ལྟ་ལོག་པའི་ལུང་བསྟན། དུག་ཆུ་ཁོལ་མ།

文摘   文化   2023-12-26 18:45   青海  
    ཆུ་དམར་རྩོམ་རིག             


                       ཆུ་དམར་རྩོམ་རིག་སྤྱི་སྟེགས་སུ་ཕེབས་པར་ལེགས།

  


         





           ལྟ་ལོག་པའི་ལུང་བསྟན། 

                           དུག་ཆུ་ཁོལ་མ།    

      ངས་མི་ལོ་ཉེར་ལྔའི་རྗེས་ཀྱི་རང་ཉིད་མཐོང་སོང་། མི་ལོ་ཉེར་ལྔའི་རྗེས་ཀྱི་ང་རང་རྒས་གཉེར་ཐོད་ལ་བབས་ནས་ཕ་ཡུལ་གྱི་སྲང་ནས་འགྲོ་བཞིན་འདུག  ངས་སྔར་ལྟར། མོ་གཞོན་དག་གི་བརླ་ཤ་དང་ནུ་མར་རོལ་མྱོང་བྱས་ན་ཡང་། སྔོན་ཆད་ཀྱི་འདོད་ཧམ་གྱི་འཕེལ་ཤེད་དེ་ད་ལྟ་གཞི་ནས་ཉམས་ཚར་འདུག དེའི་དུས་སུ། ཕ་ཡུལ་གྱི་བོད་མི་དག་འགྱུར་ལྡོག་ཧ་ཅང་ཆེ། ཁོ་ཚོའི་མིག རྣ། སྣ། ལྕེ། ལུས། སེམས་སོགས་འགྱུར་ལྡོག་ཧ་ཅང་ཆེ། དེ་ནི་རབ་རིབ་དང་མག་མོག་གི་ངང་ཚུལ་ཞིག་རེད། དེ་ནི་དཀར་པོ་དང་ནག་པོའི་སྣང་ཚུལ་ཞིག་རེད། དེའི་དུས་ངས་ཕ་ཡུལ་གྱི་དུར་ཁྲོད་ལྷག་ཏུ་དྲན་ཡོང་ཞིང་། དེའི་དུས་ངས་སྙིང་ཉེ་བའི་མི་དང་སྲོག་ཆགས་དེ་དག་དྲན། 

       དེའི་དུས། བོད་ཀྱི་བྱིས་པ་དག་གི་ཁ་ནས་བོད་སྐད་ཤོད་མི་ཐུབ་ཅིང་ལག་ནས་བོད་ཡིག་བྲི་མི་ཤེས། ཐ་ན་ཁོ་ཚོའི་རུས་ཀྱི་མིང་དེའང་ཀྲའོ་དང་ལིས་ཅན་གྱི་རྒྱའི་རུས་མིང་རེ་བཏགས་འདུག་པ་མ་ཟད།

       དེའི་དུས་སུ། བཀྲ་ཤིས་དང་སྒྲོལ་མ། ཉི་མ་དང་ལྷ་མོ་ཞེས་པའི་བཏགས་མིང་འདི་དག་ཀྱང་གཏམ་རྒྱུད་དང་གླུ་ཚིག་ཙམ་དུ་ཟད། 

མི་ལོ་ཉེར་ལྔའི་རྗེས་ཀྱི་ངའི་སྐད་ཡིག བྲག་ཁུང་ནང་དུ། གད་སྙིགས་ཁྲོད་དུ། དར་ལྕོག་གསེང་དུ་ཁ་ཁུ་སིམ་མེར་རང་ཤི་བརྒྱབ་འདུག 

