༄༅།། རྒྱང་མིག ༼ བྱང་སྐར། ༽

文摘   文化   2024-10-26 19:54   青海  



  ཆུ་དམར་རྩོམ་རིག             



ཆུ་དམར་རྩོམ་རིག་སྤྱི་སྟེགས་སུ་ཕེབས་པར་ལེགས།



             ༄༅།། རྒྱང་མིག                           


                      བྱང་སྐར།  


          ལྷིང་འཇགས་ཀྱི་ཀླུང་ཐང་ན་བཞོ་དབྱངས་སྙན་མོ་ཞིག་གིས་སྐྱ་རེངས་ལ་འབོད་སྐུལ་བྱེད་བཞིན་མཆིས། འབོད་སྐུལ་དེའི་ཤུགས་ཀྱིས་ཁ་སང་དང་འདྲ་བའི་ཉིན་གཅིག་འཆར་ཀ་དང་ལྷན་དུ་ཤར་རིའི་རྩེ་ནས་འཕྲོས། ཚར་དུ་དངར་བའི་རི་ཟོམ་གྱི་དཔུང་བ་མན་ཆད་སྨུག་གིས་གཡོགས་ལ། ནོར་ལུག་འདྲེས་པའི་དཀར་ནག་གི་ཚོམས་བུ་གང་སར་བཀྲམས། སྨུག་པ་ལང་ལོང་དེའི་གསེབ་ནས་ཡུན་གྱིས་མངོན་ཡོང་བའི་ཀླུང་ཐང་གི་ཞོགས་པ་གསེར་མདོག་དང་བཅས་འོད་ལམ་ལམ་བྱེད་ལ། གསོན་ཤུགས་རྒྱས་པའི་སྣུམ་ཚོན་རི་མོ་ཞིག་དང་འདྲ། ཞི་མཐུན་གྱི་འཚོ་བ་རང་བྱུང་གི་གཏན་སྲོལ་དང་བསྟུན་ནས་ལོ་མང་འདས་པའི་ཀླུང་ཐང་གི་ཁ་དོག་རིམ་གྱིས་འགྱུར་བཞིན་བདའ། འགྱུར་མ་མྱོང་བ་གསེར་བཟང་མཚོ་ཁོ་ན་རེད།

ཁོ་མོ་གནས་ཡུལ་འགྲིམས་པའི་ལོ་དེ་ནས་བཟུང་ཀླུང་ཐང་གི་ཡོད་ཚད་ལག་པས་མྱངས་ཤིང་རང་ཁྱིམ་གྱི་ལས་ཀ་ཕྲག་པར་ཁུར་ནས་རྒྱང་བཞུད་ཞིག་གི་མགོ་བརྩམས་པ་རེད། ལོ་ཟླ་ག་ཙམ་ཞིག་བྱིན་པའི་དེ་རིང་ཁོ་མོ་འཁང་ར་དང་ལེ་བདའ་མེད་ལ་སྨྲ་བ་ཉུང་བའི་མི་ཞིག་ཏུ་གྱུར་ཟིན། དེ་ནི་ནམ་རྒྱུན་མོ་རང་གཅིག་པུའི་འཚོ་བའི་མངར་སྐྱུར་མྱོང་བ་གོམས་འདྲིས་སུ་གྱུར་བའི་ཅི་ལ་མིན།

