ཁོ་མོ། ཕྱེ་ལེབ།

文摘   文化   2024-09-23 19:32   青海  


  ཆུ་དམར་རྩོམ་རིག             



ཆུ་དམར་རྩོམ་རིག་སྤྱི་སྟེགས་སུ་ཕེབས་པར་ལེགས།

 









                         

                        ཁོ་མོ།                        


                  ཕྱེ་ལེབ།


      ཡང་དང་བསྐྱར་དུ་ཟིན་ཐོ་འགོད་པ་དང་པར་ལེན་རྒྱུ་དེ་མོར་མཚོན་ན་དགའ་ཕྱོགས་ཤིག་ཏུ་སྣང་།མོས་རྒྱུན་དུ་མིག་མདངས་ཚོན་གྱིས་བཏུམས་པའི་འཇིག་རྟེན་གྱི་རི་མོ་བ་དང་སོར་རྩེ་རྒྱུད་སྐུད་ལ་བརྒྱུས་ཏེ་ངག་སྒྲོས་དབྱངས་ལ་འཐེན་པར་སྤྲོ་བའི་གླུ་བ། དེ་མིན་ཚིག་རྒྱན་གྱི་གཤོག་པ་རིང་དུ་བརྐྱངས་ནས་མི་ཡུལ་གྱི་སྐྱེ་རྒ་ན་འཆིའི་མཚོ་ཆེན་ལ་རྐྱལ་རྩལ་ངོམས་པའི་ངང་ཆུང་གི་ཁྱུ་ཚོགས་ལ་དོ་སྣང་དང་རྒྱབ་སྐྱོར་ཀྱི་ཚུལ་དུ་ཟིན་ཐོར་འགོད་པ་དང་པར་བླངས་ཏེ་ཉར་ཚགས་བྱེད། 

       ཕྱི་དྲོ་ཞིག་ལ་མོ་གྲོགས་པོ་འགའ་དང་མཉམ་དུ་མཚོ་ཁ་རུ་གན་རྐྱལ་དུ་འགྱེལ་ཏེ་ནམ་མཐའ་ལ་ལྟ་ཞིང་ཉི་ནུབ་ལ་བསྒུག ཅུང་ཙམ་ན་མཚོ་དང་ནམ་མཐའ་འདྲེས་མཚམས་ནས་ཕྱེ་ལེབ་གཤོག་ཆེན་ཡིད་གར་འོང་བ་ཞིག་འཕུར་ཡོང་། མ་ཟད་མོ་གཅིག་པུ་དང་ཉེ་བར་བཅར།

 ཕྱི་དྲོ་དེར་མཚོ་བྱ་དང་མཚོ་རླབས་ཀྱིས་མཉམ་སྒྲོགས་རོལ་མོ་འདོན་ལ།ཕྱེ་མ་ལེབ་ཀྱིས་མཛེས་མཛེས་ཀྱི་གར་སྟབས་བསྒྱུར།མཚམས་ལན་རེར་མོའི་ཚོམ་བུ་གཉིས་སུ་སླས་པའི་སྐྲའི་ལན་བུ་ལ་འཐམ་པར་ཡང་སྤྲོ།ཡིད་བརྙན་འདི་འདྲ་བ་མིག་ལ་ཐོགས་ན་ངོ་མ་ཨ་རག་གི་བཟི་ཁ་ལས་བཙན་ཞིང་སྦྲང་རྩིའི་བཅུད་ལས་ཀྱང་མཆོག་ཏུ་འཛིན། ད་དུང་གནས་འདིའི་ཉི་ནུབ་དང་ཨ་རག གྲོགས་པོ་དང་གྲོགས་པོའི་གམ་གྱི་རྒྱ་སེའི་མེ་ཏོག ཡོད་ཚད་འབྲོག་གི་འོ་སྤྲི་དང་གྲོང་ཁྱེར་གྱི་ཁོ་ཧྥེ་ནང་བཞིན་ལུས་སེམས་གཉིས་པོ་སྦྲིད་པར་བྱེད་པའི་ཚོར་བ་རྣོན་པོ་ཞིག་རེད།

        ཁ་རོག་གེར་མོ་ལ་ལྟོས་དང་།མོའི་གདོང་ལ་ལྟོས་དང་།མོའི་གདོང་ནི་ལན་རེར་དམར་བོ་འགྱུར་ལ་ལན་རེར་ལྗང་ཁུ།ཡང་ལན་རེརེ་སེར་པོ་དང་སྔོན་པོར་ཡང་འགྱུར་སྲིད།

     “ཞབས་ཞུ་བ། ཆང་ཁང་སྒོ་འགྲམ་གྱི་མདོག་ལྡན་གློག་སྐུད་བཀལ་བའི་བརྡ་ཁྱབ་བྱང་བུ་འདིས། ངའི་མིག་མི་བདེ་བར་བཟོས་བྱུང་བས་གནས་གཞན་ཞིག་ཏུ་སྤོ་བར་ཞུ།” མོའི་ཁ་གཏད་ཀྱི་ལྡུམ་རའི་ནང་དུ་ཡོད་པའི་མགྲོན་པོ་སྨ་ར་ཅན་ཞིག་གིས་སྐད་གདངས་མཐོན་པོའི་སྒོ་ནས་དེ་སྐད་སྨྲས།

     “ཅུང་ཙམ་སྒུག་དང་། མྱུར་མོར་ཐག་གཅོད་བྱས་ཡོང་།” ཁོག་སྟོད་དུ་སྟོད་ལྭ་གློ་དམར་ཐུང་ཐུང་སྐེད་པའི་ཤ་ཡང་མི་སུམ་པ་ཞིག་གོན་ཡོད་པ་དང་ཁོག་སྨད་དུ་སྨད་གཡོགས་ལྗང་སྐྱ་གྱོན་པའི་ཞབས་ཞུ་མ་ཤ་རྒྱགས་ལ་སྐྲ་ཚུགས་དེ་ཕོའི་རྔ་མ་དང་འདྲ་ཆེ་བ་ཞིག་ལས་ཡོད་ལ། མཆུ་དམར་ཅིང་མིག་མཐའ་ནག གདོང་ལ་དཀར་རྩི་བྱུགས་ཆེ་དྲགས་པ་ཞིག་གིས་སྐད་གདངས་དམའ་ལ་ཡི་མི་རང་བའི་ཉམས་དང་བཅས་ཏེ་དེ་སྐད་སྨྲས་པ་དང་སྦྲགས་མཆུ་འགྲམ་དུ་སྐྱེས་པའི་སྨེ་བ་ནག་པོ་ཡང་འགུལ་ཙམ་འགུལ་ཙམ་བྱེད། ངའི་མིག་དབང་དེའི་ཐོག་ཏུ་ཤོར་སོང་བས་ཅུང་ཙམ་ལ་མོར་བལྟ་རྒྱུ་ཡང་བརྗེད་སོང་།

ཡང་བསྐྱར་མོ་ལ་ལྟོས་དང་། དཀར་ལ་དམར་མདངས་རྒྱས་པའི་ངོ་གདོང་ལ་ལྟོས་དང་། གདོང་དུ་རི་མོ་ཤར་ཤུར་ཞིག་ཕབ་ཡོད་པ་འདྲ། བལྟ་ཡག་ཞིག་བྱས་རྗེས་གཟོད་འཚོ་བའི་མངའ་སྐྱུར་ཁ་གསུམ་གྱི་ཚོན་ཁུ་བསྡེབ་ནས་བྲིས་པའི་ཆུ་ལམ་ཤར་ཤུར་ཞིག་ཡིན་པ་ཤེས། ཡིན་ན་ཡང་།ཆུ་ལམ་ཤར་ཤུར་དེས་མོའི་གདོང་གི་མཛེས་སྡུག་ལ་བར་ཆད་དང་གནོད་པ་ཅུང་ཙམ་ཡང་བཟོས་མེད་པ་མ་ཟད།

         ངོ་གདོང་མཛེས་བྱེད་ཀྱི་བརྒྱན་ཏུ་རྩིས་ཀྱང་མི་ཆོག་པ་མེད་པ་འདྲ། ཁྱོད་ཀྱིས་ལྟོས་དང་།མཚན་མོའི་སྐར་ཚོམས་དག་མོའི་གདོང་གི་ཆུ་ཤུར་ཏུ་བབ་ནས་ལྷིང་འཇགས་སྒོས་མི་ཡུལ་གྱི་མཚན་ལྗོངས་ལ་རོལ་བཞིན་འདུག རྣ་འགྲམ་གྱི་སྐྲ་སྣེ་རུ་འཇུས་པའི་དམར་སེར་གྱི་མདངས་ལ་འདྲེས་པའི་ཕྱེ་མ་ལེབ་ཀྱི་ཁ་དོག་ཡང་ཆུ་ཤུར་དུ་དོད་ཡོད་པས་གྲོང་ཁྱེར་གྱི་མཚན་ལྗོངས་ལས་ཀྱང་མཛེས་སྡུག་ལྡན་པ་ཞིག་རེད།