མི་ལོ་ཉེར་ལྔའི་རྗེས་ཀྱི་བོད་ཁུལ་གྱི་ས་ཆ་སོ་སོར་དང་སློབ་གྲྭ་སོ་སོར་བོད་ཡིག་དང་བོད་ཡིག་གི་དགེ་རྒན་ཟེར་བ་ནི་མིང་གི་ལྷག་མ་ཙམ་ལས། ཤ་དང་ཁྲག དབུགས་དང་སྲོག་སོགས་སྔ་ས་ཞིག་ནས་ཤི་ཚར་འདུག བོད་ཡིག་ཟེར་བ་དེ། བོད་ལྭ་ཟེར་བ་དེ།  བོད་སྐད་ཟེར་བ་དེ། བོད་སྲོལ་ཟེར་བ་དེ། བོད་གླུ་ཟེར་བ་དེ། བོད་བྲོ་ཟེར་བ་དེ། བོད་ཟས་ཟེར་བ་དེ་དག་ཡོད་ཚད་ཆེད་དམིགས་ཀྱི་དུས་ཆེན་(སྤྲོ་ཚོགས) རེ་རེ་ལ་ད་གཟོད་རྣམ་ཤེས་མེད་པའི་བེམ་རོའི་ཚུལ་དུ་རོ་ལངས་བརྒྱག་པར་བྱེད། དེའི་དུས་ལང་ཚོའི་རྦབ་ཆུ་གྱེར་འདོན་བྱེད་མཁན་རེ་གཉིས་ཡོད་ཀྱང་སྲིད་མོད། རང་གྲོལ་ཟེར་ན་པིར་མིང་འདི་ཤེས་མཁན་ནི་ན་སོ་ལྔ་ཅུ་དྲུག་ཅུ་ཟིན་པའི་རྩོམ་པ་པོ་བགྲེས་སོང་རེ་གཉིས་ཙམ་དུ་ཟད། 

བདུད་བྷེ་དང་དགེ་ཆོས་ཟེར་བ་དག་ཀྱང་དེ་དང་དེ་བཞིན་རེད། 

      དེའི་དུས། ངས། མ་ཏིང་ལུའུ་ཏེ་ཅིན་ལྟ་བུའི། དབྱིན་ཇིའི་པེ་རོན་ལྟ་བུ། རྒྱ་གར་གྱི་གན་དྷའི་ལྟ་བུའི་འཐབ་རྩོད་པའམ་སྙན་ངག་པ། སྣེ་ཁྲིད་པའམ་བརྩོན་ལེན་པ་དག་དྲན་འོངས། མི་ལོ་ཉེར་ལྔའི་རྗེས་ནས་ངས་སྔོན་ཆད་བྲིས་ཟིན་པའི་ཁ་བྱང་ལ་《ཕ་ཡུལ།》དུ་བཏགས་པའི་རང་གི་སྙན་ངག་དག་ཐེངས་གཅིག་ལ་ཀློག་སྲིད་ཅིང་། རང་ཉིད་ནི་ཀློག་པ་པོ་མེད་པའི་རྩོམ་པ་པོ་ཞིག་སྟེ་ན་ཟུག་དང་སྡུག་ཡུས་མཐའ་དག་ལ་སྙན་ངག་གིས་བཟོ་བཅོས་བརྒྱབ་རྒྱུར་གོམས་པའི་མི་ཞིག་ཡིན་པ་གཞི་ནས་ཚོར།  ཡང་ན། མི་ལོ་ཉེར་ལྔའི་རྗེས་ནས་ང་རང་ཤི་ཚར།  ཡིན་ན་ཡང་། ངས། དངོས་གནས་མི་ལོ་ཉེར་ལྔའི་རྗེས་ཀྱི་རང་ཉིད་མཐོང་སོང་། 

