ཆུ་དམར•མྱུ་གུའི་སྟོབས་ཚང་གི་སྙན་ངག་སྤེལ་ཐེངས། ༼༢༢༽

文摘   文化   2024-04-10 14:21   青海  


  ཆུ་དམར་རྩོམ་རིག             



                                   ཆུ་དམར་རྩོམ་རིག་སྤྱི་སྟེགས་སུ་ཕེབས་པར་ལེགས།

  


ཆུ་དམར་མྱུ་གུ་སྟོབས།







     ལས་ཀྱི་ཁ་བ།  【LJ】


                   ཟིལ་སྙུག་སྲས། 


སྟོད་ཀྱི་ཀོང་པོའི་བུ་མོ། །

ལས་ཀྱི་ཉི་འོད་འཕྲོ་ས། །

གཞོན་པའི་སྣང་བ་སྟེར་ས། །

མི་ཚོགས་ཁྲོད་ཀྱི་ཏོག་རེད། །


རི་བོའི་རྩེ་ནས་བཞུར་བའི། །

གཙང་བོའི་མཐིལ་ན་འབབ་པའི། །

ཆུ་དེ་ཡར་ཀླུང་གཙང་བོ། །

ལྷ་ལ་ལན་གསུམ་མཆོད་ཡོད། །


སེམས་འདིས་འཁྲུལ་སྣང་མིན་ན། །

དམ་ཚིག་མཐའ་རུ་འཁྱོལ་འདོད། །

རྟ་བརྒྱའི་ནང་གི་འདོ་བ། །

རང་གིས་ཞོན་ན་འདོད་ཀི །


སྣང་བ་དགྲ་རུ་ལངས་ཚེ། །

སེམས་ཀྱི་བདུད་རྩི་ཟད་འགྲོ །

དངོས་འགྲུབ་འཇོ་བའི་སྙིང་གཏམ། །

ཆུང་འདྲིས་ཁྱོད་ལ་བཤད་ཡོང་། །


ཡུན་རིང་སྙིང་ལ་གཅུས་པའི། །

རེ་བའི་རྨི་ལམ་ཐུན་གཅིག །

ཚེ་སྟོད་སྨིན་རྒྱུ་མ་བྱུང་། །

ཚེ་སྨད་རྨིས་ན་བསམ་བྱུང་། །


སེམས་ཀྱི་དྲན་པ་དགུ་བསྐོར། །

ཇོ་ཁང་ནང་ནས་ལུས་སོང་།།

ཇོ་བོ་སྐུ་ཚེ་བརྟན་ན། །

ཞེ་བློ་དེ་ཡིས་ཚིམས་སོ། །


སྙིང་གི་གའུའི་ནང་ལ། །

ལས་ཀྱི་ལྷ་མཆོག་བསྒོམས་ཡོད། །

བསྒོམས་པའི་མཐུ་ལ་བརྟེན་ནས། །

ལུས་སེམས་བདེ་སྐྱིད་སྩོལད་རོགས། །


                    ༢༠༢༤/༤/༡





   


       ཟླ་ནག


              གཟེབ། 

                                       

དྲན་པ་ཡང་རྙེད་མ་བྱས་པའི་ལོ་ཟླ་དེ་

འཆི་བའི་ངོ་གདོང་དུ་ཡིབས།

ཁོ་ཚོ་རང་གི་བཟོ་ལྟ་ལ་བསྒྱུར་བཅོས་བྱང་མྱོང་མེད།

མྱོང་བ་མེ་ཡིས་སྲེག་

རྡུལ་གྱི་ཕུང་པོ་ལ་དྲི་ནག་བསྐྱར་སྦྱར་བྱས།

ད་ལྟ་གཅིག་ཡོད་པ་ནི་

རྐང་ལག་མེད་པའི་ཁ་ཤོབ་མཁན་དག་རེད།


འཇིག་རྟེན་འདི་དང་ཤིན་ཏུ་ཉེ་བའི་མྱི་དེ་དག་

དེ་དག་ད་ལྟ་ཡོལ་བ་ཞིག་གི་ཕྱི་ནང་དུ་མཆིས།

མགོ་མཇུག་མེད་པའི་ལས་དེ་

ཁྲམ་པ་སྐོར་ཞིག་གི་རྩེད་ཆས་སུ་གྱུར།

དོན་ངོ་མར་

ཅི་ཡང་མིན་པ་ནི་རྨི་ལམ་ཡིན་ཏེ།

གར་ཡང་འགྲོ་མི་ཐུབ་མཁན་ཡང་ང་ཚོ་ཡིན་ནོ།།


   


      བར་ནས།

                                

                 དབང་བཀྲ། 


                 


