ཉི་མ་ནུབ་ནས་བཞུད་དུས།
རྩོམ་པ་པོ། སྣག་ཚ་ནག་པོ། ( ནག་ཆུ། )
སྙིང་ཉེ། ཁྲུང་ཁྲུང་ལྷོ་རུ་འཕུར་ཤུལ་དུ།
ང་དང་ཁྱོད་ཀྱི་སྨྲེང་བ་ལས་ཅི་ཡང་མ་ལྷག
ཤིན་ཏུ་གྲང་བའི་སྟོན་མཇུག་འདིར།
ང་ལ་དབང་བ་ནི་ནུབ་ཁའི་མཚམས་སྤྲིན་ལས་མི་འདུག
སྙིང་ཉེ། སྡོང་ལོ་དག་ས་ལ་འཐོར་རྗེས།
གྲོང་ཁྱེར་འདི་ཅི་འདྲའི་འཁྱག་ཨང་།
ཁྱོད་ཀྱི་མིག་ཆུ་ངའི་ནང་སེམས་སུ་ལྷུང་བ་ལྟར།
མིག་གིས་རིག་ཀྱང་ལག་པས་འཛིན་ཐབས་མེད་པ་དེ་དག
བཏང་སྙོམས་སུ་འཇོག་ཐབས་མི་འདུག
སྙིང་ཉེ། ཉི་མ་ནུབ་ནས་བཞུད་དུས།
འཇིག་རྟེན་འདི་དྲན་གདུང་གི་ཆ་ཤས་ཤིག་ཡིན།
ཨུ་ཚུགས་ཀྱིས་བརྗེད་ཐབས་བྱས་ཀྱང་།
དྲན་ངོགས་ནས་ཇེ་གསལ་འགྲོ་བའི་དོན་སྙིང་དེ་དག
ཅི་འདྲའི་སུན་པ་ལ།
སྙིང་ཉེ། ནམ་ཟླ་འདི་འགྲོ་མགྱོགས་པ་ལ།
མཉམ་དུ་འཛོམས་རྗེས་སོ་སོར་གྱེས་དགོས་པའི་ཆོས་ཉིད།
བཞུད་འགྲོ་བའི་ཉི་མ་འདི་ལྟར།
འུ་ཚོར་བྱ་ཐབས་བྲལ།
མང་པོ་མང་པོ་ཞིག་ལག་མཐིལ་དུ་ཉར་བའི་བྱེ་མ་བཞིན།
དུས་ཚོད་ཀྱི་གཅོང་རོང་དུ་ཟགས་འགྲོ་བ་མཐོང་དུས།
དངོས་གནས་འུ་ཐུག་པ་ལ།
ལྷག་བསམ་གཅིག་པུས་འཛིན་ཐབས་མེད་པའི་མི་གཤིས་ཀྱི་ཟབ་སར།
སེམས་སུ་བསམ་རུང་ངག་ནས་བརྗོད་ཐབས་མེད་པ་དེ་དག
ཁོག་པའི་གཏིང་རིམ་དུ་ཉར་ཁག་པ་ལ།
སྙིང་ཉེ། རླུང་ཞིག་ཡིན་ན་བསམས་བྱུང་།
རྩོམ་སྒྲིག་པ། རོང་པོ་རང་འཚོལ། དོ་དམ་པ། རོང་པོ་རང་འཚོལ།