          སློབ་གྲྭ་ཆེན་མོའི་སྒོ་ཐེམས་ལ་གོམས་སྟབས་འཕོས་པའི་བུ་མོ་རེ་སྨོན་དང་དོག་སྣང་ཞིག་ཨམ་ཕྲག་ཏུ་བཅུག་ནས་ལམ་ལ་ཆས་སོང་། ནང་ལོག་ཏུ་སློབ་གྲྭར་འགྲོ་དགོས་པའི་བུ་མོ་ད་ཆ་ལོ་གྲངས་བཅུ་དགུར་སོན་ནའང་། གསེར་བཟང་མཚོའི་མིག་ལམ་ཏུ་ད་དུང་ཆུང་དྲག་པའི་འདུ་ཤེས་ཤིག་འགོག་མེད་དུ་འཆར་འོང་། དེ་བས་ཡར་སྔོན་རི་རྩེའི་ཁ་པར་བརྡ་རྟགས་གཉོམ་པོ་དེ་བརྒྱུད་ནས་འདྲི་རྩད་ལན་མང་བྱས་མྱོང་། འགའ་རེའི་ནང་ལོག་གི་སློབ་གྲྭ་བཟང་ཚུལ་དང་འགའ་རེའི་མི་ལེགས་པར་སྨྲ། ཐ་མར་མོ་རྩིས་ལུང་བསྟན་ཞིག་གིས་ཁ་ཚོན་བཅད་པ་སྟེ་རིམ་གྲོ་མང་ཙམ་དགོས་པར་བཤད། གང་ལྟར་རང་སེམས་གསོ་བ་ཙམ་ལས་འགྲོ་མིན་གྱི་ཐག་གཅོད་བུ་མོ་རང་གི་བསམ་ཚུལ་དང་ཁྱོ་གས་འདོད་བློ་རྐྱང་རྐྱང་ཡིན་པ་ལས། གསེར་བཟང་མཚོའི་དྲན་ཚུལ་ལྟར་ག་ལ་ཡིན། དེ་ལྟར་རྒྱབ་གཟུགས་ཙམ་ཡང་ཀླུང་ཐང་དུ་མ་ལྷག་པར་ལམ་ལ་ཆས་སོང། གསེར་བཟང་མཚོའི་གས་ཁ་དོད་པའི་ལག་པ་ཡ་གཅིག་ཐོད་པར་བསྐྱོར་ནས་ད་ཆ་མིག་མདུན་དང་གྱེས་པའི་གླ་འཁོར་དེར་རྒྱང་མིག་ཅེར་ནས་བདའ། གླ་འཁོར་དེ་རྡུལ་འཚུབ་དང་བཅས་ལམ་གྱི་དཀྱོགས་འཚམས་ཞིག་ཏུ་ཡིབ་པས་མི་སྣང་བར་གྱུར་བ་ན། སླར་ཡང་སླེ་བོ་ཕྲག་པར་གཟར་ནས་ལྕི་བ་བཏུས།ཀླུང་ཐང་གི་བྲང་ཁ་གཤགས་པའི་གཞུང་ལམ་ཕྲ་མོ་དེར་འགྲུལ་བ་ཤིན་ཏུ་ཉུང་། རྣ་བར་འཛུལ་བའི་སྦག་སྦག་གི་སྒྲ་རེ་ཐོས་པས་ན་རྒྱང་མིག་བལྟ་བཞིན་ཡུན་རིང་ལ་ཁྱིམ་ཏུ་མ་ལོག་པའི་བོར་བ་ལྟ་བའི་ཁྱོ་ག་དེ་ཡིན་ངེས་སྙམ་སྲིད། མིན་པས་ན་གདོང་གི་རྔུལ་ནག་འབྱིད་ཞོར་ཡིད་དུ་ཁོ་རང་ད་ལྟ་གང་ཞིག་ཏུ་ཆང་གིས་ར་བཟི་ནས་སུ་ཚང་གི་ལྷིང་འཇགས་དཀྲོགས་ཡོད་དམ་སྙམ་པ་རེད། དེ་ལྟར་རྒྱང་མིག་དང་རེ་ཐོགས་འཛིན་ཞོར་ལྕི་བ་ལམ་སང་བཏུས་ཚར་འགྲོ། དེ་མུར་ཁོ་མོས་ཁ་དོན་རྡབ་རྡིབ་ཅིག་ངག་ལ་སྐྱོར་བཞིན་བྱང་ཆ་ལྡན་པའི་ངང་ནོར་ལུག་རི་ལ་དེད་འགྲོ། དེ་ནས་རེ་ཞིག་ནོར་ཁྱུ་ཡོངས་སུ་མཐོང་བའི་ལ་ཁ་དེར་བུད་ནས་ངལ་བ་གསོ་ནའང་། ལྷིང་འཇགས་བག་ཕེབས་ཀྱི་རི་ལུང་དང་ནོར་ཁྱུ་ལ་བསྡུར་ན་ཁ་མོའི་མདོག་ཡལ་བའི་ཕྲེང་རྡོག་གཅིག་རྗེས་གཉིས་མཐུད་ལྟར་བྲེལ་འཚུབ་ཆེ་ལ་ངང་སྒུག་གི་སེམས་པ་རླབས་ཀྱི་ཟེགས་མ་ལྟར་ཀླུང་ཐང་གི་ནམ་མཁར་འཕྱོ། དགུང་ལ་སྙེག་པའི་སྨུག་པ་སྤྲིན་དང་འདྲེས་པའི་བླ་རིའི་རྔམ་བརྗིད་དང་ལབ་ཙེ་མཐོང་ལམ་དུ་མངོན་ཡོང་། གཉིད་ཅོག་རེ་འགའ་བརྒྱབ་པའི་ཁོ་མོའི་ཁ་གྲངས་ནོར་བའི་འདོན་པ་འཚམས་བཞག་ནས་གཉོམ་ལ་ཕྲ་བའི་ཀི་རིང་འགའ་བྱས་ཤིང་ཡང་ཟོར་ལྡན་པའི་ངང་ཡུལ་ལ་ལོག ལུང་པའི་ཕུ་མདའ་རུ་སླེབས་དུས་སླར་ཡང་རྒྱང་མིག་ཅིག་བལྟས་བྱུང་། རི་རྩེའི་ནོར་ཁྱུ་གསལ་ལྷིང་ལྷིང་ཅིག་མཐོང་བ་ནི་མེད་ཀྱང་། རྒྱང་མིག་དེ་ཅིས་ཀྱང་དབང་མེད་དུ་ཤོར་འགྲོ།

        ཁོ་མོས་ཁ་སང་ལྟར་སྒོ་ཕྱི་ཁྱིམ་གྱི་ལས་ཀ་ཙག་ཙིག་ལ་བྲེལ་བཞིན་མཆིས། ཁེར་ཧྲེང་ཡིན་ནའང་སུ་ཞིག་གིས་གམ་ཏུ་མགྱོགས་མྱུར་ངང་སྒྲུབ་དགོས་ཞེས་ནན་སྐུལ་བྱེད་པ་དང་མཚུངས། སྐྱ་རེངས་བསྐྲད་པའི་རྟ་བདུན་གྱི་ཞལ་ངོ་སྤྲིན་ཕུང་གིས་རྦད་དེ་བསྒྲིབས་པས་ན་ཨ་སྔོན་གྱི་གྲུ་ག་གང་ཞིག་ན་འཚེར་བ་མི་འཚལ། གཅོང་ལྷང་ལྷང་གི་སྒོ་འགྲམ་ནས་རྩིད་པ་འཁེལ་ཞོར་ནོར་ཁྱུ་བརྒྱབ་པའི་རི་སིལ་དེར་རྒྱང་མིག་འཕེན་བཞིན་མཆིས། དེ་དང་ཆབ་ཅིག་གལ་སྲིད་ནོར་ཁྱུར་སྤྱང་ཀི་མཆོང་ནས་བསད་རྨས་གང་ཞིག་བྱས་གྱུར་ན། ཁྱོ་གས་ལེ་བདའ་དང་གཤེ་གཤེ་རྣ་ལ་གཟིར་བ་ཞིག་གཏོང་ངེས་སྙམ། དེ་མུར་གྲང་ཤུར་ཤུར་གྱི་སྟོན་རླུང་ལྡོམ་པོ་ཞིག་གིས་སྒོ་ཁྱིའི་ཟུག་སྐད་རྣ་བར་དྲངས་པ་ན། བརྗེད་ངེས་སུ་གྱུར་བའི་ཁྱི་ལྟོ་ཐབ་ཏུ་ལྷག་པ་དྲན།

