བྱང་ཐང་ཕུལ་བྱུང་བརྩམས་ཆོས་གཉིས་སྒོར་ཐོན་པ།

民生   2025-02-01 21:57   西藏  


«ཁྲུང་ཁྲུང»དང«བྲག་ནག་ལུང་པ»སྒོར་ཐོན་པ།


«ཁྲུང་ཁྲུང་»
རྩོམ་པ་པོ། སྨྲི་ཏི་མཚན་འབར། (ནག་ཆུ)

  དེབ་ཆུང་འདི་ནི་ཉིས་སྟོང་ཉེར་གཅིག་ལོར་བྲིས་གྲུབ། སྐབས་དེར། ཁ་བྱང་ལ་གསེར་ཉ་གྲོང་ངམ་ཁྲུང་ཁྲུང་གང་ཞིག་གདགས་དགོས་པའི་ཐད་ལ་རང་གིས་མནོ་བསམ་མང་པོ་བྱས་པ་དང་རིགས་མཐུན་གྱི་སྨྱུག་གྲོགས་དག་ལའང་དྲིས་མཐར། གསེར་ཉ་གྲོང་དུ་བཏགས་ཏེ་ཉིས་སྟོང་ཉེར་གཉིས་ལོའི་ནག་ཆུའི་ཕུལ་བྱུང་བརྩམས་ཆོས་འདེམ་སྒྲུག་གྲས་སུ་བཞག་པ་ཡིན། དེབ་ཆུང་འདི་ཡིས་རང་ཉིད་ནི་རང་ཉིད་ཀྱི་ཀློག་པ་པོ་ཞིག་དང་། ནམ་ཡང་ཚིག་དང་ཐ་སྙད་ཀྱིས་ངོ་འཕྲོད་པར་དཀའ་པའི་ཆོས་ཉིད་ཀྱི་བརྡ་ཡིག་ཏུ་བརློམས་ནས་བརྩེ་བའི་མ་ཡུམ་ལ་ཕུལ་བ་ཙམ་ཡིན་མོད། དེའི་ཁྲོད་ཀྱི་བརྩམས་སྒྲུང་ཁ་ཤས་དུས་དེབ་ཁག་ཏུ་འཁོད་པ་དང་། བྱ་དགའ་དང་གཏང་རག་ཐར་ཐོར་འགའ་རེག་པར་བརྟེན། མཐར་འདི་ནི་རང་དང་འདྲ་བའི་ཡིག་འབྲུ་བཅུད་དུ་སྒོམ་མཁན་ཀློག་པ་པོ་དག་ལ་ཕུལ་བའི་དོད་དུ་གྱུར་འདུག དེབ་ཆུང་འདི་སྒོར་མ་བུད་པར་ལོ་ཤས་འགོར་སོང་ནའང་། ང་ལ་མཚོན་ན་རྐྱེན་ངན་གྲོགས་ཤར་དུ་གྱུར་པ་སྟེ། རང་ནུས་ཅི་ལྕོགས་ཀྱི་བཞུན་བརྡར་ཐུབ་པ་དང་། རང་ཉིད་དགའ་བའི་སྒྲུང་དག་བཅུག་པ། དགོས་མེད་དོར་བ་སོགས་སྙིགས་དོར་བཅུད་ལེན་གྱི་དུས་ཚོད་རྙེད་པ། རང་རྩོམ་རང་གིས་བཀླག་རྒྱུར་དགའ་ཤོས་སུ་གྱུར་ཏེ་མཐར་རང་ཉིད་ནི་རང་གི་ཀློག་པ་པོ་ཡག་ཤོས་སུ་གྱུར་པ་བཅས་རེད།  ད་ལོར་དེབ་ཆུང་འདི་སྒོར་བུད་དུས། ངས་བཤད་འདོད་པ་ཐ་དག་དེབ་ཆུང་འདིས་བཤད་ཟིན་ཏེ། ང་ལ་ལྷག་མ་ཅི་ཡང་བཤད་རྒྱུ་མེད་པས། དེབ་ཆུང་འདི་ནི། ཡི་དམ་ཆོས་ཉིད་རྒྱལ་མོས་ཞལ་གཟིགས་སྣང་བའི་ཁྱུ་མཆོག་དག་གི་ཞལ་དུ་གསོལ་ལོ། །མཆོད་དོ། །འབུལ་ལོ། །ཆོས་ཉིད་ཀྱི་དཀྱིལ་འཁོར་དུ་བཞུགས་པའི་བརྩེ་བའི་མ་ཡུམ་དང་འབྲེལ་ཐོགས་དག་གི་ཞལ་དུ་གསོལ་ལོ། །མཆོད་དོ། །འབུལ་ལོ། །ཆོས་ཉིད་རྒྱལ་མོའི་འཁོར་དུ་གྱུར་པའི་མཆེད་དང་ལྕམ་དྲལ་དག་གི་ཞལ་དུ་གསོལ་ལོ། །མཆོད་དོ། །འབུལ་ལོ། །