ཁྱེད་བོར།  ངས་འཚོལ།

བོར་དང་འཚོལ་གྱི་བར་ནས་སྐྱིད་སྡུག་རེས་མོས་ཤིག་གི་ལོ་ཟླ་འདས།

ཁྱེད་ཕེབས། ངས་དྲན།

ཕེབས་དང་དྲན་གྱི་བར་ནས་གཞོན་ནུ་ཞིག་གི་འཛུལ་མདངས་ཡལ།


ཁྱེད་བརྗེད། ངས་བརྗེད།

བརྗེད་དང་བརྗེད་ཀྱི་བར་ནས་ཁྱེད་དང་ང་ཡི་མེས་པོ་བརྗེད།

ཁྱེད་གླེང་། ངས་བརྗོད།

གླེང་དང་བརྗོད་ཀྱི་བར་ནས་ཁྱེད་དང་ང་ཡི་མེས་པོ་དྲན།


ངས་བཙའ། ངས་རྙེད།

བཙའ་དང་རྙེད་ཀྱི་བར་ནས་མི་རྟག་སྒྱུ་མའི་རང་མདོག་གསལ་གྱི་ལེར།

ངས་བཟོད། ངས་རྩོད།

བཟོད་དང་རྩོད་ཀྱི་བར་ནས་རྟོག་དཀའ་ཆེ་བའི་མྱི་སེམས་ཁྲ་གྱི་ལེར།


ཁྱེད་ཀྱིས་འོ་བྱས  ངས་སྐེ་འཇུ་བྱེད།

འོ་དང་སྐེ་འཇུ་ཡི་བར་ནས་ཡོད་ཚད་ཀྱི་ཡོད་ཚད་ར་སྤྲོད་བྱས།


                   ༢


ཁྱེད་ཅག་གཟིམས་ཀྱང་། ངས་ད་དུང་གཟིམས་མེད་པར་སྣང་།

གཟིམས་དང་མ་གཟིམས་གྱི་བར་ནས་ང་རང་ཁེར་རྐྱང་ལུས་སོང་།


ཁྱེད་རྒས  ང་ནར་སོན།

རྒས་དང་ནར་སོན་གྱི་ལོ་ཟླ་བར་ནས་རེ་སྒུག་ཁྲི་ཕྲག་གི་ཨ་ལོང་སྦྲེམ།


ཁྱེད་སྐྱོང་།  ངས་དོར།

སྐྱོང་དང་དོར་གྱི་བར་ནས་དབྱངས་གསལ་གྱི་གཤོག་རླབས་ཇི་ལྟར་རྒྱས།


ཁྱེད་རྒྱང་རིང་ན་སོང་ཀྱང་། ངའི་ཐག་ཉེ་ན་ཡོད།

རྒྱང་རིང་དང་ཐག་ཉེ་ཡི་བར་ནས་ཐ་སྙད་སྟོང་ཕྲག་གི་སྙན་གཏམ་བརྫངས་ཡོད།


                   


སེམས་ངལ་དང་བསམ་གཞིགས་བར་ནས།

སྙིང་ནད་ཅིག་བསྙལ་བྱུང་།

དྲན་གདུན་དང་སུན་སྣང་བར་ནས།

སེམས་ཆུང་ཞིག་སྦྲུམ་བྱུང་།


ཀྱི་ཧུད། སྙན་ངག་ཟེར་བ་འདི་རྩེད་ཆས་སྐྱིད་པོ་ཞིག་རེད་འདུག་ཨང་།





   


   རང་སེམས་བཀླགས་པ། 

          

           རྣོ་འོད། 


དངོས་ཡོད་དག་ཆུ་རེད་

སྐམ་ཚད་དང་འདོད་རྔམ་སོད་པས་སོ།

ཐོབ་ཤོར་དག་བྱེ་མ་རེད་

བཙིར་མ་བཙིར་གཉིས་ཀྱི་བར་ནས་ཟགས་འགྲོ་བས་སོ།


སེམས་ལ་ཉན་དུས་སུ་

ཉིན་ལ་བྲེལ་ཚུབ་དང་འདུ་འཛིའི་བར་ནས་ཉན།

མཚན་ལ་ཞི་འཇགས་དང་སྨྲེང་སྐྱོའི་གཏིང་ནས་ཉན།

སྐྱེ་རྒ་གཉིས་ཀྱི་སྔ་ཕྱི་ནས་ཀྱང་རེས་མོས་ཉན།


འུ་ཐུག་དུས་སུ་

ཞོད་འཇགས་ལ་མགོ་བོ་སྙེས་ནས་བདེ་འཇམ་གྱི་གཏི་མུག་རོ་ཉལ་བྱེད།

འདུ་ཤེས་དག་གཏིང་ནས་འགག་ཕྱིར་

ནང་སེམས་ཀྱི་འཆར་སྒོ་དང་

རྨི་ལམ་ལའང་སྒོ་ཟྭ་ལྕགས་ནག་གི་མདུད་པ་དགུ་སྒྲིལ་བསླས།


   


    འགྱུར་མེད་སྙིང་ལ་བརྐོས། 


            ཁམས་ཁྲག་སྨྱུག

 

