སྟོན་ཀ ཞར་བཀོད་གཉིས།
རྩོམ་པ་པོ། རླུང་གྲུ། (ནག་ཆུ)
སྟོན་ཀ
སྟོན་ཀ་བུད་སོང་།
འདབ་ལོ་འཐོར་འདུག
བྱ་ཁྱུའི་ཚོགས་ཀྱང་འཕུར་བའི།
ནམ་མཁའ་ཇེ་ཡངས་སུ་གྱུར་ནས།
ཉིན་མོའི་སྐར་མ་དག་ལ་རྨི་ལམ་འཇོག་གིན་འདུག
མུན་པ་བརྡར་ནས་སོ་སྒྲ་འདེབས་མཁན་གྱི།
དགུན་ཁ་ཧ་ཅང་གཟན་ངེས།
ཉི་མ་དང་ཆེས་ཐག་ཉེ་ནའང་།
ཡལ་གའི་མཛུབ་བར་ནས་རྣམ་ཤེས་ཆད་པའི།
སྟོན་ཀ་ལ་ཐབས་ཤེས་མི་འདུག་ཨང་།
ཨམ་གཙིགས་བསྡམས་ནས་འོ་དོད་འབོད་པའི།
དུས་ཚོད་ཀྱིས་བྲབས་སོང་བའི་རྟ་ནག་གི་ལྟག་རྒྱབ་ཏུ།
རླུང་བུ་གཡོས་བྱུང་། ས་རུབ་སོང་།
བ་མོས་བཅོམ་པའི་ཞིང་ཁ་ལུས་འདུག
ལྷག་མའི་ཉི་འོད་ཅིག་ཀྱང་འདར་བཞིན་འདུག
ཁ་བས་བདག་གིར་བྱེད་པའི་རྨི་ལམ།
དྲན་པའི་རི་མོ་ལྷོ་ཕྱོགས་སུ་འཕུར་དུས།
སྒྲོ་སྤུ་ཡང་བོ་དག་ཀྱག་ལྷན་ཅིག་ཏུ།
ན་ཟུག་སྐྱེ་སྲིད་དམ།
འོད་ཀྲིག་ཀྲིག་གི་མིག་མདངས་ལས།
དུམ་བུར་ཆགས་པའི་རྨི་ལམ་གཏོང་སྲིད་དམ།
ངའི་བྲང་ཁོག་ཏུ་སྙན་ངག་ཅིག་གི་སྙིང་རྗེ་གནས་ཤིང་།
ཡན་ལག་བཅད་ཟིན་པའི་སྡོང་པོ་དེའི་ཁོང་ཁྲོ་འདུས་ཡོད།
ཉི་འོད་ཀྱི་དྲོད་ཁོལ་མ་ངེས་པའི།
ལྕགས་ཐབ་གཅིག་གི་གཞོགས་སུ།
རྨི་ལམ་གཉིས་ཀྱི་མེ་ལྕེ་མཐུ་དུས།
སེམས་གསོ་མཁོ་བའི་མི་ཚོགས་ཀྱི་ཁྲོད་དུ།
ངས་ཕོ་ལོ་ཉི་ཤུའི་སྣང་བ་ལ་གཏིང་མི་དཔོག་པར།
དུས་ཚིགས་རེ་རེའི་འཆར་གཞི་བཞིན།
དབུགས་ཀྱི་འབྱིན་རྔུབ་ཁྲོད་དུ་ལྷགས་སོང་།
ཁྱེད་ཚོ་རྙིད་ཀྱང་རུང་སྟེ།
སེམས་ན་བར་བྱེད་པའི་འཁྱག་གི་ལག་པས།
འཇིག་རྟེན་དང་འདུན་མ་སྒྲིག་སྟངས་གཞན་ཞིག་ལས།
ང་ལ་ཚད་མེད་པའི་དུས་ཚོད་གནང་བྱུང་།
ངས་མཛེས་པ་ཤིག་འཚོལ་བཞིན་ཡོད།
དེ་ནི་ཞེ་སྡང་ལས་ལྕི་བའི་རྨི་ལམ་གྱི་མཛེས་པ་ཞིག
དེ་ནི་སང་ཉིན་ལས་རིང་བའི་རྨི་ལམ་གྱི་མཛེས་པ་ཞིག
དེའང་རྙེད་མི་ཐུབ་པའི་ལྐོག་གྱུར་གྱི་མཛེས་པ་ཤིག་ཡིན་པར་སྨོན།
2024ལོའི་མཇུག་མཐའི་ཉིན་མོ།
ཁ་སང་འུར་འུར་གཡུགས་པའི་རླུང་བུས།
རྨི་ལམ་གྱི་སྦྲེལ་ཐག་བཅད་སོང་བས།
དེ་རིང་ལྷོད་འཇགས་ཀྱི་ངང་ཚུལ་ལས།
ང་རང་སེམས་ཁྲལ་ཇེ་ཆེར་བུད་སོང་།
སྤྲིན་པ་དང་ནམ་མཁའི་བར་ན་ལམ་ཞིག་འཐེན་ཡོད།
ལམ་དེར་དུས་ཚོད་ལས་མཆེད་ཅིང་།
དབུས་མཐའ་མེད་པའི་རེ་སྒུག་གི་སྣེ་མོ་ན།
ཆར་རླུང་གིས་ཟད་པའི་དར་ལྕོག་བཞིན་འགྲེང་ནས་ཡོད།
དམིགས་མེད་ཀྱི་གདམ་ཀ་ཞིག་གིས།
ནང་སེམས་ཀྱི་རྒྱ་ཁྱོན་མུ་ནས་མུ་རུ་ཕྱེ་བྱུང་།
རྐང་རྗེས་རེ་ལ་ནག་ཐིག་རེ་འཁྱིལ་འདུག་པས།
ངས་འཇིག་རྟེན་ཁྲ་ཁྲ་ལ་གོ་བ་ལྡོག་མ་ནུས།
ཕྱིར་མིག་རེ་ལ་གདུང་སེམས་རེ་བསྐྱིལ་ནས།
མཐའ་མཇུག་གི་ལོག་མལ་ཡིན་མིན་ཐད་ལ།
རང་ཉིད་ཀྱི་མིག་འབྲས་ཁོ་ནས།
འོ་དོད་དང་ཤུགས་རིང་བཟོས་ནས་སང་ཉིན་ལ་སྒུག
ལོ་ཟླ་འདི་ཕྱི་གསལ་ནང་གསལ་རེད།
ཁེར་རྐྱང་ཡང་ཕྱི་གསལ་ནང་གསལ་རེད།
དོ་ནུབ། གཤོག་པ་རྨས་མ་དེ་སྐྱོར་ནས།
མི་ཚོགས་ཀྱི་བྲག་ཐེམ་ནས་རང་ཉིད་མཐོང་ཐུབ་དགོས།
༢༠༢༤/༡༢/༣༡མཚན་མོ།
རྩོམ་སྒྲིག་དོ་དམ་པ། རོང་པོ་རང་འཚོལ།