ཆུ་དམར་རྩོམ་རིག་སྤྱི་སྟེགས་སུ་ཕེབས་པར་ལེགས།
སྟར་བུ་བཏུ་ཆོག་ལ། སྟར་ཚེར་བཀོག་མི་རུང་།
གང་བུ་ངག་ཡངས།
མིང་གི་རྣམ་གྲངས་དང་ཡུལ་སྐད་དུ། ༼རྩི་ཤིང་སྔོ་འབུམ་༽ལས། ས་སྟར། ཟ་སྟར། སྤྲིན་གྱི་སོ་ཅན། མེ་ལྡན་མ། ཡལ་ག་སྐྱུར། སྟར་བུ། གླ་བ་ཚེར་མ། གླ་ཚེར། གླ་བ་ཤིང་། འཚས་ཚེར། ཤིང་ཏོག་སྐྱུར་མོ་དང་སྟར་རུ་སོགས་འབོད་པ་དང་། སྟོན་ཀ་སྐྱེས་པའི་སྨན་གྱི་རིགས་ཤིག་ཡིན་ལ། མི་རྣམས་ཀྱིས་ཟ་བར་དགའ་བའི་རོ་སྐྱུར་བའི་ཤིང་ཏོག་རིགས་སུ་གཏོགས་པ་ཞིག་ཀྱང་ཡིན། དེ་བས་ད་བར་ང་ཚོའི་བོད་ཡུལ་གྱི་ས་ཆ་སོ་སོར་སྟར་རུ་འཐུ་མཁན་ཡང་མང་པོ་ཡོད་པ་དང་། ཁོར་ཡུག་སྲུང་སྐྱོབ་ཀྱི་འདུ་ཤེས་དང་རྩྭ་ཐང་ལ་དགའ་ཞེན་ཡོད་པ་དག་གིས་སྟར་རུ་འཐུ་བའི་སྐབས་སུ་སྟར་ཚེར་སྟར་ཤིང་ལ་གནོད་པ་མེད་པར་སྦྲང་མའི་མེ་ཏོག་གི་རྩི་ལེན་པ་ལྟར་འབྲས་བུ་སྟར་རུ་ལེན་པ་ལས་རྩ་བ་སྟར་ཚེར་ལ་གནོད་པ་མེད་པར་འཐུ་བའི་རིགས་ཤིག་དང་། གཞན་སྟར་རུ་སྟར་ཚེར་དང་བཅས་རྩ་བ་ནས་བཀོག་སྟེ་ཁུར་འགྲོ་མཁན་སྐོར་ཞིག་སྟེ་རིགས་གཉིས་འདུག་པས་ཕྱི་མ་དག་གིས་གཟབ་པར་བྱ་དགོས་ཏེ། སྟར་རུ་བཏུ་ཆོག་ལ། །སྟར་ཚེར་བཀོག་མི་རུང་། །བཏུས་ནས་མི་ཚར་ལ། །བཅད་ནས་ཟད་འགྲོ། ། མཐོ་སྒང་སྨན་མཆོག་སྟར་ཚེར་ཅན། །ཟོས་ན་སྐྱུར་ལྡན་ལྕེ་འབིགས་ཅན། །ཟོར་བས་འབྲེག་ན་ཧ་ཅང་ཕངས། །རྩ་བ་བཀོག་ན་དེ་ལས་ཕངས། ། དམར་ཆུང་སྟར་རུ་སྨན་གྱི་རིགས། །ཟོས་ན་སྐྱུར་ལྡན་ཤིང་ཏོག་འདྲ། །སྟར་ཚེར་གདུག་རྩུབ་ཚེར་མ་ཅན། །ཨ་བོའི་ལག་པ་འབིགས་ཉེན་ཡོད། །ཟ་འདོད་གདའ་ན་ལེན་ལ་སོང་། །སྟར་ཚེར་མ་བཀོག་ཚེ་ཐར་ཐོང་། །སང་ཕོད་ཨ་ཇོའི་ཟ་སྟར་ཡོད། ། ལོ་རེ་གཞན་དུ་སྐྱེ་ནས་ཡོང་། །སྟར་ཤིང་སྟ་རེས་བཅད་པ་ན། །འབྲས་བུ་ས་སྟར་ཚར་ནས་འགྲོ།