 སེམས་བསམ་པ་མཐུན་པའི་མཛའ་མོ་ལ།།

 ཡིད་དགའ་བའི་སྙིང་གཏམ་མཉམ་དུ་བརྗོད།།

 ཞེ་གཙང་བའི་བརྩེ་གདུང་དག་མ་ཅན།།

 བརྗེད་མི་སྲིད་ཁ་ཞེ་གཉིས་མེད་ཚིག །


  སེམས་བསམ་པ་གཏིང་གི་སྙིང་གཏམ་འདི།།

  གཏམ་འདི་ནི་མི་བའི་སྐུ་ཚབ་ཡིན།།

  ཡིད་འདང་བརྩེ་རིན་ཆེན་གསེར་ལས་དཀོན།།

  འགྱུར་མི་སྲིད་མི་སེམས་དམ་ཚིག་ཡིན།།


  བོད་གངས་ཅན་ཁ་བའི་ཡུལ་ལྗོངས་ལ།།

  རོགས་འུ་གཉིས་འཛོམས་སའི་ཞིང་ཁམས་ཡིན།།

  ཚེ་སྔོན་མས་བར་ཆད་མ་བྱུང་ན།།

  བློ་མི་འགྱུར་བརྩེ་སེམས་སྙིང་ལ་བརྐོས།།





   


        ཚངས་འགུར། 

                  

                དབྱངས་ཅན་སྲས་པོ།  

           

སྦུབས་སུ་བཅུགས་པའི་ཤེས་རབ་ཀྱི་དོ་ཤལ་ནི

སྟོང་ཆ་ལྡན་པའི་དོ་ནུབ་ཀྱི་བསིལ་འཇམ་བཞིན་ཡིན་ནམ ཀྱེ

དལ་ཅིང་ལྷོད་པའི་ཚིག་གི་འཇོ་སྒེག་ནི

མ་ཡུམ་གྱིས་ཕུལ་བའི་དབུས་ལམ་རིང་མོ་ཡིན་ནམ་ཅི

སྔོན་ཆད་དང་འདྲ་བར

དགུན་གཞུང་གི་གྲངས་ངར་དང་ཙག་རླུང་ནི

རང་དང་འཚམས་པའི་ཁྱོད་ཀྱི་སྙན་ངག་ཡིན་ནམ་ཅི

ཚངས་དབྱངས་རྒྱ་མཚོ།

ཚངས་ལྷའི་མལ་དུ་སྣང་བ་རང་ཡན་པ་ལ་ལག་པས་འཇུས་ཏེ

འཇིག་རྟེན་གྱི་ལྷ་ཚོགས་ལ་གསོལ་བ་གཏབས་ནས

ཁེར་རྐྱང་ལ་ཕུལ་བའི་ཚིག་གི་ལུག་ཁྱུ་ཞིག་དེད་བཞིན་ཡོད་དམ

དབྱངས་ཀྱི་སྟོང་བ་ཉིད་ལ་ལག་པ་སྲིང་ཏེ

སྦ་གསང་མེད་གཞས་ཚིག་ལ་མདུད་པའི་ཡོང་ལོང་འབྲི་བཞིན་ཡོད་དམ།

ཆབ་སྲིད་དང་བྲལ་བའི་ངེད་ཅག་གིས

ཁྱོད་རང་ལ་དབྱངས་ཀྱི་ལན་བུ་གཏབས་ཏེ་འགྱུར་ལྡོག་སྐྱོངས་བཞིན་ཡོད་དམ།

   







   


    སྐྱོ་ཀློང་ཁྲོད་ཀྱི་སེམས་པ། 

                  

                ཁམས་གསེར་ཐིགས།  

           

གདུང་སེམས་ན་བུན་འཐིབས་པའི་ཡ་ཁོག་ན།།

སེམས་ཀྱི་ངལ་དུབ་སྨུག་ལོང་མི་སངས་པར།།

སྤྲིན་ནག་རླུང་ཤུགས་རྗེས་ཀྱི་དྲག་ཆར་དེས།།

གསེར་གྱི་སྙེ་མའི་སྤང་ཐང་བྱེ་མར་བསྒྱུར།།

   