ཁ་སང་གི་ཆེད་དུ་གཙང་བཞེས།ཁ་སང་གི་ན་གཞོན་དེ་ཚོའི་ཕུགས་བསམ་གྱི་ཆེད་དུ་གཙང་བཞེས……

          མོས་ཆང་ཕོར་ཡར་བཏེགས་ཏེ་ང་དང་ངའི་ན་མཉམ་གྱི་ཁ་ཡ་ན་ཟླའི་ལང་ཚོར་ཕུལ་བ་ཡིན་ཟེར་བཞིན་སྐྱུར་ཞིང་ཁ་ལ་“ཚྭ་ཁུ”འི་རོ་དང་ལྡན་པའི་ཆང་དེ་བཙན་གྱིས་མིད་པ་དང་།མིག་ཆུ་ཆང་བཅུད་ལ་བསྲེས་བའི་ཆང་གི་བྲོ་བ་འདི་ཅི་འདྲ་ཞིག་ཡིན་པ་སུས་ཀྱང་ཤེས་མེད་པ་འདྲ་མོད། འོན་ཀྱང་། མཚོ་འགྲམ་གྱི་ཆུ་རླབས་ཀྱིས་བྲག་རྡོའི་ངོ་རུ་ཐེངས་མང་པོར་ཤེད་ཀྱིས་བརྒྱབ་ནས་སྒྲ་འབྱིན་པ་ལ་གསན་ན། མཚོ་རླབས་ཀྱིས་“ཚྭ་ཁུ”འི་རོ་དང་ལྡན་པའི་ཆང་གི་བྲོ་བ་དེ་ཅི་འདྲ་ཞིག་ཡིན་པ་རྟོགས་ཡོད་པའི་སྣང་བ་ཞིག་བསྩལ་ཡོང་།

ཕྱིར་དྲན་གྱི་སྒེའུ་ཁུང་དུ་ཕྱེ་ལེབ་ཅིག་འཛུལ་བྱུང་།ཕྱེ་ལེབ་དེའི་གཤོག་ཁུག་ན་མི་ཞིག་ཡོད་པ་འདྲ།སྒེའུ་ཁུང་ནས་ཕར་བལྟས་ན། སྤོབས་པའི་མེ་ལྕེ་སྦར་བའི་གཞོན་སེམས་དང་ལྡན་ལ་ཤ་དར་ཁྲག་དར་གྱི་གཞོན་ལུས་འཛོམས་པའི་ན་ཆུང་ཁྱུ་གཅིག་སྟེ་ཕུགས་བསམ་གྱི་སྒོ་གླེགས་ལ་དམ་པོར་འཇུ་རོགས་ཀྱི་གཞོན་པའི་དུས་ཀྱི་ཁ་ཡ་ན་ཟླ་དག་མཐོང་ཐུབ། མོ་དང་ཡང་བསྐྱར་འཛོམས་རྒྱུ་བྱུང་ན་ཕན་ཚུན་ལ་སྙིང་གཏམ་འཆད་ཅིང་ཨ་རག་བཏུང་ལ་འདས་སོང་གི་ལང་ཚོར་ཕྱིར་དྲན་བྱེད་རྒྱུ་ཐག་ཆོད་རེད་སྙམ། དེ་དུས་མོས་ཀྱང་འདྲ་པར་དང་ཟིན་ཐོ་འགའ་པང་དུ་བཟུང་ནས་མཉམ་སྤྱོད་བྱེད་ངེས།

