ལ། །
དཀར་ནག་འཐབ་མོ་བྱས་པ་ཕྱི་ཚུལ་ཙམ། །
མ་བྱས་ཆད་པ་ཁུར་བའི་རྟ་རྒན་ལ། །
གཟན་ཆག་གཅོད་པའི་ཁྲལ་ལས་མྱངས་དགོས་ཁེལ། །


རྩོམ་སྒྲིག་དོ་དམ་པ། རོང་པོ་རང་འཚོལ། 


玛尔格莫兰
སྐལ་བ་བཟང་སོང་། འདི་ནས་འུ་ཚོས་དབྱངས་གསལ་གྱི་བྱིན་རླབས་ཞུ་རུ་འགྲོ།
 最新文章