བྱང་ཁོག་ཡངས་མོའི་གཞུང་གི་ཐང་ཆེན་དུ།།

དོག་པོའི་གད་རོང་འགག་འཕྲང་བྲག་གིས་བཟུང་།།

རྐང་གཉིས་འགྲུལ་བཞུད་འགྲོ་བའི་ལམ་ཁར་དུ།།

བཞུད་ལམ་མི་བདེའི་འགག་རོང་དོག་པོའི་འཕྲང་།།


ནང་སེམས་དམར་ཆུང་ཤེལ་གྱི་སྒོ་མོ་ལ།།

ལྕགས་མདེའུ་ངར་མས་གས་ག་བུ་ག་བཏང་།།

ཁྲག་རླུང་སྟོད་ལ་འཚངས་པའི་ཟུག་གཟེར་གྱིས།།

ཁྲག་ཐིགས་བཞུར་བས་རྨ་ཁ་སེམས་ལ་བཟོས།།


མཐོ་ཞིང་འདེགས་པའི་རི་བོའི་སྒང་ཁར་ན།།

རས་སྣ་དཀར་དམར་འགའ་ཡི་དར་ལྕོག་དེ།།

གྲང་ངར་རླུང་བུས་ཁ་ཆར་དྲུང་ནས་ཟད།།

སུན་པའི་མི་ཚེ་དར་ལྕོག་དེ་དང་མཚུངས།།


མི་ཚོགས་ཟང་ཟིང་འདུ་སའི་གྲོང་ཁྱེར་ནས།།

གདུང་སེམས་གཉོམ་པོ་ཁྱོད་དང་ང་རང་གཉིས།།

ཞེད་སྣང་ཆེ་ཡང་འཁོར་བའི་རྗེས་སུ་འབྲངས།།

རང་སེམས་རང་ལ་མི་དབང་ཀྱེ་མ་སྐྱོ།།

   







        ང་ཚོ་ཞོར་ལས་པ།  

                  

                ཧོར་རུ་ཨ་ཇོ།  

               

འབད་འབུངས་ལས་ལ་བརྩོན་ཞིང་།།

དཀའ་ངལ་འཇིགས་སྣང་མེད་པའི།།

གཞིས་ཁྱིམ་དྲོད་མོའི་ཆེད་དུ།།

འབད་མཁན་ཞོར་ལས་པ་རེད།།


འབྲོག་ཐང་ཤུལ་ལ་གཡུགས་ནས།།

རྒྱ་གྲོང་ཁྲ་མོ་འགྲིམ་པའི།།

བུ་ཕྲུག་མདུན་ལམ་ཆེད་དུ།།

བརྩོན་མཁན་ཞོར་ལས་པ་རེད།།


སྒོ་ཕྱུགས་རྒྱབ་ཏུ་བསྐྱུར་ཏེ།།

གྲོང་ནས་ཞོར་ལས་འཚོལ་ཡང་།།

སྤྱི་ཚོགས་གསར་བའི་ཁྲོད་དུ།།

སྔོན་ཐོན་བྲལ་དུ་ཚུད་དགོས།།


ཕ་མས་བུ་ཕྲུག་ཆེད་དུ།།

ཡོད་ཚད་འབྲོག་ལ་བསྐྱུར་ཡོད།།

ཡིན་ཡང་གྲོང་ཁྱེར་འཚོ་བ།།

རྒྱུན་དུ་ལྷུར་བརྩོན་བྱེད་དགོས།།


འབྲོག་པའི་འཚོ་བ་སྐྱིད་པོ།།

འབྲོག་ཟས་རོལ་བཅུད་ཅན་པོ།།

འབྲོག་མི་བསོད་ནམས་ཅན་པོ།།

འབྲོག་པའི་ཡོད་ཚད་དྲན་གི།།


ཕྱུགས་ཟོག་འབྲོག་ན་ཡོད་རེད།།

ཞོར་ལས་གྲོང་ན་ཡོད་རེད།།

ཡོད་ཀྱང་བུ་ཕྲུག་ཆེད་དུ།།

གྲོང་ལ་མི་འགྲིམ་དཀའ་མེད།།


གཅེས་ཕྲུག་སྙིང་གི་ནོར་བུ།།

ཤེས་བྱ་ཡོན་ཏན་སྦྱོང་དང་།།

ཕ་མས་ཞོར་ལས་དགོས་རུང་།།

དཀའ་ངལ་སེམས་ལ་མི་འདུག།


གྲོང་ཁྱེར་འཚོ་བ་དཀའ་རུང་།།

འབད་འབུངས་ལས་ལ་བརྩོན་ན།།

ཞོར་ལས་ཟེར་བ་འདི་ཡང་།།

ཡོང་དགོ་ཅུང་ཙམ་ཡོད་ངེས།།


     ཅེས་པ་འབྲོག་ཕྲུག་བཅོས་མའི་ཞོར་ལས་པ་ཞིག་གིས་སེམས་ཀྱི་དྲན་ཚོར་ཙམ་ཞོར་ལས་བྱེད་སའི་གནས་ནས་བྲིས་པའོ།

         2024/4/9ཉིན།  

   







 མེ་ཏོག་ཆ་གཅིག་ལ་འབུལ་བའི་ཤེས་ཚིག་སེམས་ཀྱི་རི་མོ།

                  