         ལས་ཀ་མང་ཤས་འགྲུབ་ནས་ཡུན་ཙམ་གྱི་ཁོམ་ལོང་བྱུང་བའི་མོད་ལ། ཁོ་མོའི་རྨི་ལམ་ཐུང་ཐུང་ཞིག་ལ་དབུ་ཁྱུད་བྲིས། ཀླུང་ཐང་གི་བར་སྣང་ལ་སྤྲིན་ནག་བསྡུས་ཤིང་དྲག་ཆར་འབབ། སྟོན་འཇུག་གི་ནམ་ཟླ་འདི་ཁོ་མོའི་རྨི་ལམ་བཞིན་འཁྲུགས། རྨི་ལམ་ཏུ་འཇིག་རྟེན་གསར་བ་ཞིག་མཐོང་། གནས་གང་ཞིག་ཡིན་པ་མི་ཤེས་ནའང་ཀླུ་ཐང་མིན་པ་ཁ་ཚོན་གཅོད་ནུས། དེ་རུ་སྐད་ཅིག་རེ་རེར་ཡུལ་མི་གཉེན་བཤེས་དང་བཟའ་མི་ལྷན་འཛོམས་གྱི་དགོད་སྒྲའི་ཁེངས་འདུག མོ་རང་གིས་དེ་དག་ལ་རྒྱབ་བསྙེས་ནས་མཁའ་མཐའི་སྤྲིན་པ་དམར་སེར་དེར་རྒྱང་མིག་ཅེར་ནས་བདའ། སྤྲིན་པ་དེ་དགོང་སྲོད་རེ་རེར་ཁོ་མོའི་མཐོང་ལམ་ནས་ཡལ་མ་མྱོང་བའི་རྨི་ལམ་གྱི་ལྡིང་ཁང་ན་དགོས་འདོད་གྱི་ནོར་བུ་བཞིན་འོད་དུ་འཚེར། འཚམས་སྤྲིན་དེ་ཐང་ལ་ལྷུང་བའི་ཁོ་མོ་དངངས་སྐྲག་སྐྱེས། འཚམས་སྤྲིན་དེ་ཆུ་ཡིས་ཁྱེར་བའི་ཁོ་མོ་ཕང་སེམས་སྐྱེས། འཚམས་སྤྲིན་དེ་མེ་ཡིས་ཟིན་པའི་ཁོ་མོ་གདུང་བས་མནར། རྨི་ལམ་དུ་འཚམས་སྤྲིན་གྱི་ལས་དབང་ལ་རྒྱང་མིག་བལྟ་བཞིན་མིག་ཆུ་ལྷུང་། གློ་རྡེགས་སྦག་སྦག་གི་སྒྲ་ཞིག་གིས་རྨི་ལམ་གྱི་འཇིག་རྟེན་ནས་མངོན་སུམ་དུ་ལྗིག་དིག་གེར་འཕངས། ཁྱོ་ག་སླེབས་བྱུང་སྙམ་བཞིན་སྐྲ་ཡི་ལན་བུ་བསྡམས་ཞོར་དང་རྒྱུག་ཞོར་གྱིས་སྦྲ་སྒོར་བུད་པ་ན། ཐག་མི་རིང་བའི་འཚམ་གྱི་གཞུང་ལམ་དུ་དངོས་གནས་འགྲུལ་བ་ཞིག་ཚུར་གཏད་ནས་ཡོང་གིན་གདའ། ཁོ་མོས་དེ་ལ་སླར་ཡང་མིག་ལྟོས་བྱས། ཁོ་མོར་རྒྱང་ཐག་མི་རིང་བའི་མི་དེ་གམ་དུ་སླེབས་པ་ཅི་འདྲའི་དཀའ་ལ་ཡུན་རིང་བའི་ཚོར་བ་ཞིག་བྱུང་། གམ་དུ་སླེབས་ལ་ཉེ་དུས་ཁོ་མོས་ད་གཟོད་དེ་ནི་མོ་རང་གི་ཁྱོ་ག་མ་ཡིན་པར་སྔོན་ཆད་རྒྱུན་པར་ཁྱོ་ག་དང་ལྷན་དུ་ཆང་འཐུང་བའི་ཆང་གྲོགས་དེ་ཡིན་པ་ཤེས་བྱུང་། དེ་མུར་ཁོ་མོར་ཁྱོ་གར་དོན་དག་རེ་བྱུང་བའམ་ཁྱོ་གས་རྐྱེན་ངན་རེ་བཟོས་པའི་བརྡ་བྱེད་དུ་འོང་བ་མིན་ནམ་བསམ་པའི་སེམས་ཁུར་ལྗིད་པོ་ཞིག་ཡིད་དབུས་སུ་ངང་གིས་སྐྱེས། གང་ལྟར་ཁོ་རང་ཆང་དྲི་ཐུལ་ཐུལ་སྒོ་འགྲམ་དུ་འབྱོར་བས་གསེར་བཟང་མཚོ་དལ་བུར་སྔོན་བསུ་རུ་བུད། “འེ་དཀའ་ཐ” “འོ་མ་དཀའ་ཐལ། རབ་ལྡན་ཡུལ་ན་མེད་དམ།”ཟེར་བཞིན་འཕྲུལ་རྟའི་རྭ་བར་ལ་བསྙེས་བྱུང་། བལྟས་ཚོད་ཀྱིས་དེ་རིང་ཁོ་ཆང་གིས་བཟི་མི་འདུག འོན་ཀྱང་འགོག་མེད་དུ་འཐུལ་ཡོང་བའི་ཆང་དྲི་སྟུག་པོ་དེ་ཁོའི་ལུས་ནས་མཆེད་པ་ཐག་གིས་ཆོད་སྙམ། “རབ་ལྡན་ཁྱིམ་ལ་མ་ལོག་པར་ཕལ་ཆེར་ཟླ་གཅིག་ལྷག་འགོར་ལ་ཉེ། ཁྱོད་ཀྱིས་ཁོ་རང་མ་མཐོང་ངམ།”“ཉིན་ལྔ་དྲུག་ཙམ་གྱི་སྔོན་དུ་ཁོ་དང་འཕྲད་མྱོང་། དེ་རིང་འདི་རུ་ཤོག་དང་ཁོས་ང་ལ་བུ་ལོན་ཞིག་དགོས་པ་དེ་སྟེར་ཟེར་བས་ང་ཁྱེད་ཚང་ལ་ཡོང་བ་ཡིན།” “འོ་རེད་དེ་ན་སྐྱོན་མི་འདུག ངའི་ཁོ་ལ་དོན་དག་ཅིག་བྱུང་བས་ཁྱོད་ང་ལ་བཤད་དུ་ཡོང་བ་མིན་ནམ་བསམ་ནས་སེམས་མ་བདེ་ཐལ།” “མ་རེད་ཡ”ཟེར་བཞིན་རུམ་ནས་ཆང་དམ་ཤིག་བླངས་ནས་ཧུབ་གང་འཐུངས་རྩིས་བྱེད་དུས་ད་གཟོད་དམ་བེའི་ཁ་ལྷོད་ནས་བོད་ལྭ་ཡང་རློན་ཙམ་བྱས་ཟིན་པ་ཚོར། “འོ་འདི་དམྱལ་བ་ཉུག ཆང་ཏོག་ཙམ་ཡང་ལྷག་མི་འདུག།” གསེར་བཟང་མཚོ་དགོད་ཞོར་དུ་ཨ་ཙི་འདི་རུ་འདུག་པ་ཞིག་གང་ན་ཡོད། ཁྱིམ་དུ་ཤོག་དང་ངས་ཇ་སྐོལ་ཡ་ཟེར། “ཁྱིམ་དུ་མི་འགྲོ ད་ང་བུད་འགྲོ  དེ་མིན་ད་དུང་དོན་དག་གཞན་རེ་ཡོད། རབ་ལྡན་ཡུལ་སོ་ཡོང་ན། སྒོར་མོ་དེ་ད་ལྟ་ང་ལ་མཁོ་གལ་ཆེ་བའི་མྱུལ་མོར་སྤྲོད་ཤོག་ཅེས་ཤོད་ཐོངས།” “འོ་ཡ་ཡ། ངས་བཤད་ཁོ་ཐག་ཡིན། ” ཚིག་རྔ་མ་རྫོགས་པར་ཆང་དྲི་དེ་དང་ལྷན་དུ་གྱེས་སོང་། གསེར་བཟང་མཚོའི་གཞུང་ལམ་དུ་གཡས་རྡེབ་གཡོན་བསིག་བྱེད་བཞིན་པའི་ཁོ་ལ་རྒྱང་མིག་བལྟ་བཞིན། ཆང་སྐྱལ་འདི་ཡང་རང་ཁྱིམ་དུ་མ་ལོག་པར་ཡུན་རིང་འགོར་ཡོད་སྲིད་སྙམ།