       “འགྱོ་རེད། ད་མ་སོང་ན་འགོར་ཐལ། ནངས་དུས་ཡང་སྔ་ས་ནས་ཡར་ལངས་ཏེ་ལས་ཚོགས་ལ་ཞུགས་དགོས་པ་མིན་ནམ།” འདི་ལྟར་དགོང་མོའི་ཆུ་ཚོད་བཅུ་གཅིག་དག་དག་ལ་མོ་ང་དང་ཐག་རིང་དུ་གྱེས། མོ་འདི་ལྟར་གྱེས་པར་ང་ལ་འགྱོད་སེམས་དཔག་མེད་ཅིག་སྐྱེས་ཡོང་བས། ལན་གཅིག་མོའི་རྗེས་སྙེག་ཏེ་ཡུན་རིང་སོང་། དེ་ནས་གློ་བུར་དུ་དྲི་བ་ཞིག་དྲི་རྒྱུའི་བསམ་པ་སྐྱེས་ཏེ་གློག་དམར་ལ་བསྒུག་འདུག་པའི་མོའི་རྒྱབ་ཕྱོགས་ནས་གཡས་ཕྱོགས་སར་བུད་དེ།  ཁྱོད་བདེ་མོཞེས་ཀྲུང་གོའི་སྤྱི་སྐད་ཀྱི་ལམ་ནས་མཚམས་འདྲི་བྱས། མོས་ཅི་ཡང་འཆད་མ་སོང་། ཡིན་ན་ཡང་གམ་གྱི་བུ་མོ་དེསསྒྲོལ་མ།སྒྲོལ་མ། རེམ་མ་འགྲོ བརྙན་ལེན་བཞིན་འདུགཅེས་སྨྲས་པས་ང་ཡ་མཚན་ཏུ་བཅུག་སོང་། ཁོ་མོ་ནི་ང་དང་འདྲ་བར་ཡུལ་གྱི་བྱེས་པའི་མི་རིགས་གཅིག་པའི་སྤུན་ཟླ་ཡིན་པས། ངས་མོ་ལ་ཡང་བསྐྱར་བོད་སྐད་ཀྱི་ལམ་ནསཁྱོད་བདེ་མོ།ངས་ཁྱོད་དྲི་བ་ཅིག་དྲིས་ན་ཆོག་གམ”ཞེས་ཟེར་མ་ཐག མོའི་གདོང་ལ་འཛུམ་གྱིས་ཕྱུག་ཅིང་ངག་འཇམ་པོའི་ལེ་ཆོག་ཟེར། “ཁྱོད་ལ་མཚོན་ན། མཚོ་འགྲམ་ནས་ཨ་རག་བཏུང་ཞོར་ཉི་ནུབ་ལ་བལྟ་རྒྱུ་འདི་གོམས་ལོབས་སུ་སོང་ཡོད་པ་འདྲ། རྒྱུན་དུ་འདི་ལྟར་སྡོད་དུས་ཁྱོད་ལ་བརྗོད་འདོད་པའི་སྐད་ཆ་དང་སེམས་ཚོར་ཅི་འདྲ་ཞིག་ཡོད”ཅེས་དྲིས།

      “ང་ཟེར་བ་ནི་ཁྱིམ་མི་ཀུན་གྱིས་བྱམས་པ་དང་བརྩེ་བའི་དྲོད་ཁོལ་འོག་ནར་སོན་པའི་བུ་མོ་འགོ་མེད་ཞིག་ཡིན་པས།སྔོན་ཆད་ང་ལ་ལུས་སྐྱོབ་ཀྱི་ཁྲབ་ཏུ་གྱུར་བའི་ཕ་ཁུའི་བྱམས་པ་དང་མགོ་སྐྱོབ་ཀྱི་རྨོག་ཏུ་གྱུར་བའི་མ་དང་ཨ་ནེའི་བརྩེ་བ། ང་ལ་ལུས་སྲུང་གི་ཁྲབ་རྨོག་དེ་ལྡན་པའི་རྐྱེན་དུ་ན་ངའི་ང་རང་ད་དུང་བྱིས་པ་ཞིག་ཡིན་པའི་འདུ་ཤེས་བཟུང་བ་ཤུགས་དྲག་པས་ལན་རེར་འཇིག་རྟེན་གྱི་སྡུག་བསྔལ་ཆུང་ཆུང་གང་ཞིག་གི་རྒྱབ་བརྒོལ་ཐེབས་ནའང་ངུ་བར་དགའ་ལ་ལེ་བདའ་བྱེད་པར་དགའ་བའི་བསམ་མེད་ཀྱི་གཞོན་པ་བྱིས་བློ་འཛིན་མཁན་ཞིག་ཡིན། ཡིན་ན་ཡང་། ད་བར་དེ་འདྲ་བྱེད་མི་ཕོད་ལ་བྱེད་ཀྱང་མི་སྲིད།