                 འབྲོང་ནག


ཨོཾ་བདེ་ལེགས་སུ་འགྱུར་ཅིག

ལུས་ཁམས་བདེ་ཐང་ངང་ནས་འཚར་ལོངས་བྱུང་བ།།

ངག་གི་འགྱུར་ཁུག་བདེ་ཞིང་མྱུར་བས་བཀྲ་ཤིས།།

ཡིད་སེམས་དྭངས་མོ་ཆུ་བོ་བཞིན་དུ་འཁྱིལ་བ།།

བཀའ་དྲིན་གསུམ་ལྡན་རྩ་བས་བླ་མ་སྐྱོབས་ཤིག།


ཤེས་ཡོན་རིག་པའི་གནས་ལ་འབད་བརྩོན་གྱིས་ཤིག།

ཕ་བཟང་བུ་མོས་རུས་པ་གསེར་གྱིས་རྒྱན་ཡིན།།

བོད་པའི་སྐད་དང་རིག་གཞུང་སློབ་ལ་སྦྱོངས་དགོས།།

མ་བཟང་བུ་མོའི་ཨ་མ་རེ་བ་ཡིན་ནོ།།


ཤེས་རིག་འདབ་ལག་རྒྱས་པས་བཀྲ་ཤིས་སྨོན་དུན།།

རིག་པའི་གཤོག་རྩལ་ངོམ་ནས་སློབ་གླིང་རྒྱུ་བ།།

ཕ་ཡུལ་ལུང་པའི་སྲོལ་བཟང་མ་བརྗེད་གཅེས་ཕྲུག།

མེས་པོའི་རུས་པ་རྐང་ཡིན་མ་དོར་གཤིས་བཟང་།།

        སྤྱི་ལོ་ཟླ་ཚེས་བཟང་པོར་འབའ་དགོན་སློབ་ཆུང་ནས།

   

༡༠




   


དྭངས་ཞིང་གསལ་བའི་མཚན་མོའི་ནོར་བུ།

                  

                 རིག་པའི་ཅོང་བརྡ།

                          

དཔྱིད་ཟླ་བའི་གྲང་ངར་ལྷོད་ཚིགས་ལ་འབབ་སྟེ་

སྡོང་བོ་སོགས་ཀྱི་ལོ་འདབ་རྒྱས་ནས་བྱ་ཁུ་བྱུག་གིས་

གསུང་སྐད་སྒྲོགས་ཏེ་ནགས་ཚལ་སོགས་ཀྱི་ལོ་མ་དག་མགོ་ལྕོག་

ལྡེམ་ལྡེམ་གྱིས་ལང་ཚོ་བཀྲལ་ནས་དཔྱིད་ཀྱི་རྒྱལ་མོ་གྲོང་ལ་འགྲིམ་པའི་དུས་

བདག་ནི་སྔ་ལས་ལྷག་པའི་ཚོར་བ་གསར་པ་ཞིག་གི་ལམ་སྣེ་བཟུང་སྟེ་

ཁྱེད་ཀྱི་གམ་དུ་གོམ་པ་གཅིག་སྤོ་གཉིས་སྤོ་བྱས་ནས་བྲེལ་གྱིས་

མ་འཚུབ་པ་དལ་མོར་ངང་ནས་ཡོང་།   

བཟང་ངན་གྱི་བཞུད་ལམ་མང་པོ་ཞིག་དང་དུ་བླངས་ནས་

དཀའ་སྡུག་གི་འཚོ་བ་ལ་རོལ་མྱོང་བྱས་དུས་

ཁྱེད་ནི་རྒྱང་རིང་རྒྱང་རིང་ཞིག་ནས་འཚེར་བའི་འོད་ཆེན་པོ་ཞིག་སྟེ་

ང་དང་རྒྱང་ཐག་ཡང་ཡུན་ཙམ་རིང་མོད།  

ས་སྲོད་དང་མུན་པའི་ལེ་བར་འཚམས་ན་ཁྱེད་ཀྱི་འོད་མདངས་

ནམ་ཡང་གསལ་ལམ་མེར་དུ་བཞུར་ཀྱིན་ཡོད། 

ངས་བློ་རྩེ་གཅིག་ཏུ་སྒྲིམ་སྟེ་བསམ་གཞིག་ཞིག་བཏང་ཚེ་

ཁྱེད་ནི་ཐོབ་པ་མེད་པའི་འཇའ་ཚོན་གྱི་ཁ་མདོག་ཞིག་དང་མཚུངས་ཏེ་

སྣང་བ་ལས་ཅི་ཡང་མ་མཆིས།     དགོང་མོར་ཞིག

མཚན་ལྗོངས་གི་མཛེས་པ་མངོན་པའི་ནུབ་མོར་དེ་སྐར་ཚོགས་མཁའ་ལམ་རྒྱུ་བ་དང་སྐར་འདབ་རྒྱུགས་པ་སོགས་མཁའ་ཡི་མཛེས་སྡུག་