དེ་ཡང་༼སྒྲོལ་མ་སྔོ་འབུམ་༽ལས། སྟར་བུ་གདུག་རྩུབ་ཚེར་མ་ཅན། །རིགས་ནི་དཀར་ནག་གཉིས་ཡོད་དེ། །ཤིང་སྡོང་ཆེན་པོ་སྐྱེས་པ་ལ། །ལོ་མ་ཆུང་ལ་སྐྱ་བ་སྟེ།། འབྲས་བུ་གསེར་གྱི་སྲན་མ་འདྲ། །སྲིབ་ལུང་ནགས་ཚལ་དག་ལ་སྐྱེ། །རོ་ནི་སྐྱུར་ལ་ལྕེ་ཡང་འབིགས། །སྟར་ཆེན་ནུས་པས་དངུལ་ཆུ་བཤིག །སྟར་ཆུང་ནུས་པས་གློ་ནད་སེལ། །ཞེས་དང་། ༼འཁྲུངས་དཔེ་༽ལས། སྟར་བུ་གདུག་རྩུབ་ཚེར་མར་སྐྱེས། །འབྲས་བུ་བྱིའུ་ཕྲུ་གུ་འདྲ། །རོ་ནི་སྐྱུར་ཞིང་ལྕེ་འབིགས་བྱེད། །རང་གི་ནུས་པས་གློ་ནད་སེལ། །ཞེས་དང་། ༼འཇམ་དབྱངས་སྔོ་འབུམ་༽ལས། དམ་པས་གདམས་པ་རིན་པོ་ཆེ། །སྟར་བུ་གདུག་རྩུབ་ཚེར་མ་ཅན། །འབྲས་བུ་བྱེལ་གྱི་ཕྲུ་གུ་འདྲ། །རོ་ནི་སྐྱུར་ཞིང་ལྕེ་འབིགས་བྱེད། །རང་གི་ནུས་པས་གློ་ནད་སེལ། །ཞེས་དང་། ༼གཡུ་ཐོག་སྔོ་འབུམ་༽ལས། སྟར་བུ་སྣུམ་ཁྲོད་གྲམ་ལ་སྐྱེ། །ལོ་མ་སྐྱ་ཆུང་ཚེར་མ་ཙམ། །རིང་ཐུང་རྐང་རེ་ཁྲུ་རེ་ཙམ། །རོ་སྐྱུར་རྣག་འདྲེན་བད་ཀན་སེལ། ། ཞེས་དང་། ༼ཤེལ་ཕྲེང་༽ལས། འདི་ལ་རིགས་གསུམ། གང་ཡང་ཤིང་ཚེར་མ་ཅན་ནོ། །ཆེ་བ་གནམ་སྟར་རོང་ཆེན་དུ་སྐྱེ། ཉག་རོང་རྒྱ་ཡུལ་སོགས་སུ་ཤིང་ཁང་བརྩེགས་གཉིས་རེ་ཙམ་སླེབས་པར་སྐྱེ། འབྲིང་བ་བར་སྟར་བར་ཤོད་དུ་སྐྱེ་བ་མི་ལུས་ལྷག་ཙམ་དང་། ཆུང་བ་ས་སྟར་ཁ་སྟོད་ཆུ་འགྲམ་གྲམ་ཐང་དུ་སྐྱེ་བ་ལོ་མ་འོག་དཀར་པོ་ཅན་ཆུ་སྤེན་ལྟར་ཕྲ་བ་མཐོ་རེ་ལྷག་ཙམ་པ་སྟེ། ཆེ་ཆུང་