ཨ་མ་ལགགས། ༼ལྷུག་རྩོམ༽ བཱར་ཝོན་རིན་ཆེན་འབྱམས།

民生   2025-02-04 15:12   西藏  


ཨ་མ་ལགགས། ང་ཧ་ཅང་སྐྲག
རྩོམ་པ་པོ། བཱར་ཝོན་རིན་ཆེན་འབྱམས།

   ཨ་མ་ལགས། ཆེས་རྙིང་ཧྲུལ་གྱི་འཇིག་རྟེན་འདིར་ང་རང་ལམ་ལ་ཆས་པ་ནས་བཟུང་། ཁྱོད་ཀྱིས་ཕྱོགས་སྟོན་འཁོར་ལོ་བཞིན་ང་ལ་ཡང་དག་གི་ཁ་ཕྱོགས་བསྟན་བྱུང་། དུས་ད་ལྟ་ངས་མཛེས་སྡུག་གི་ཞོགས་པ་ཞིག་ལས་ཁྱོད་ཀྱི་གཤིས་རྒྱུད་རྣམ་དག་མཐོང་ལ། མྱ་ངན་གྱི་ས་སྲོད་ཅིག་ལས་ཁྱོད་ཀྱི་རྒས་གཉེར་གྱི་རི་མོ་མཐོང་། མུན་པ་མེད་པའི་འཇིག་རྟེན་ཞིག་མེད་ནའང་ཁྱོད་རང་མུན་པ་དགུ་བརྩེགས་ཀྱི་ལྭ་བ་གྱོན་པའི་ཡུལ་གྲུ་དེར་འཚོ་ཞིང་གནས་པས་ང་རང་ཧ་ཅང་སྐྲག

   ཨ་མ་ལགས། ངས་མེས་པོའི་ཐང་ཆེན་ནས་ཤེས་རིག་གི་མེ་ཏོག་འཐུ་དུས། སྐྱི་གཡའ་བའི་ཇག་ཚོགས་ཀྱིས་རང་བྱུང་ཁམས་འདི་རྨིག་མེད་དུ་གཞོམ་ལ་ཉེ་བས། ངའི་ཡི་གར་འོང་ཞིང་སྙིང་དུ་སྡུག་པའི་རི་སྐྱེས་སྲོག་ཆགས་རྣམས་རྒྱང་རིང་གི་ས་མཐར་བྲོས། དུས་སྐབས་འདིར་ངའི་ཁོར་ཡུག་ཐམས་ཅད་གད་སྙིགས་ཀྱིས་བཀང་ཞིང་། ངའི་མཁའ་དབུགས་ཀྱང་འབག་བཙོག་ཅན་དུ་བསྒྱུར་པས་ང་རང་ཧ་ཅང་སྐྲག

   ཨ་མ་ལགས། ངོས་མི་སྙོམས་པའི་གྲུ་ཟུར་རེ་རེ་ནས་འཕེལ་རྒྱས་ཀྱི་མེ་འོད་ལམ་ལམ་དུ་འཚེར་བས་ངའི་མིག་དབང་འཕྲོག་བྱུང་། འཇིགས་སྐྲག་ཅིག་གིས་མི་ཚོགས་དང་མཉམ་དུ་འཚང་ཁ་བྱས་རྐྱེན་ང་རང་འདམ་དུ་ཚུད་ཅིང་། གྲོགས་པོ་ཚོ་མི་མཐོང་བའི་སྒོ་མོར་འཛུལ་ནས་སྔོན་དུ་ཆས་པས་ང་རང་ཧ་ཅང་སྐྲག

   ཨ་མ་ལགས། རང་རིགས་ཀྱི་སྐད་ཆ་རྫབ་རྫུབ་ཏུ་སྨྲ་བཞིན་གཞན་གྱི་མི་གོ་བའི་སེམས་གཏམ་འགའ་ཤོད་དུས་ངས་རང་ཉིད་བཙལ་ཅིང་། བཙལ་བཙལ་མཐར་རང་ཉིད་ཀྱང་བོར་ཟིན། རང་ཉིད་ལ་ཡང་དག་གི་བགྲོད་ལམ་ཞིག་འཚོལ་དུས། མདུན་ཕྱོགས་ན་འགག་སྒོ་མང་ཡང་རྒྱབ་ཕྱོགས་ན་རེ་འདུན་ཆེ། སྐབས་འདིར་གྲོགས་པོ་ཚོས་འཇིག་རྟེན་གྱི་འཕེལ་འགྲིབ་གླེང་བཞིན་ངོ་མཚར་བའི་ཡུལ་ལྗོངས་འགྲིམས་དུས་ང་རང་ཧ་ཅང་སྐྲག

   ཨ་མ་ལགས། ཕྱི་རོལ་འཇིག་རྟེན་གྱི་འགྱུར་ལྡོག་གློག་བཞིན་མྱུར་ལ། འགྱུར་བཞིན་པའི་ངོ་གདོང་རེ་རེ་ནས་ཕུན་ཚོགས་ཀྱི་འབྲས་བུ་ཞིག་བསྡུ་རྒྱུ་ཧ་ཅང་ཁག ནང་སེམས་ཀྱི་གྲང་འདར་བཟོད་དཀའ་བའི་དུས་ཚོད་ནང་མཛེས་སྡུག་གི་རི་ལུང་ཡོད་ཚད་ཁ་བས་གཡོགས་ཤིང་། རྒས་མེད་ཀྱི་རྡོ་བ་དེ་ཚོའང་རྒྱང་དུ་དྲུད། འདི་ལྟ་བུའི་ཁོར་ཡུག་ནང་ངས་གོ་རིམ་མང་པོ་ཆག་ཉིལ་དུ་བཏང་ནས་རང་ཉིད་ཀྱི་ངོ་གདོང་ལ་གྲི་ཤད་འགའ་བརྒྱབ་པས་ང་རང་ཧ་ཅང་སྐྲག

༢༠༠༣ལོའི«ལྷོ་ཁའི་རྩོམ་རིག་སྒྱུ་རྩལ»དུས་དེབ་གསུམ་པ་ནས་དྲངས།



རྩོམ་སྒྲིག་པ། རོང་པོ་རང་འཚོལ། དོ་དམ་པ། རོང་པོ་རང་འཚོལ། 


玛尔格莫兰
སྐལ་བ་བཟང་སོང་། འདི་ནས་འུ་ཚོས་དབྱངས་གསལ་གྱི་བྱིན་རླབས་ཞུ་རུ་འགྲོ།
 最新文章