ངས་རྒྱུན་དུ་ཨ་མྱེ་དང་ཁྱིམ་མི། གྲོགས་པོ་ཚོ་དྲན་པའི་སྐབས་སུ། བདེ་སྐྱིད་དང་མཉམ་དུ་མཚོ་འགྲམ་ལ་སོང་ནས་མཚམས་ལན་རེར་ཁོ་ཧྥེ་བཏུང་བ་དང་མཚམས་ལན་རེར་ཨ་རག་བཏུང་ཞོར་ཉི་ནུབ་ལ་བལྟས་ནས་བསྡད་པ་ཡིན། བཤད་འདོད་པའི་སྐད་ཆ་ཡིན་ན། ཕ་མ་གཉིས་གཙོ་བྱས་པའི་རང་ལ་བློ་ཉེ་བའི་ཉེ་རིང་ཀུན་ལ་འདི་འདྲ་ཤིག་བརྗོད་འདོད། ཡོད་པ་ལ་གཅེས་ཤིང་མེད་པ་རྣམས་སྙིང་གི་གཟབ་རུ་འཇོག་རྒྱུ་ལས་བརྗེད་པའམ་བོར་དོར་བྱུང་ན་དེ་ནི་ཆེས་ཐ་ཤལ་གྱི་མི་ཞིག་ཡིན་པར་སེམས།  ང་ཚོས་རང་ལ་གཅེས་ཤིང་བྱམས་པའི་མི་ལ་བློ་དཀར་ཞེ་འདྲིས་ཀྱི་རྨང་རྡོ་བརྟན་པོའི་ཐོག་དེ་ལ་འདུག་གྲོགས་དང་སེམས་གཏམ་འགའ་འཆད་ཀྱིན་མི་ཚེའི་དཀའ་སྡུག་མང་པོ་མཉམ་སྤྱོད་དུ་བྱས་ན་སྙམ། ག་ལེར་ག་ལེར་ཁྱོད་ཀྱིས་རྒྱུན་པར་དང་དོད་མ་སྣང་བའི་བྱ་བ་ཆུང་ཆུང་རེ་འགས་ཕ་རོལ་བ་ལ་ཡི་ཆད་དང་སུན་པོ་བཟོ་སྲིད་ཀྱང་མང་པོ་ཞིག་གི་ཆེད་དུ་ཁྱོད་ལ་མ་རུང་བའི་ཨ་ལན་གནང་འུ་སྲིད་མི་ཤེས། ཡིན་ན་ཡང་ཕ་རོལ་བའི་སེམས་ལ་རྨ་ཁ་གྲངས་མེད་བཟོས་ཡོད་ཉེན་ཆེ། རང་རློམ་དང་རང་ཆེ་ཡི་བསམ་བློ་བཅིངས་བའི་ཁྱོད་རང་ཡང་ཕ་རོལ་མི་གང་དེས་གཅེས་འཛིན་བྱས་པ་བཟང་དྲགས། ཁྱོད་ཞེས་པ་ལ་བློ་གཉིས་མེད་ཀྱི་དགའ་བ་ཤུགས་དྲགས་འབྱིན་སོང་བས་ཁྱོད་ཀྱི་སེམས་ལ་ཕ་རོལ་བོའི་ཅི་བྱེད་ཅི་བསམ་ཡོད་ཚད་མཁྱེན་ཡོད་པ་འདྲ་བས་དེ་ལ་སྙིང་རྗེ་དང་བྱམས་པའི་སྐྱོང་ལ་ཕན་ཚུན་བསམ་བློ་བརྗེ་རེས་དང་ལུས་ཐོབ་བརྗེས་ནས་འདང་ཡག་པོ་རྒྱོབ་དང་ཁྱོད་ཞེས་པ་མི་མང་པོ་ཞིག་གི་ལག་པའི་སྐྱོར་ནས་གྲུབ་ཡོད་པ་ཤེས་གསལ་ཡིན་པས།ཡོད་ཚད་དྲིན་དུབསྒོམས་ནས་གཅེས་ཤིང་བརྩེ་བར་ཞུ། བཤད་འདོད་ཀྱི་སྐད་ཆ་དག་ཁ་ཁོག་མེད་པར་བཤད་པས་ཕོག་ཐུག་རེ་བཏང་ཡོད་ས་ལགས་ན་ལན་གཅིག་གྲོགས་ཀྱི་ཐོབ་དང་ལྡན་པའི་ང་ལ་དགོངས་འགལ་མེད་པར་མཛོད། ”