གཉིས་ཀྱི་འབྲས་བུ་སེར་པོ་ཆུ་སེར་རྐྱལ་བ་འདྲ་བ་རྡོལ་ལ་ཁད་ཞུན་དུ་བྱ་བ་ཡིན། འདི་གཉིས་གློ་དང་གྲེ་བར་བཟང་། ཞུན་དུ་བསྐོལ་བའི་ཁ་ཞག་མར་ཁུའི་རང་བཞིན་སྒྲོན་མེ་རུང་བ་ཡོད། བར་སྟར་འབྲས་བུ་ནས་འབྲུ་ཙམ་སྲ་ལ་སྐམ་པ་གསེར་སྦུན་ཅན་སྣུམ་ཅུང་ཟད་ཡོད་པ་དེ་ཁྲག་ལ་བཟང། སྟར་བུ་རྒུན་འབྲུམ་སྐྱུ་རུ་ར་གསུམ་ནི་སྔོན་སྒྲ་གཅན་ཁའི་བདུད་རྩི་ཐིགས་པ་ལས་བྱུང་བར་བཤད་པ་ཡོད་དོ། །ཅེས་གསུངས་པ་ལྟར་མདོ་དབུས་མཐོ་སྒང་སུ་སྐྱེས་པའི་སྨན་མཆོག་འདི་ཉིད་སྲུང་ཞིང་སྐྱོབ་དགོས་པར་མ་ཟད་འདི་ཡི་རིན་ཐང་དང་ཕན་ནུས་དག་ཀྱང་ཤེས་དགོས།
དེ་བས་ད་ལམ་འཁྲུངས་དཔེ་དང་སྔོ་འབུམ་སོགས་ནས་གསུངས་པའི་ཚིག་ཁ་ཤས་འདིར་བཀོད་ནས་མཐོ་སྒང་གི་སྟར་བུའི་ཕན་ནུས་དང་གཞན་སྟར་བུ་འཐུ་མཁན་དག་གི་སྤང་བླང་ལ་འཇུག་ལྡོག་བྱེད་པའི་རེ་བའི་བློས་བསླངས་ནས་ཧོར་རྒྱུད་བློ་བཟང་གིས་སྤྱི་ཟླ་༩བའི་ཚེས་༢༢ཉིན་ཕུལ།།
སྙན་ངག •ལོ་རྒྱུས། •ཆོས་ལུགས། •དཔྱད་རྩོམ། •བསྒྱུར་རྩོམ། •སློབ་གསོ། •གླུ་གཞས།
ཆུ་དམར་རྩོམ་རིག་འཕྲིན་སྟེགས།
ཡིག་སྒམ། 1659774550@qq.com
扫码关注
能看到很多生活乐趣
འཕྲིན་སྟེགས་སུ་མི་སྒེར་རམ་ཚོགས་པ་གང་གི་ཁེ་དབང་ལ་གནོད་པའི་ནང་དོན་ཡོད་ཚེ་མྱུར་དུ་ང་ཚོར་འབྲེལ་གཏུག་བྱོས་དང་དྲ་ངོས་ནས་བསུབ་ངེས་ཡིན།
དེ་ནང་བཞིན་སྐུ་ཉིད་ཀྱི་སྙན་རྩོམ་དང་གླུ་གཞས་གསར་པ། པར་རིས་དང་རྩོམ་རིག་བརྩམས་ཆོས་སྤེལ་འདོད་ཚེ་རྩ་བའི་ཆ་རྐྱེན་ཆབ་སྲིད་དང་མི་འགལ་བའི་ཐོག་འོག་གི་འབྲེལ་ལམ་རྒྱུད་དེ་འབྲེལ་བ་བྱོས་དང་ཁྱེད་ཀྱི་འདོད་བློ་ལྟར་གང་ཐུབ་བྱ་ངེས།