       དྲག་ཆར་དེ་སྔ་མོ་ནས་ཁོ་མོའི་རྨི་ལམ་བཞིན་གློ་བུར་དུ་རྒྱུན་ཆད་ཟིན། ཀླུང་ཐང་གི་གསེར་མདོག་དེ་ཆར་ཆུས་མི་དག་པའི་ཕྱིར་དྲན་ཞིག་དང་འདྲ་བར་སྔར་ལས་སེར་ཡུག་ཡུག་ཅིག་རེད། ཉི་མ་སྤྲིན་གསེབ་ནས་རགས་ཙམ་མཐོང་ལ་མདངས་ཉམས་པའི་ཞལ་ངོ་ཨ་ཐང་ཆད་པ་དང་འདྲ། ཇ་རྩམ་གྱི་གཡོས་སྤྱོར་ཐན་ཐུན་ཞིག་གི་རྗེས་སུ་མཐིལ་རལ་བའི་འུར་ཆ་དེ་སྐེད་པར་བཅིངས་ཤིང་། མདོག་ཡལ་བའི་ཕྲེང་བ་དེ་སླར་ཡང་ལག་ཏུ་བཟུང་ནས་ནོར་ལུག་རི་ལས་འབེབ་པར་སོང་།

           ཚོན་སེར་གྱིས་བྱུག་པའི་ཤོག་སྐྱ་ལེབ་མོ་ཞིག་ས་འཛིན་གྱི་པང་བར་བཟུང་འདྲའི་ཀླུང་ཐང་གི་མགོ་རྔ་འཕྲེད་ཀྱིས་བཅད་དེ་མོ་རང་གི་རྡོག་རྗེས་དང་ནོར་ལུག་གི་རྨིག་རྗེས་ཁོ་ན་ལས་མེད་པའི་ལུང་མདོའི་ལམ་ཕྲན་དེར་ཞུགས། གཅོང་ནད་ཀྱིས་ཟིན་པའི་པུས་མོར་ན་ཟུག་ཅུང་ཙམ་བསྐྱེད་པའི་ཁོ་མོ་གཟར་ཅིང་དོག་པའི་རི་ལམ་དེ་རུ་འགྲོ་ཞོར་དང་འདུག་ཞོར་བྱེད་གྱིན་གདའ། གློ་བུར་ནོར་ཁྱུ་བརྒྱབ་པའི་ལ་ཁ་དེར་བྱ་རྒོད་ཀྱི་འཛིང་ཁ་ཤིག་ཤིག་བྱེད་པ་མཐོང་། ལྟས་ངན་དེས་ཁོ་མོར་ཤིན་ཏུ་མི་ལེགས་པའི་ཚོར་སྣང་དང་སེམས་ཀྱི་ཟབ་ས་ནས་འཕྱུར་ཡོང་བའི་དངངས་འཚབ་ཞིག་སྐྱེ་རུ་བཅུག དེ་དང་ལྷན་དུ་ཁོ་མོས་རྐང་པའི་ཟུག་གཟེར་འཇགས་ཤིང་གདོང་གི་གཉེར་མ་བསྡུས། གོམས་སྟབས་ཡང་ཤེས་མེད་ཚོར་མེད་ངང་སྔར་ལས་མགྱོགས་མྱུར་ལྡན་པར་གྱུར། རི་སིལ་བརྒྱུད་ནས་ལ་ཁ་དེར་འབྱོར་དུས་ཁོ་མོའི་རྔུལ་ཆུས་གོང་བ་བརླན་ཤིང་དབུགས་ཧལ་ཧལ་བྱེད་གྱིན་འདུག འཚབ་འཚུབ་ངང་རུལ་མྱགས་དེའི་ཉེ་སར་སླེབས་གྲབས་བྱེད་དུས་སྐོམ་གདུང་གིས་མནར་བའི་བྱ་རྒོད་དག་ལས་འགའ་ཤས་ཐུར་དུ་འཕུར་ལ། འགའ་ཤས་ཐག་མི་རིང་བའི་གནས་ནས་སྡང་མིག་བགྲད་བཞིན་ཁོ་ཅག་གི་ཡུན་རིང་ལ་བཙལ་ཞིང་སྒུག་པའི་གསོལ་སྟོན་ཆུང་ངུ་འདིར་རོལ་བར་བར་ཆད་བྱས་པར་འཁང་ར་བྱེད་གྱིན་འདུག སྟབས་ལེགས་པ་ཞིག་ལ་རྐྱེན་ལམ་དུ་ཤོར་བ་ཤ་ཤེད་འཛོམས་པའི་པའི་ནོར་ལུག་གཞན་གང་ཡང་མ་ཡིན་པར་ནད་ཀྱིས་ཟིན་པའི་བེའུ་ཆུང་ཤི་མ་གསོན་དེ་ཡིན་འདུག གསེར་བཟང་མཚོའི་སྔ་མོ་ནས་བེའུ་ཆུང་དེའི་ནད་སྡུག་དེ་འདྲ་ཞིག་མྱངས་མ་དགོས་ན་བསམ་ཡོད། དེ་བས་རུལ་མྱགས་དེར་ཅེར་ནས་མ་ཎི་རེ་འགའ་བཏོན་ཤིང་དག་ཞིང་དུ་སྐྱེ་བའི་སྨོན་ལམ་བཏབ། སྐད་ཅིག་དེར་ཁོ་མོའི་མིག་མདངས་ཁྲོད་དད་པ་དང་སྙིང་རྗེ་ལས་ཕངས་སེམས་དང་གྱོང་གུད་ཀྱི་འདུ་ཤེས་རག་ཙམ་ཡང་མི་འདུག ལུང་པའི་སྲིབ་རྒྱབ་གྱི་ཚེར་ཁུག་དེ་ན་འབྲི་མོ་ཞིག་གི་ངུར་སྒྲ་སྒྲོག་པ་བར་མེད་དུ་ཐོས་ལ་ཁྱི་སྨྱོན་གྱིས་བཟུང་བ་ལྟར་གང་ཞིག་འཚོལ་བཞིན་པའི་རྣམ་པ་མཐོང་། གསེར་བཟང་མཚོའི་དེ་ནི་བེའུ་ཆུང་འདིའི་ཨ་མ་ཡིན་པ་ཅི་ལྟར་མི་ཤེས། ཁོ་མོ་རུལ་མྱགས་དེའི་གམ་ཏུ་བགྲེང་ནས་རྣམ་འགྱུར་དང་སྨྲ་བ་ཅི་ཡང་མེད་པར་འབྲི་མོ་དེར་རྒྱང་མིག་བལྟ་བཞིན་མཆིས།

          མཁའ་མཐར་སླེབས་པའི་ཁྲི་གདུགས་ཡུན་གྱིས་ནུབ་རིར་བསྙེས་ལ་གྲིབ་མའི་ཡོལ་བ་དལ་གྱིས་ཀླུང་ཐང་གི་ཞལ་ལ་འཐེན། གཡང་དཀར་མ་བུ་འཕྲད་པའི་འབའ་སྒྲ་སྒྲོག་ལ་ནོར་གཡག་རྭ་ཁ་འཛིང་བའི་ལྟད་མོ་ཡང་མཐོང་། ལ་ལུང་དང་ཉིན་སྲིབ་མེད་པར་ཕར་རྒྱུག་དང་ཚུར་བགྲོད་མང་དུ་བྱས་པའི་ཁོ་མོས་གཞི་ནས་ནོར་ལུག་ཐམས་ཅད་རི་ལས་ཕབ་ཐུབ་པ་བྱུང་། དེ་སྔའི་བེའུ་ཆུང་ཤི་བའི་འབྲི་མོ་དེ་ཡང་བེའུ་ཆུང་གི་རུལ་མྱགས་དེར་གཡས་བསྐོར་དང་གཡོན་བསྐོར་བྱེད་བཞིན་གདུང་འབོད་ལོས་ཡིན་སྙམ་པའི་ངུར་ལྷབ་ལན་མང་བྱས་མཐར་ཕྱིར་ནོར་ཁྱུར་འདྲེས་སོང་། གསེར་བཟང་མཚོའི་དབུགས་རིང་ཞིག་འབྱིན་ནས་ལུང་ཆུ་ཕྲན་བུ་དེའི་ཕྱོགས་སུ་བསྐྱོད། ཤག་ཤག་འབབ་པའི་ལུང་ཆུ་དེའི་གམ་ཏུ་སླེབས་ཙ་ན་ཕུ་རུང་ཡར་ལ་འཐེན་ཤིང་ལྭ་འདབས་ཅུང་ཙམ་བསྡོགས་ནས་ལག་མཐིལ་ཏུ་ཆུ་བཅུས་ནས་སྐོམ་གདུང་སེལ་ཐབས་བྱས། དེ་ནས་སྔར་གྱི་ལམ་ཕྲན་བརྒྱུད་ནས་ཀླུང་ཐང་གི་གཞུང་ལ་བབས། སྤྱིར་འབྲོག་ཁྱིམ་མང་ཤས་ལ་མཚོན་ན་ཉི་མ་ནུབ་རིར་མ་ཡལ་གོང་ནོར་ལུག་རི་ལས་འབེབ་པ་མེད་ཀྱང་། གསེར་བཟང་མཚོའི་སྨག་ནག་ཁྲོད་ནོར་ལུག་རྡང་ལ་མི་ཐོགས་པར་མཚན་དཀྱིལ་དུ་སླེབས་འགྲོ་བས་སྔ་མོ་ནས་སྟ་གོན་མི་བྱེད་ག་མེད་རེད།  ནོར་ལུག་དག་སྦྲ་གུར་གྱི་ཕྱོགས་སུ་འདེད་ཙམ་གྱིས་རེ་ཞིག་ཅི་མི་སྙམ་པར་གོམས་འགྲོས་ཀྱི་འཚམ་བཞག་ནས་སེར་ཞད་དོད་པའི་རྩྭ་ཐང་གི་པང་བར་ཙོག་པོར་བསྡད། དེ་རིང་ནོར་ཁྱུ་རི་ལས་ཕབ་པ་ཏོག་ཙམ་ཞིག་སྔ་འདུག་པས་ཁོ་མོར་ངལ་གསོ་ཐུན་ཙམ་ཞིག་བྱུང་། རང་གི་གོམས་ལོབ་ལྟར་ཉིན་གཅིག་ལ་མ་མཐོང་བའི་འཚམས་སྤྲིན་དེར་རྒྱང་མིག་འཕེན་པར་བརྩམས། དམར་སེར་གྱི་མདངས་མངོན་ལ་ཕང་ཕུང་གི་དབྱིབས་དེ་འབྱམས་ཀླས་པའི་བར་སྣང་ན་རང་དབང་གི་གཟུགས་སུ་གྲུབ། ཆུ་ཡིས་མ་ཁྱེར་ལ་མེ་ཡིས་མ་ཟིན་པའི་འཚམས་སྤྲིན་དེ་ཁོ་མོར་བསྡུར་ན་གནམ་ས་ཡི་གནས་སྟངས་ཀྱི་ཁྱད་པར་ཙམ་ག་ལ་ཡིན། ཡིད་དུ་འོང་བའི་ནུབ་གྱི་ནམ་མཁའ་དེར་ཅེར་ནས་ཁོ་མོར་གཞི་ནས་འཇིག་རྟེན་འདིར་ཡོང་མ་མྱོང་བའི་ཚོར་སྣང་ཞིག་བྱུང་། ལོ་ན་ཆུང་དུས་ཁོ་མོས་འདི་དག་ལ་ཡིད་འཇོག་གཏན་ནས་བྱེད་མ་མྱོང་། སྐབས་དེར་ཁོ་མོ་གཡུ་བྱུར་ལ་སོགས་པའི་རྒྱན