ཡིད་དུ་འོང་བ་དག་མཐོང་དུས་ངའི་དྲན་པ་ཡི་ཞེན་ཆགས་ཟབ་སའམ་

ཡིད་དུ་འཇགས་པའི་འོད་ཆེན་པོ་ཁྱེད་ནི་ཐོག་མའི་བློ་ཁོག་དྲོན་པོ་དེར་

ཡོད་པའི་ངའི་ཤ་གསེང་རུས་གསེང་དུ་ཞུན་པའི་སེམས་ཀྱི་

ཐིག་ལེ་རྣལ་མ་དེ་ཡིན།   

སྣང་བ་དང་འདྲ་བའི་འོད་ཆེན་པོ་ཁྱེད་ནི་ཅི་འདྲའི་གསལ་ལམ་མེར་ཞིག་སྟེ།  

རི་མཐོན་པོའི་རྩེ་ཡིས་མ་ཆོད་ལ་གངས་དཀར་པོའི་འོད་མདངས་མ་ཆོད།  ཁྱེད་ནི། 

ངའི་སྒེའུ་ཁུང་གི་དྲ་མིག་གསེང་ནས་རྟག་ཏུ་གསལ་ལམ་མེར་

ཤར་གྱིན་ཡོད་ལ་འཛུམ་མུལ་མུལ་གྱིས་ཞལ་རས་དྭངས་མ་དེ་རྟག་ཏུ་

ངས་མིག་ལམ་ནས་འཆར་གྱིན་འདུག །  

རི་ལུང་འགའ་ཡིས་བར་དུ་ཆོད་ཀྱང་ཁྱེད་ནི་དུས་རྟག་ཏུ་

ངའི་སེམས་དབུས་ན་གནས་པའི་འོད་ཀྱི་ཐིག་ལེ་དྭངས་མ་དེ་ཡིན།  

དམ་པའི་ལྷ་ཆོས་ལ་སྐྱབས་སུ་སོང་སྟེ་

རང་ཅག་རྣམས་ཀྱིས་ཡིད་ཆེས་རྩེ་གཅིག་ཏུ་བཞག་པ་ཡང་དག་པའི་

གཞུང་ལུགས་དང་བླ་མ་དཀོན་མཆོག་གསུམ་ལ་དད་པའི་མེ་ཏོག་ཕྲེང་བ་

ལྷ་ལམ་དུ་འཐོར་བའི་ཡིད་ཆེས་ཟབ་མོ་དེ་དག་ངས་ནམ་ཡང་དད་པའི་བཀུར་ཏེ་འུ་གཉིས་རྟག་ཏུ་འབྲལ་བ་མེད་པའི་སྨོན་ལམ་ཡང་

རྩེ་གཅིག་ཏུ་བཏབ་མྱོང་ལ་འདུན་པ་ཡང་དུས་རྟག་ཏུ་འབོར་མྱོང་མེད།  སེམས་ཀྱི་དཀྱིལ་ན་བཞད་པའི་འོད་ཆེན་པོ།

           ངའི་དྲན་པ་ཡི་བདག་པོ་ལགས། ། 


                         2021/7/3 ཉིན་བྲིས།

   

༡༡




   


 སྤྲིན་ནག་འཁྲུག་པ།

                  

                ཁ་བའི་རྨི་ལམ།


ཁ་བ་བབ་པའི་ཞོགས་པར་འདི

ང་རང་སྒ་བདེ་ཐང་ལ་ཡོད

ཕ་མ་དག་གིས་འཚོ་བ་རོལ་མྱོང་པའི་སྒ་བདེ་ཐང

སྒ་བདེ་ཐང་ལ་ངའི་སྐྱིད་སྡུག་མང་པོ་ཞིག་ས་ལ་ཕབ་ཡོད

ཕ་མ་བྲལ་བའི་སྡུག་བསྔལ

བཟའ་ཚང་གྱེས་པའི་མིག་ཆུ

བུ་རྒྱུད་ཤུལ་ལ་ལྷག་པའི་སེམས་སྡུག

སྒ་བདེ་ཐང་ནས་མི་མང་པོ་ཞིག་དང་ཁ་བརྡ་ཆད་སོང

བརྩེ་དུང་ཡིན་ན་དེ་འདྲ་རེད

ཕ་མ་སྤུན་མཆེད་ཡིན་ན་དེ་འདྲ་རེད

འདང་ཆེན་པ་ནས་ཆུང་ངུ་འགྱུར

ཆུང་ངུ་ནས་མེད་པར་འགྱུར

རྒྱུས་ཡོད་པ་ནས་མེད་པ་གྱུར


ཁ་བ་བབ་པའི་དེ་རིང་སྔ་དྲོ་ལ

ནམ་རྒྱུན་བཞིན་སྐོར་ར་ལ་ཕྱིན

ལྷ་བླ་མ་མིན་སྐྱབས་ས་གཞན་མི་འདུག

ད་ནི་དུས་ཚོད་ཡོད་ཚད་དཔེ་ཀློག་ལ་འཐིམ་ན་བསམ

ད་ནི་མི་ཚེ་ལྷག་མ་དེ་གསར་རྩོམ་ལ་འཇུག་ན་བསམ

ང་རང་འགྱུར་སོང་བ་དེ་དངོས་གནས་བདེན་པ་རེད

ལས་ངན་དྭ་ཕྲུག་ཅིག་དར་ཞིང་རྒྱས་ན་

ཁྱེད་ཅག་ཅི་ཕྱིར་གཉིད་མི་ཟིན


ལས་ངན་དྭ་ཕྲུག་ང་རང་སྒ་བདེ་ཐང་ལ་ཡོད

སྐྱིད་སྡུག་ཅི་འདྲ་མང་པོ་བྱུང་རུང

སེམས་ཤུགས་ཆག་མ་མྱོང་པའི་མི་དེ

སྐྱེ་རབས་འདི་སེམས་ནས་མི་བརྗེད་

མི་དེ་སྙན་ངག་བཞིན་དྭངས་ཤིང་གཙང

མི་དེ་འོ་མ་བཞིན་དཀར་ཞིང་མཛེས

   