རྩོམ་པ་པོས།


«བྲག་ནག་ལུང་པ»
རྩོམ་པ་པོ། གཅུང་གང་སྨྱུག (ནག་ཆུ)

  བརྩམས་ཆོས་ནང་དོན།རྩོམ་འདི་ནི་དངོས་ཡོད་རིང་ལུགས་ཀྱི་འབྲི་ཐབས་གཞིར་བཟུང་སྟེ། མི་སྣ་དང་ཁོར་ཡུག བྱུང་རིམ་བཅས་གསལ་ལ་རྫོགས་པ་ཞིག་བྲིས་ཡོད་པ་མ་ཟད། མི་སྣའི་སེམས་ཁམས་གཟབ་འབྲི་དང་དུས་རབས་ཀྱི་སྙིང་སྟོབས། སྤྱི་ཚོགས་ཀྱི་སྐྱོ་གར་བཅས་གཞི་གཅིག་ཏུ་སྦྲེལ་བའི་སྒྲུང་རིང་དཀྱུས་ཞེང་གཉི་གའི་ཆ་ནས་དམིགས་བསལ་ཅན་ཞིག་གྲུབ་འདུག མི་སྣའི་གཏམ་རྒྱུད་དང་བྱུང་རིམ་དུས་རབས་ཉི་ཤུའི་འབྲོག་པའི་འཚོ་བ་གཙོ་གནད་དུ་བཟུང་ནས་བརྗོད་པ་དང་། དུས་རབས་ཉི་ཤུ་པའི་མཇུག་ཏུ་འབྲོག་པའི་འཚོ་བ་རིམ་བཞིན་འཕེལ་རྒྱས་དང་འགྱུར་ལྡོག་བྱུང་བའི་སྐོར་ཤུགས་སུ་བསྟན་ཡོད། མི་སྣ་གཙོ་བོ་སྟག་གཟིག་ཚང་ཟེར་བའི་ཁྱིམ་ཚང་ཆེན་པོ་ཞིག་གི་བུ་སྤུན་ནང་ཁུལ་གྱི་འགལ་རྐྱེན་དང་དེ་དང་འབྲེལ་བའི་གྲོང་པ་ཁྱིམ་མཚེས་བཅས་བསྡོམས་མི་སྣ་ཉི་ཤུ་ཙམ་གྱི་འཚོ་བའི་སྣང་བརྙན་མི་འདྲ་བ་རེ་བསྐྲུན་ཏེ་དུས་རབས་ཤིག་གི་འཚོ་བ་མཚོན་ཡོད་པ་དང་། གཏམ་རྒྱུད་ཀྱི་ཁུངས་སྣེ་མང་ཞིང་ཕན་ཚུན་འཁྲུག་ཆ་དོད་པོར་བྱས་ཡོད། གཏམ་རྒྱུད་དེའི་མགོ་འཛུགས་དུས་ཚངས་པ་གདོང་བཞི་དང་། སྟག་བཙན། ཕོ་ལྷ་གསུམ་ཇ་ཁང་དུ་འཛོམས་ཏེ་ཉིན་གཅིག་གི་འཕྲོས་མོལ་ལས་གཏམ་རྒྱུད་དེའི་བྱུང་རིམ་མཐར་ཆགས་སུ་བཏང་ཡོད། བྲག་ནག་ལུང་པ་ཞེས་བྱང་ཐང་འབྲོག་སྡེ་ཞིག་ལ་སྡེ་དཔོན་སྟག་གཟིག་ཚང་ཟེར་བ་ཞིག་དང་། སྡེ་དཔོན་སྟག་གཟིག་གི་བུ་རྒྱུད་ཕྱག་མཛོད་གནམ་གང་དང་ཉི་འབུམ་གཉིས། ཉི་འབུམ་དང་ཆུང་མ་ཀརྨ་སྨིན་དྲུག་གཉིས་ལ་བུ་རྒྱུད་ལྷ་དབང་རྒྱ་མཚོ་དང་། ཚངས་པ་གདོང་བཞི། ལྷ་བུ་རིག་དཀར། འབུམ་མེ། རྒྱ་རྡོ་རི་ལུ། བུ་མོ་ཉི་མ་མེ་ཏོག་བཅས་མིང་སྲིང་དྲུག་ཡོད། ཁྱིམ་མཚེས་དགྲ་ལྷ་ཚང་དུ་ཀརྨ་སྨིན་དྲུག་དང་། ཕྱག་མཛོད་རྒྱ་ལྡི། བཀྲ་བྷེ་བཅས་ཡོད། ལྷ་བ་ཕོ་ལྷ་དཀར་པོ་རྒྱ་ལྡིའི་ཕ་སྤུན་ཡིན། བ་རྡོ་ནོར་འཕེལ་བུ་རྒྱུད་ལ་ཨ་ཅག་ལྷ་མཛེས་དང་མཁན་ཆུང་པདྨ་ཤེས་རབ་ཡོད། ཨ་ཅག་ལྷ་མཛེས་ལ་ཕ་སུ་ཡིན་མེད་པའི་བུ་ཞིག་སྐྱེས་ཡོད་པ་དེ་འཇམ་དབྱངས་བླ་མ་ཟེར་ཞིང་ལྷ་མོ་དགོན་པའི་བླ་མ་ཡིན། ལྷ་མོ་དགོན་གྱི་ཆུ་ལེན་མེ་ཏོག་ལ་བུ་མོ་ཞིག་ཡོད་པ་དེ་མཛེས་སྐྱིད་ཟེར། འཇམ་དབྱངས་བླ་མ་དང་མཛེས་སྐྱིད་གཉིས་ཇོ་བཙུན་ཡིན་ཡང་ལྐོག་ནས་ཚུལ་མིན་བྱུང་བའི་མཛེས་སྐྱིད་མངལ་སྦྲུམ། འོན་ཀྱང་མཛེས་སྐྱིད་ཀྱིས་ལྷ་བུ་རིག་དཀར་ལ་གསང་བ་བཤད་པ་བཞིན་ལྟོ་བོར་དེ་ལྷ་བུ་རིག་དཀར་གྱི་བུ་རྒྱུད་ཡིན་པར་ཁས་བླངས་ནས་མཛེས་སྐྱིད་རྒྱ་རྡོ་རི་ལུའི་ཆུང་མར་ལེན་རོགས་བཤད། མཛེས་སྐྱིད་ཀྱི་བུ་དེ་ཕོ་ལྷ་ཡིན། སྟག་བཙན་ནི་གནམ་ལྷ་ཚང་གི་བུ་འཛི་ཐོ་དང་གཡང་སྐྱིད་གཉིས་ཀྱི་བུ་ཡིན་ཡང་། གཡང་སྐྱིད་འཛི་ཐོས་ཇག་པའི་གཏའ་མར་གཡར་བས་སྟག་བཙན་དོན་དངོས་ཇག་པའི་ཕྲུ་གུ་ཡིན། སྟག་བཙན་ཆུང་དུས་གྲྭ་པ་དང་དར་མའི་དུས་སུ་སྐྱ་བོར་གྱུར། ཚངས་པ་གདོང་བཞི་ཡང་ཆུང་དུས་གྲྭ་པ་དང་ཆེ་དུས་སྐྱ་བོ་ཡིན། དང་ཐོག་ཕྱག་མཛོད་གནམ་གང་དང་ཕྱག་མཛོད་རྒྱ་ལྡི་གཉིས་མ་འཆམ་པར་གནམ་གང་ལྐོག་གསོད་དོན་རྐྱེན་བྱུང་། དེ་དང་འབྲེལ་བའི་བཀྲ་བྷེ་ཇག་པས་བསད། འཛི་ཐོ་ཇག་པས་ཁྲིད། ལྷ་བུ་རིག་དཀར་ཆུང་དུས་སློབ་གྲྭར་བྲོས་བྱོལ་བྱས་པས་བུ་སྤུན་དང་ཕ་མའི་བར་དུ་འགལ་ཟླ་ཆགས་ཤིང་། མ་རྒན་སྡུག་གིས་མནར་ནས་གྲོངས། ཕ་རྒན་སྟག་གཟིག་ཀྱང་དེའི་ཆེད་དུ་གྲོངས། དེ་ནས་ཕུ་ནུའི་བར་དུ་ཤ་འཁོན་དྲག་པོ་བྱུང་ཞིང་ལྷ་བུ་རིག་དཀར་ཁྱིམ་འགྲོ་མེད་པར་གྱུར། ད་དུང་ལྷ་བུ་རིག་དཀར་གྱིས་སྤུན་ཆུང་བ་རྒྱ་རྡོ་རི་ལུ་སློབ་གྲྭར་ཁྲིད། ཕྱག་མཛོད་རྒྱ་ལྡིས་ལྷ་བུ་རིག་དཀར་ངན་དམོད་ཚད་མེད་བྱས་པ་མ་ཟད། མཐུ་དང་གཏོར་མའི་རིམ་གྲོ་བྱས། ཐེངས་མང་པོར་ལྐོག་གསོད་བྱེད་མཁན་མངགས་ཀྱང་ལམ་ལྷོངས་མ་བྱུང་། ལྷ་བུ་རིག་དཀར་ཕ་ཡུལ་དུ་ལོག་རིམ་བཞིན་རྟ་དང་སྦག་སྦག་དང་མོ་ཏྲ་བཏང་ནས་ཡོང་ཐེངས་གསུམ་བྱས་པར་ཡུལ་མི་རྣམས་ཀྱིས་མ་འདོད་པའི་རྣམ་འགྱུར་ཤུགས་ཆེན་བྱས། ཡུལ་མི་ཀུན་གྱིས་ལྷ་བུ་རིག་དཀར་བསམ་བློ་གསར་པ་རེད་ཟེར་ནས་མིང་བརྫད་ངན་པར་བརྩིས་ཤིང་འཕྱ་དམོད་དང་རྣམ་རྟོག་བྱས། ལྷ་བུ་རིག་དཀར་སློབ་གྲྭ་ཐོན་ཞིང་སྟག་མོ་རྫོང་གི་དགེ་རྒན་དང་། རྒྱ་རྡོ་རི་ལུ་བྲག་ནག་རྫོང་གི་སློབ་གྲྭའི་དགེ་རྒན་དུ་གྱུར། ལྷ་བུ་རིག་དཀར་ཕ་ཡུལ་དུ་ཐེངས་གསུམ་ལོག་པའི་མཚམས་སུ་རྡོ་རྗེ་ཞར་ཁོས་གོ་འཛོལ་བྱུང་སྟེ་ལྷ་བུ་རིག་དཀར་བྲག་ནག་འཕྲང་ལམ་ནས་མཚན་མོ་གཡང་ལ་བསྐྱུར། ཚངས་པ་གདོང་བཞི་ཆུང་དུས་ལྷ་བུ་རིག་དཀར་དང་དགྲ་ཁ་གཏད་དུ་གྱུར་པ་དང་། ལྷ་བུ་རིག་དཀར་གྲོངས་རྗེས་ཁོ་རང་ལྷ་བུ་རིག་དཀར་ལ་ཤིན་ཏུ་དགའ་མཁན་དུ་གྱུར། ལྷ་བུ་རིག་དཀར་ཆུ་ལེན་བུ་མོའི་མེ་ཏོག་དང་མཛེས་སྐྱིད་གཉིས་ཀའི་དགའ་རོགས་སུ་གྱུར་པ་དང་། མཛེས་སྐྱིད་ཁོང་གཉིས་བརྩེ་དུང་གི་འབྲེལ་བ་ཤིན་ཏུ་ཆེ། ལྷ་བུ་རིག་དཀར་གྲོངས་རྗེས་མཛེས་སྐྱིད་རྒྱ་རྡོ་རི་ལུས་ཆུང་མར་བླངས། ཁོང་གཉིས་ལྷ་བུ་རིག་དཀར་གྲོངས་རྐྱེན་བཙལ་འཚོལ་བྱས་ཀྱང་བརྩད་མ་ཆོད། ལྷ་བུ་རིག་དཀར་གྲོངས་རྗེས་སྔོན་ཐོན་པའི་མཚན་སྙན་ཐོབ་པ་དང་། དུས་རབས་གསར་པའི་སྣེ་ཁྲིད་པ་ཞེས་བསྟོད་མངགས་ཐོབ་ཡོད། དེ་ལྟར་ཁྱིམ་བརྒྱུད་གཅིག་གིས་དུས་རབས་ཉི་ཤུ་པའི་སྤྱི་ཚོགས་འཚོ་བ་དང་ཕྱིས་ཀྱི་འཕེལ་རྒྱས་དང་འགྱུར་ལྡོག་གང་ལེགས་མཚོན་པ་མ་ཟད་ཕྱོགས་མང་པོའི་ཐད་ནས་མི་སྣའི་གཤིས་ཀ་ཕུན་སུམ་ཚོགས་པ་ཞིབ་འབྲི་བྱས་པ་བརྒྱུད། དུས་མཚམས་མི་འདྲ་བའི་མི་སྣའི་བསམ་བློའི་འགལ་བ་དང་འཐབ་རྩོད་ཁྲོད་མི་སྣའི་གཤིས་ཀ་འགྱུར་ལྡོག་དང་འཚར་ལོངས་བྱུང་ཚུལ་མཚོན་པ་དང་དུས་རབས་གསར་པའི་བསམ་བློའི་སྙིང་སྟོབས་ལྷ་བུ་རིག་དཀར་གྱི་གཤིས་ཀ་ནས་ཐོན་པའི་བརྒྱུད་རིམ་འགྲེལ་བཤད་གཏིང་ཟབ་བྱས་འདུག