་ཆ་ལ་ཤིན་ཏུ་དགའ་བོ་ཡོད། ཐེངས་ཤིག་ཕ་དྲིན་ཆེན་ཚོང་ལ་འགྲོ་སྐབས་ཆུ་ཤེལ་གྱི་བཟོས་པའི་ལག་གདུབ་ཤིག་མོ་ལ་ཁྱེར་ཡོང་བས་གཉིད་མི་ཁུགས་པའི་དགའ་སྤྲོའང་སྐྱེ་མྱོང་། དེས་ཕྱིར་གནས་ཡུལ་འགྲིམས་སྐབས་མ་དྲིན་ཆེན་གྱིས་ཁོ་ཚང་གི་ཆེས་རྩ་ཆེན་གྱི་རྒྱན་ཆ་སྟེ་གཡུ་ཡི་རྣ་རྒྱན་བྱུ་རུའི་ཏོག་ཅན་དེ་གསེར་བཟང་མཚོར་བྱིན་པ་རེད། འོན་ཀྱང་ད་ནི་ལོ་མང་པོ་ཞིག་ལ་རྣ་རྒྱན་དེ་སྒམ་ཆུང་ནག་པོ་དེ་ལས་ཕྱིར་ཕུད་མ་མྱོང་ལ་ཉེ་སྔོན་ཁྱོ་གས་བུ་ལོན་ཞིག་གི་ཚབ་ཏུ་སྟེར་དགོས་ཟེར་གྱིན་གདའ། བུ་མོ་མངལ་ལ་འཁོར་བའི་ལོ་དེ་ནས་བཟུང་རྒྱན་ཆ་ཞིག་བཏགས་པ་དྲན་པའི་ཀློང་ན་ཤིན་ཏུ་མག་མོག་རེད་འདུག། མ་ཟད་ལོ་དེ་ནས་བཟུང་ཁོ་མོས་རྒྱུན་པར་འཚམས་སྤྲིན་ལ་དབང་མེད་དུ་རྒྱང་མིག་ཤོར་འགྲོ། འཚམས་སྤྲིན་དེ་ཨ་སྔོན་གྱི་མཐོངས་སུ་ཆགས་པའི་ཆེས་མཛེས་པའི་རྒྱན་ཆ་དེ་རེད་འདོད་པས་ཡིན་མིན་སུ་ཡིས་ཀྱང་རྟོགས་དཀའ།

        ས་སྲོད་ཀྱི་གོམས་འགྲོས་ཉིན་བྱེད་ཀྱི་རྗེས་སུ་སྙེགས་ནས་ཀླུང་ཐང་དང་རིང་དུ་གྱེས་པས་སྨག་ནག་གི་འཇིག་རྟེན་ཤིག་འཇབ་ནས་སླེབས་བྱུང་། མ་ཟད་ཆར་བ་དྲག་ཙམ་ཞིག་འབབ་ལ་སྟོན་རླུང་གཅོང་མོ་ཞིག་ཀྱང་ལྡིང་། ཟླ་འོད་ཁོ་ནས་ནོར་ལྷེའུ་ན་ལས་ལ་བྲེལ་བའི་འབྲོག་མོ་འདིར་མཐོང་ལམ་ལ་འོད་སྣང་དང་སེམས་ཁུངས་ལ་དྲོད་ཁོལ་ཅུང་ཙམ་སྤྱིན། སྟོང་འཇགས་ཀྱི་ཀློང་ནས་གློག་འོད་མེད་པའི་འཕྲུལ་རྟའི་སྦག་སྦག་གི་སྒྲ་ཞིག་ཐོས་པས་སྔོན་ལྟར་གཞུང་ལམ་གྱི་ཕྱོགས་སུ་རྒྱང་མིག་བལྟས། སྨག་ནག་གི་བཟུང་བའི་ཀླུང་ཐང་དང་འགྲུལ་བ་དེ་ཁོ་མོར་མཚོན་ན་ཤིན་ཏུ་ལྐོག་གྱུར་རམ་མནར་གཅོད་ཞིག་རེད། སྔར་མེད་ཀྱི་སྨོན་པ་ཞིག་འཆིང་ནའང་། རྒྱུས་ཡོད་པ་མོ་རང་གི་རེ་སྒུག་གི་མིག་ཟུང་སྐར་ཕྲན་འདྲ་བ་དེ་དང་ལས་དབང་གི་རི་མོ་རྡོ་བརྐོས་འདྲ་བ་དེ་རེད། སྐབས་དེར་ཆར་རླུང་དྲག་པོ་ཞིག་དང་མཉམ་དུ་ཟགས་རལ་གྱི་སྦྲ་ཆོན་ཐགས་སེ་ཆད་ཤིང་གློག་དམར་ཞིག་བདེ་ལྕག་འཁྱུག་པོར་མཆེད་ཡོང་བའི་རྡང་ལ་བཏགས་པའི་ནོར་ཁྱུ་ཡང་གང་སར་འདྲོགས་སོང་།     སྒོ་ཁྱི་རྒྱ་སྟག་གཅིག་པུ་རང་མལ་ཏུ་བློ་བདེ་བག་ཕེབས་ངང་བསྡད་ཡོད་ལ་ཀླུང་ཐང་གི་མཚན་མོ་འདི་སྣང་མེད་དུ་བཞག་ཡོད།