༡༢





 ཚེ་ཡི་ནོམ་པ་སྐྱེལ་བའི་འཚོ་བ།

                  

                མགར་སྨྱུག་རྩེ།  

           

ཚེ་ཡི་ནོམ་པ་སྐྱེལ་བའི་འཚོ་བ་ལགས།།

སྣང་བས་སྒུལ་བའི་ཐོད་པའི་སྐྲ་ལོ་དང་།།

་སྐྱོ་སྣང་གཙེས་པའི་སེམས་ཀྱི་ངལ་དུབ་སོཊ།།

མཁའ་ལ་བཅོལ་བའི་གསོན་པའི་ང་འཛིན་དེར།།

ཚེ་ཡི་སྐྱེས་སུ་བཏབ་ན་ཨེ་ཆོག་ལགས།། 


ཚེ་ཡི་ནོམ་པ་སྐྱེལ་བའི་འཚོ་བ་ལགས།།

རང་ལུས་གཙང་བོའི་འཁྲུད་པའི་ཚོར་བ་དང།།

སྤྲོ་བས་བརྟས་པའི་སེམས་ཀྱི་དྲན་ཤེས་དེར།།

ཐོབ་ཀྱང་ཤོར་ལ་ཉེ་བའི་སྐྱོ་གར་སོགས།།

ཚེ་ཡི་དྲན་ཤིང་བཏབ་ན་ཨེ་ཆོག་ལགས།། 


ཚེ་ཡི་ནོམ་པ་སྐྱེལ་བའི་འཚོ་བ་ལགས།།

གཡོ་མེད་ཀྱི་སྐྱིད་སྡུག་ཁངས་ཆར་ཁྲོད།།

ལོ་ཟླའི་བསྙལ་བའི་སེམས་ཀྱི་མངའ་ཐང་དེར།།

འདི་ཕྱིའི་ནོམ་ལ་ཆགས་པའི་དམར་པོ་སྙིང་།། 

ཚེ་ཡི་སྐྱེས་སུ་བཏབ་ན་ཨེ་ཆོག་ལགས།། 


ཚེ་ཡི་ནོམ་པ་སྐྱེལ་བའི་འཚོ་བ་ལགས།།

ཕོ་ཉ་བཞིན་དུ་སེམས་ཀྱི་རྨི་ལམ་ལས།།

གཉིད་དུ་ཡུར་བའི་ན་ཚོད་བཞུད་པ་དང་།།

བཟུང་ཡང་འཛིན་དུ་བྲ་བའི་རྒྱུ་སྐར་ཚོགས།། 

ཚེ་ཡི་སྨྲེང་བ་བཏབ་ན་ཨེ་ཆོག་ལགས།།

                       ༢༠༢༤.༤.༡༠ཉིན།  གཟའ་ལྷག་པར།

༼མྱུ་གུའི་སྟོབས༽ཚང་གི་སྙན་ངག་སྤེལ་ཐེངས་ལེའུ།

ཆུ་དམར•མྱུ་གུ་སྟོབས་ཚང་གི་སྙན་ངག་སྤེལ་ཐེངས། ༼ ༡ ༽

ཆུ་དམར•མྱུ་གུའི་སྟོབས་ཚང་གི་སྙན་ངག་སྤེལ་ཐེངས། ༼ ༢ ༽

ཆུ་དམར•མྱུ་གུའི་སྟོབས་ཚང་གི་སྙན་ངག་སྤེལ་ཐེངས། ༼ ༣ ༽

ཆུ་དམར•མྱུ་གུའི་སྟོབས་ཚང་གི་སྙན་ངག་སྤེལ་ཐེངས། ༼ ༤ ༽

ཆུ་དམར•མྱུ་གུའི་སྟོབས་ཚང་གི་སྙན་ངག་སྤེལ་ཐེངས། ༼ ༥ ༽

ཆུ་དམར•མྱུ་གུའི་སྟོབས་ཚང་གི་སྙན་ངག་སྤེལ་ཐེངས། ༼ ༦ ༽

ཆུ་དམར•མྱུ་གུའི་སྟོབས་ཚང་གི་སྙན་ངག་སྤེལ་ཐེངས། ༼ ༧ ༽

ཆུ་དམར•མྱུ་གུའི་སྟོབས་ཚང་གི་སྙན་ངག་སྤེལ་ཐེངས།༼ ༨ ༽

ཆུ་དམར•མྱུ་གུའི་སྟོབས་ཚང་གི་སྙན་ངག་སྤེལ་ཐེངས།༼ ༩ ༽

ཆུ་དམར•མྱུ་གུའི་སྟོབས་ཚང་གི་སྙན་ངག་སྤེལ་ཐེངས།༼ ༡༠ ༽