 རྩོམ་པ་པོ་གཅུང་བསྟན་བཟང་ནི། སྨྱུག་མིང་ལ་གཅུང་གངས་མྱུག་ཏུ་འབོད། ལོ་རབས་བདུན་ཅུའི་ནང་ནག་ཆུ་སོག་རྫོང་དཀར་ཤོད་དུ་སྐྱེས་ཤིང་། ཆུང་དུས་ཞིང་འབྲོག་གཉེར་སྐྱོང་ཞོར་དུ་སློབ་སྦྱོང་བྱས། ༢༠༡༨ལོར་རང་སྦྱོང་ཡིག་རྒྱུགས་སྤྲད་ཅིང་ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོར་ཞུགས་ཤིང་། བོད་ཀྱི་སྐད་ཡིག་རྩོམ་རིག་ཆེད་ལས་ཀྱི་དངོས་གཞི་ཚན་ཁག་གི་ལག་ཁྱེར་བླངས།བོད་རང་སྐྱོང་ལྗོངས་ཀྱི་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཚོགས་མི་དང་། ནག་ཆུ་གྲོང་ཁྱེར་གྱི་དམངས་ཁྲོད་ཆེད་མཁས་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཁོངས་མི། ནག་ཆུ་གྲོང་ཁྱེར་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱི་ཚོགས་མི་བཅས་ཡིན། བརྩམས་ཆོས་ལ«སུམ་པའི་ལོ་རྒྱུས་སྲིད་པའི་མཛོ་རྭ་སྨུག་ཆུང་»དང་། «སོག་རྫོང་དམངས་ཁྲོད་ལོ་རྒྱུས»སྟོད་སྨད་ཆ།༢༠༡༩ལོར་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་ནས་དཔར། སྒྲུང་ཐུང་ཕྱོགས་བསྒྲིགས«མཚན་ནམ་རིང་མོ» ༢༠༢༣ལོར་བོད་རང་སྐྱོང་ལྗོངས་ཀྱི་རིག་རྩལ་རྣམ་གྲངས་ནང་ཚུད་ནས་བོད་ལྗོངས་མི་དམངས་དཔེ་སྐྲུན་ནས་དཔར། སྒྲུང་རིང«བྲག་ནག་ལུང་པ»༢༠༢༢ལོར་ནག་ཆུ་གྲོང་ཁྱེར་གྱི་དུས་རབབས་གསར་པའི་རིག་རྩལ་སྤུས་དག་བརྩམས་ཆོས་གྲས་སུ་བདམས་ཤིང་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་ནས་དཔར། ༢༠༢༤ལོར་རྒྱལ་ཡོངས་བོད་ཀྱི་སྒྲུང་ཐུང་འགྲན་བསྡུར་སྐབས་དྲུག་པའི་ནང་དུ«ཆུ་ལྷམ»ལ་བྱ་དགའ་ཨང་གསུམ་པ་ཐོབ། གཞན་ཡང་བརྩམས་ཆོས་ཁག་གཅིག་བོད་ཀྱི་རྩོམ་རིག་སྒྱུ་རྩལ་དང་མཚོ་སྔོན་བོད་ཡིག་ཚགས་པར། གངས་དཀར་རི་བོ། ཤྭ་སྐྱ། བྱང་ཐང་སོགས་དུས་དེབ་ནང་དུ་རྩོམ་ཡིག་གང་མང་སྤེལ།