 ༼ཆུ་དམར་མྱུ་གུའི་སྟོབས་ཚང་།༽     

༼མྱུ་གུའི་སྟོབས༽ཚང་གི་སྙན་ངག་སྤེལ་ཐེངས་ལེའུ།

ཆུ་དམར•མྱུ་གུ་སྟོབས་ཚང་གི་སྙན་ངག་སྤེལ་ཐེངས། ༼ ༡ ༽

ཆུ་དམར•མྱུ་གུའི་སྟོབས་ཚང་གི་སྙན་ངག་སྤེལ་ཐེངས། ༼ ༢ ༽

ཆུ་དམར•མྱུ་གུའི་སྟོབས་ཚང་གི་སྙན་ངག་སྤེལ་ཐེངས། ༼ ༣ ༽

ཆུ་དམར•མྱུ་གུའི་སྟོབས་ཚང་གི་སྙན་ངག་སྤེལ་ཐེངས། ༼ ༤ ༽

ཆུ་དམར•མྱུ་གུའི་སྟོབས་ཚང་གི་སྙན་ངག་སྤེལ་ཐེངས། ༼ ༥ ༽

ཆུ་དམར•མྱུ་གུའི་སྟོབས་ཚང་གི་སྙན་ངག་སྤེལ་ཐེངས། ༼ ༦ ༽

ཆུ་དམར•མྱུ་གུའི་སྟོབས་ཚང་གི་སྙན་ངག་སྤེལ་ཐེངས། ༼ ༧ ༽

ཆུ་དམར•མྱུ་གུའི་སྟོབས་ཚང་གི་སྙན་ངག་སྤེལ་ཐེངས།༼ ༨ ༽

ཆུ་དམར•མྱུ་གུའི་སྟོབས་ཚང་གི་སྙན་ངག་སྤེལ་ཐེངས།༼ ༩ ༽

ཆུ་དམར•མྱུ་གུའི་སྟོབས་ཚང་གི་སྙན་ངག་སྤེལ་ཐེངས།༼ ༡༠ ༽

ཆུ་དམར•མྱུ་གུའི་སྟོབས་ཚང་གི་སྙན་ངག་སྤེལ་ཐེངས།༼ ༡༡ ༽

ཆུ་དམར•མྱུ་གུའི་སྟོབས་ཚང་གི་སྙན་ངག་སྤེལ་ཐེངས།༼ ༡༢ ༽

ཆུ་དམར•མྱུ་གུའི་སྟོབསཚང་གི་སྙན་ངག་སྤེལ་ཐེངས། ༼༡༣༽

ཆུ་དམར•མྱུ་གུའི་སྟོབས་ཚང་གི་སྙན་ངག་སྤེལ་ཐེངས། ༼༡༤༽

ཆུ་དམར•མྱུ་གུའི་སྟོབས་ཚང་གི་སྙན་ངག་སྤེལ་ཐེངས། ༼༡༥༽

ཆུ་དམར•མྱུ་གུའི་སྟོབས་ཚང་གི་སྙན་ངག་སྤེལ་ཐེངས། ༼ ༡༦ ༽

ཆུ་དམར•མྱུ་གུའི་སྟོབས་ཚང་གི་སྙན་ངག་སྤེལ་ཐེངས། ༼ ༡༧ ༽

ཆུ་དམར•མྱུ་གུའི་སྟོབས་ཚང་གི་སྙན་ངག་སྤེལ་ཐེངས། ༼༡༨༽

ཆུ་དམར•མྱུ་གུའི་སྟོབས་ཚང་གི་སྙན་ངག་སྤེལ་ཐེངས། ༼༡༩༽

ཆུ་དམར•མྱུ་གུའི་སྟོབས་ཚང་གི་སྙན་ངག་སྤེལ་ཐེངས། ༼ ༢༠ ༽

ཆུ་དམར•མྱུ་གུའི་སྟོབས་ཚང་གི་སྙན་ངག་སྤེལ་ཐེངས། ༼ ༢༡ ༽

ཆུ་དམར•མྱུ་གུའི་སྟོབས་ཚང་གི་སྙན་ངག་སྤེལ་ཐེངས། ༼༢༢༽

ཆུ་དམར•མྱུ་གུའི་སྟོབས་ཚང་གི་སྙན་ངག་སྤེལ་ཐེངས། ༼ ༢༣ ༽

་སྒེར་གང་རུང་གི་དུས་དེབ་དང་དྲ་བ་སོགས་སུ་དཔྱད་རྩོམ་དང་སྙན་ངག་མི་འདྲ་བ་བརྒྱ་ཕྲག་དུ་མ་ལས་བརྒལ་བར་བཀོད།