ཆུ་དམར•མྱུ་གུའི་སྟོབས་ཚང་གི་སྙན་ངག་སྤེལ་ཐེངས།༼ ༡༡ ༽

ཆུ་དམར•མྱུ་གུའི་སྟོབས་ཚང་གི་སྙན་ངག་སྤེལ་ཐེངས།༼ ༡༢ ༽

ཆུ་དམར•མྱུ་གུའི་སྟོབསཚང་གི་སྙན་ངག་སྤེལ་ཐེངས། ༼༡༣༽

ཆུ་དམར•མྱུ་གུའི་སྟོབས་ཚང་གི་སྙན་ངག་སྤེལ་ཐེངས། ༼༡༤༽

ཆུ་དམར•མྱུ་གུའི་སྟོབས་ཚང་གི་སྙན་ངག་སྤེལ་ཐེངས། ༼༡༥༽

ཆུ་དམར•མྱུ་གུའི་སྟོབས་ཚང་གི་སྙན་ངག་སྤེལ་ཐེངས། ༼ ༡༦ ༽

ཆུ་དམར•མྱུ་གུའི་སྟོབས་ཚང་གི་སྙན་ངག་སྤེལ་ཐེངས། ༼ ༡༧ ༽

ཆུ་དམར•མྱུ་གུའི་སྟོབས་ཚང་གི་སྙན་ངག་སྤེལ་ཐེངས། ༼༡༨༽

ཆུ་དམར•མྱུ་གུའི་སྟོབས་ཚང་གི་སྙན་ངག་སྤེལ་ཐེངས། ༼༡༩༽

ཆུ་དམར•མྱུ་གུའི་སྟོབས་ཚང་གི་སྙན་ངག་སྤེལ་ཐེངས། ༼ ༢༠ ༽

ཆུ་དམར•མྱུ་གུའི་སྟོབས་ཚང་གི་སྙན་ངག་སྤེལ་ཐེངས། ༼ ༢༡ ༽


                          

小说 ▏散文 ▏诗歌 ▏文学翻译 文学评论

 སྙན་ངག •ལོ་རྒྱུས། •ཆོས་ལུགས། •དཔྱད་རྩོམ། •བསྒྱུར་རྩོམ། •སློབ་གསོ། •གླུ་གཞས།


 

 


      ཆུ་དམར་རྩོམ་རིག་འཕྲིན་སྟེགས།

   

སྤྱི་ཁྱབ་ལྟ་སྐུལ་བ།  ཆུ་དམར་རྩོམ་རིག་རྩོམ་སྒྲིག་ཁང་། 
རྩོམ་སྒྲིག་འགན་ཁུར་པ། མགར་སྨྱུག་རྩེ། 
ལག་བསྟར་རྩོམ་སྒྲིག་པ། མགར་སྨྱུག་རྩེ།
རྩོམ་སྟེགས།  QUMALAIWENXUE 

ཡིག་སྒམ།  1659774550@qq.com 






扫码关注

能看到很多生活乐趣




                

  ▼   གླུ་གཞས་འོས་སྦྱོར།              
点赞+转发

 ▼ 点击下面语音,播放歌





འཕྲིན་སྟེགས་སུ་མི་སྒེར་རམ་ཚོགས་པ་གང་གི་ཁེ་དབང་ལ་གནོད་པའི་ནང་དོན་ཡོད་ཚེ་མྱུར་དུ་ང་ཚོར་འབྲེལ་གཏུག་བྱོས་དང་དྲ་ངོས་ནས་བསུབ་ངེས་ཡིན།

དེ་ནང་བཞིན་སྐུ་ཉིད་ཀྱི་སྙན་རྩོམ་དང་གླུ་གཞས་གསར་པ། པར་རིས་དང་རྩོམ་རིག་བརྩམས་ཆོས་སྤེལ་འདོད་ཚེ་རྩ་བའི་ཆ་རྐྱེན་ཆབ་སྲིད་དང་མི་འགལ་བའི་ཐོག་འོག་གི་འབྲེལ་ལམ་རྒྱུད་དེ་འབྲེལ་བ་བྱོས་དང་ཁྱེད་ཀྱི་འདོད་བློ་ལྟར་གང་ཐུབ་བྱ་ངེས། 

曲麻莱文学网
འཕྲིན་སྟེགས་འདི་རུ་་འབོལ་རྩོམ།སྙན་ངག ལྷུག་རྩོམ་སོགས་འགོད་ཀྱིན་ཡོད།此官网是曲麻莱青年作家的一个写作平台,发布汉藏双语论文,散文,诗歌等。
 最新文章