 བསྟན་འཛིན་ཆོས་འཕེལ་ལམ་སྨྲི་ཏི་མཚན་འབར་ནི། དགུ་བཅུའི་དཀྱིལ་དུ་བོད་ལྗོངས་ནག་ཆུ་ལྷ་རི་རྫོང་སྨྲི་ཏི་ཁར་སྐྱེས། ནུབ་བྱང་མི་རིགས་སློབ་ཆེན་བོད་སྐད་ཡིག་རྩོམ་རིག་སྡེ་ཁག་ནས་མཐར་ཕྱིན། བོད་ལྗོངས་རྩོམ་པ་པོ་མཐུན་ཚོགས་དང་ནག་ཆུ་གྲོང་ཁྱེར་རྩོམ་པ་པོ་མཐུན་ཚོགས་ཀྱི་ཁོངས་མི་ཡིན། སྔ་ཕྱིར«དམངས་ཁྲོད་གཏམ་རྒྱུད»དང་། «ལ་ཤགས་རྒྱལ་མོ་དངུལ་ཆུའི་བཞུར་སྒྲ»བཅས་ཕྱོགས་བསྒྲིགས་བྱས། དེ་བཞིན«སྦྲང་ཆར»«མི་རིགས་ཀྱི་རྩོམ་རིག»«བོད་ཀྱི་རྩོམ་རིག་སྒྱུ་རྩལ»«གངས་དཀར་རི་བོ»«མཚོ་སྔོན་བོད་ཡིག་གསར་འགྱུར»«ལྷོ་ཁའི་རྩོམ་རིག་སྒྱུ་རྩལ།»«ཤྭ་སྐྱ།»«བྱང་ཐང་»«ཁམས་པའི་རྩོམ་རིག་སྒྱུ་རྩལ»སོགས་སུ་བརྩམས་ཆོས་མང་དག་སྤེལ། རྒྱལ་ཡོངས་བོད་ཀྱི་སྒྲུང་ཐུང་འགྲན་སྡུར་སྐབས་ལྔ་པར་ཨང་དང་པོའི་བྱ་དགའ་ཐོབ།


རྩོམ་སྒྲིག་དོ་དམ་པ། རོང་པོ་རང་འཚོལ། 


玛尔格莫兰
སྐལ་བ་བཟང་སོང་། འདི་ནས་འུ་ཚོས་དབྱངས་གསལ་གྱི་བྱིན་རླབས་ཞུ་རུ་འགྲོ།
 最新文章