 ༼ཆུ་དམར་མྱུ་གུའི་སྟོབས་ཚང་།༽     

༼མྱུ་གུའི་སྟོབས༽ཚང་གི་སྙན་ངག་སྤེལ་ཐེངས་ལེའུ།

ཆུ་དམར•མྱུ་གུ་སྟོབས་ཚང་གི་སྙན་ངག་སྤེལ་ཐེངས། ༼ ༡ ༽

ཆུ་དམར•མྱུ་གུའི་སྟོབས་ཚང་གི་སྙན་ངག་སྤེལ་ཐེངས། ༼ ༢ ༽

ཆུ་དམར•མྱུ་གུའི་སྟོབས་ཚང་གི་སྙན་ངག་སྤེལ་ཐེངས། ༼ ༣ ༽

ཆུ་དམར•མྱུ་གུའི་སྟོབས་ཚང་གི་སྙན་ངག་སྤེལ་ཐེངས། ༼ ༤ ༽

ཆུ་དམར•མྱུ་གུའི་སྟོབས་ཚང་གི་སྙན་ངག་སྤེལ་ཐེངས། ༼ ༥ ༽

ཆུ་དམར•མྱུ་གུའི་སྟོབས་ཚང་གི་སྙན་ངག་སྤེལ་ཐེངས། ༼ ༦ ༽

ཆུ་དམར•མྱུ་གུའི་སྟོབས་ཚང་གི་སྙན་ངག་སྤེལ་ཐེངས། ༼ ༧ ༽

ཆུ་དམར•མྱུ་གུའི་སྟོབས་ཚང་གི་སྙན་ངག་སྤེལ་ཐེངས།༼ ༨ ༽

ཆུ་དམར•མྱུ་གུའི་སྟོབས་ཚང་གི་སྙན་ངག་སྤེལ་ཐེངས།༼ ༩ ༽

ཆུ་དམར•མྱུ་གུའི་སྟོབས་ཚང་གི་སྙན་ངག་སྤེལ་ཐེངས།༼ ༡༠ ༽

ཆུ་དམར•མྱུ་གུའི་སྟོབས་ཚང་གི་སྙན་ངག་སྤེལ་ཐེངས།༼ ༡༡ ༽

ཆུ་དམར•མྱུ་གུའི་སྟོབས་ཚང་གི་སྙན་ངག་སྤེལ་ཐེངས།༼ ༡༢ ༽

ཆུ་དམར•མྱུ་གུའི་སྟོབསཚང་གི་སྙན་ངག་སྤེལ་ཐེངས། ༼༡༣༽

ཆུ་དམར•མྱུ་གུའི་སྟོབས་ཚང་གི་སྙན་ངག་སྤེལ་ཐེངས། ༼༡༤༽

ཆུ་དམར•མྱུ་གུའི་སྟོབས་ཚང་གི་སྙན་ངག་སྤེལ་ཐེངས། ༼༡༥༽

ཆུ་དམར•མྱུ་གུའི་སྟོབས་ཚང་གི་སྙན་ངག་སྤེལ་ཐེངས། ༼ ༡༦ ༽

ཆུ་དམར•མྱུ་གུའི་སྟོབས་ཚང་གི་སྙན་ངག་སྤེལ་ཐེངས། ༼ ༡༧ ༽

ཆུ་དམར•མྱུ་གུའི་སྟོབས་ཚང་གི་སྙན་ངག་སྤེལ་ཐེངས། ༼༡༨༽

ཆུ་དམར•མྱུ་གུའི་སྟོབས་ཚང་གི་སྙན་ངག་སྤེལ་ཐེངས། ༼༡༩༽

ཆུ་དམར•མྱུ་གུའི་སྟོབས་ཚང་གི་སྙན་ངག་སྤེལ་ཐེངས། ༼ ༢༠ ༽

ཆུ་དམར•མྱུ་གུའི་སྟོབས་ཚང་གི་སྙན་ངག་སྤེལ་ཐེངས། ༼ ༢༡ ༽

ཆུ་དམར•མྱུ་གུའི་སྟོབས་ཚང་གི་སྙན་ངག་སྤེལ་ཐེངས། ༼༢༢༽

ཆུ་དམར•མྱུ་གུའི་སྟོབས་ཚང་གི་སྙན་ངག་སྤེལ་ཐེངས། ༼ ༢༣ ༽


小说 ▏散文 ▏诗歌 ▏文学翻译 文学评论

 སྙན་ངག •ལོ་རྒྱུས། •ཆོས་ལུགས། •དཔྱད་རྩོམ། •བསྒྱུར་རྩོམ། •སློབ་གསོ། •གླུ་གཞས།


 

 


      ཆུ་དམར་རྩོམ་རིག་འཕྲིན་སྟེགས།

   

སྤྱི་ཁྱབ་ལྟ་སྐུལ་བ།  ཆུ་དམར་རྩོམ་རིག་རྩོམ་སྒྲིག་ཁང་། 
རྩོམ་སྒྲིག་འགན་ཁུར་པ། མགར་སྨྱུག་རྩེ། 
ལག་བསྟར་རྩོམ་སྒྲིག་པ། མགར་སྨྱུག་རྩེ།
རྩོམ་སྟེགས།  QUMALAIWENXUE 

ཡིག་སྒམ།  1659774550@qq.com 






扫码关注

能看到很多生活乐趣




                

འཕྲིན་སྟེགས་སུ་མི་སྒེར་རམ་ཚོགས་པ་གང་གི་ཁེ་དབང་ལ་གནོད་པའི་ནང་དོན་ཡོད་ཚེ་མྱུར་དུ་ང་ཚོར་འབྲེལ་གཏུག་བྱོས་དང་དྲ་ངོས་ནས་བསུབ་ངེས་ཡིན།

དེ་ནང་བཞིན་སྐུ་ཉིད་ཀྱི་སྙན་རྩོམ་དང་གླུ་གཞས་གསར་པ། པར་རིས་དང་རྩོམ་རིག་བརྩམས་ཆོས་སྤེལ་འདོད་ཚེ་རྩ་བའི་ཆ་རྐྱེན་ཆབ་སྲིད་དང་མི་འགལ་བའི་ཐོག་འོག་གི་འབྲེལ་ལམ་རྒྱུད་དེ་འབྲེལ་བ་བྱོས་དང་ཁྱེད་ཀྱི་འདོད་བློ་ལྟར་གང་ཐུབ་བྱ་ངེས། 

曲麻莱文学网
འཕྲིན་སྟེགས་འདི་རུ་་འབོལ་རྩོམ།སྙན་ངག ལྷུག་རྩོམ་སོགས་འགོད་ཀྱིན་ཡོད།此官网是曲麻莱青年作家的一个写作平台,发布汉藏双语论文,散文,诗歌等。
 最新文章