“ཡ་ཡ། བཤད་པ་ལེགས་སོང་། ཁྱོས་ཀྱིས་ངའི་དྲི་བར་ལན་བཏབ་པ་བཀའ་དྲིན་ཆེ།”

“དེ་སྐྱོན་གང་ཡང་མེད། བཀའ་དྲིན་ཞུ་དགོས་ས་ཡང་མེད། འོ། གློག་ལྗང་ཤར་ཐལ། ད་ང་འགྲོ་རན་སོང་། བདེ་མོ།”

“ཡ་ཡ། ཁ་དྲོ། ཚེ་རིང་།”

མོ་འདི་ལྟར་ང་དང་རྒྱང་དུ་གྱེས་ནས་མི་ཚོགས་ཀྱི་དཀྱིལ་དུ་འཛུལ་སོང་།

གནམ་འཚོ། བུ་མོ་དེའི་མིང་ལ་ཅི་ཟེར་རམ།

མོ་ནི་བདེ་སྐྱིད་ཀྱི་ཨ་ཅེ་སྒྲོལ་མ་རེད།

                                ༢༠༢༤ལོའི་༥བའི་༥ཉིན་ལ་ཕྱེ་ལེབ་ཀྱིས།


 

小说 ▏散文 ▏诗歌 ▏文学翻译 文学评论

 སྙན་ངག •ལོ་རྒྱུས། •ཆོས་ལུགས། •དཔྱད་རྩོམ། •བསྒྱུར་རྩོམ། •སློབ་གསོ། •གླུ་གཞས།



 

 


      ཆུ་དམར་རྩོམ་རིག་འཕྲིན་སྟེགས།

   

སྤྱི་ཁྱབ་ལྟ་སྐུལ་བ།  ཆུ་དམར་རྩོམ་རིགརྩོམ་སྒྲིག་ཁང་། 
རྩོམ་སྒྲིག་འགན་ཁུར་པ། མགར་སྨྱུག་རྩེ། 
ལག་བསྟར་རྩོམ་སྒྲིག་པ། མགར་སྨྱུག་རྩེ།
རྩོམ་སྟེགས།  QUMALAIWENXUE 

ཡིག་སྒམ།  1659774550@qq.com 






扫码关注

能看到很多生活乐趣




                

  ▼   གླུ་གཞས་འོས་སྦྱོར།              
点赞+转发

 ▼ 点击下面语音,播放歌













འཕྲིན་སྟེགས་སུ་མི་སྒེར་རམ་ཚོགས་པ་གང་གི་ཁེ་དབང་ལ་གནོད་པའི་ནང་དོན་ཡོད་ཚེ་མྱུར་དུ་ང་ཚོར་འབྲེལ་གཏུག་བྱོས་དང་དྲ་ངོས་ནས་བསུབ་ངེས་ཡིན།

དེ་ནང་བཞིན་སྐུ་ཉིད་ཀྱི་སྙན་རྩོམ་དང་གླུ་གཞས་གསར་པ། པར་རིས་དང་རྩོམ་རིག་བརྩམས་ཆོས་སྤེལ་འདོད་ཚེ་རྩ་བའི་ཆ་རྐྱེན་ཆབ་སྲིད་དང་མི་འགལ་བའི་ཐོག་འོག་གི་འབྲེལ་ལམ་རྒྱུད་དེ་འབྲེལ་བ་བྱོས་དང་ཁྱེད་ཀྱི་འདོད་བློ་ལྟར་གང་ཐུབ་བྱ་ངེས། 

曲麻莱文学网
འཕྲིན་སྟེགས་འདི་རུ་་འབོལ་རྩོམ།སྙན་ངག ལྷུག་རྩོམ་སོགས་འགོད་ཀྱིན་ཡོད།此官网是曲麻莱青年作家的一个写作平台,发布汉藏双语论文,散文,诗歌等。
 最新文章