      མི་ལོ་ཉེར་ལྔའི་རྗེས་ཀྱི་ང་རང་རྫ་སྟོད་ཀྱི་ཁྲོམ་གཟིགས་སྒང༌ནས་འགྲོ་ཡི་འདུག སྙིང་ལ་ཉེ་ཉེ་འདྲ་བའི་ངའི་ཡུལ་མི་སྤུན་ཟླ། གྲོགས་པོ་གྲོགས་པོ་དག་ནི་ཅ་ལག་གོང་རྩའི་ཁྲོམ་ར་རུ་མགོ་བོ་འཁོར་ནས་འདུག་ཅིང་། རྫ་སྟོད་ཀྱི་མི་ཚོགས་ཁྲོད་ན་ངའི་རྒྱབ་གཟུགས་རྨས་མ་དེའང་སེམས་ཕམ་པའི་ངང་ནས་ངུ་བཞིན་འདུག དེའི་རྗེས་སུ། ངས་བས་མཐའི་རྨོ་མོ་ཞིག་གིས“ཡུལ་འདིའི་བོད་སྐད་བཤད་ཤེས་པའི་རྒ་རྒས་ཐམས་ཅད་ཤི་ཚར་སོང་། ད་ང་ལ་བོད་སྐད་བཤད་རོགས་བྱེད་མཁན་གཅིག་ཀྱང་མི་འདུག”ཅེས་སེམས་ཕམ་པའི་སྡུག་སྐད་ཙེ་རེ་འདོན་བཞིན་པའི་རྣམ་པ་དེ་དྲན་ནས་འོངས། མི་ལོ་ཉེར་ལྔའི་རྗེས་ནས་ང་རང་ཆེས་དགའ་སའི་བུ་མོ་དེ་ཡང་བུའམ་བུ་མོ་གང་རུང་ཞིག་གི་ཨ་མར་གྱུར་ཚར་ལ། མོས་ཕྲུག་གུའི་དོན་ལ་སེམས་ཁྲལ་དང་དཀའ་ངལ་མང་མོ་མྱངས་བཞིན་འདུག་ལ། མི་ལོ་ཉེར་ལྔའི་རྗེས་ནས་མོ་སྲིད་གཞུང་གི་ལས་བྱེད་མའི་ཚུགས་ཀ་ཅན་གྱི་བུད་མེད་ཅིག་ཡིན་པས་ང་རང་སེམས་གཏིང་ནས་མོ་ལ་ཞེན་པ་ལོག་གིན་འདུག  སྤུན་ཟླ། མི་ལོ་ཉེར་ལྔའི་རྗེས་ནས་ང་རང་ཤི་ཚར། འོན་ཏེ།ངས་དངོས་ནས་མི་ལོ་ཉེར་ལྔའི་རྗེས་ཀྱི་རང་ཉིད་མཐོང་སོང་། མི་ལོ་ཉེར་ལྔའི་རྗེས་ཀྱི་ང་རང་ལྷ་སའི་ཁྲོམ་གཟིགས་སྒང་ནས༌ནས་འགྲོ་བཞིན་འདུག དེའི་དུས་ལྷ་སའི་བར་སྐོར་ལམ་ན་མདོ་དབུས་ཁམས་ཀྱི་སྤུན་ཟླ་དག་སྔར་བཞིན་འཚང་ཀ་ཤིག་ཤིག་གིས་འགྲོ་འོང་རྒོད་ཀྱང་། ཁོ་ཚོའི་ཞྭ་ལུགས་གོས་སྟབས། ཁ་གཤིས་ཚིག་འཆོས་དག་ཀྱང་རྦད་དེ་རྩ་བ་ནས་འགྱུར་འདུག 

      དེའི་དུས། ངས། ཧ་ཅང་རྣ་བར་སྙན་པའི་ལྷ་སའི་བུ་མོ་དག་གི་ཁ་ཡི“ཞོགས་པ་བདེ་ལེགས།”དེའང་ཐོས་མི་ཐུབ་ཅིང། སྙིང་ཉེ་བའི་ལྷ་སའི་གཉེན་ཉེ་དེ་དག་ཀྱང་མཐོང་མི་ཐུབ། ཁོ་ཚོས་ཕལ་ཆེར་སྔ་ས་ནས་རང་རང་ལ་དབང་བའི་ཕྲེང་བའམ་ལག་སྐོར་སོགས་བསྡུ་གསོག་བརྒྱབ་རྗེས་གྲལ་བསྒྲིགས་ནས་མུན་ནག་གི་སྦུབས་སམ་ངེས་མེད་ཀྱི་གནས་ག་ཤེད་གཅིག་ལ་བཤར་ཚར་ནའང་ཐང་། དེ་ལྟ་དེ་ལྟར་སེམས་མི་སྐྱིད་པའི་གླགས་དེར་མ་སྐྱེས་ཨ་མའི་སྒོ་ཟུར་ནས་མིག་ཤེལ་དཀར་པོ་བསྐྱོན་པའི་རྒྱ་མི་ཞིག་གིས་ངའི་ཕྱོགས་སུ་ལག་པ་ཕྱིར་བསྲིངས་འོང་ནས།“པོ་ཏ་ལའི་བཀལ་རིས་གོང་རྩ་བྱས་ཏེ་བཙོང་ཆོག”ཟེར། ཁོའི་ལག་བ་ཟུང་ཡང་ཧ་ཅང་རིང་སྣང་ཤར་ལ། དུག་སྦྲུལ་འཁྱུགས་པ་ལྟ་བུའི་སྟངས་སྟབས་ཤིག་ཀྱང་གདའ་སྣང་ཤར། དུས་དེར་ངའི་བྱང་ཁོག་གི་སྟོད་སྨད་གང་རུང་ན་ཚ་འཕྲུག་ཅིག་དབང་མེད་རྒྱུགས་བྱུང་ན་ཡང་། ངས“པོ་ཏ་ལའི་བཀལ་རིས་གོང་རྩ་བྱས་ནས་བཙོང་ཆོག་ནའང་། མི་རིགས་ཀྱི་བླ་སྙིང་གོང་རྩ་བྱས་ཏེ་བཙོང་ཐུབ་པ་ཞིག་མ་ཡིན་ནོ།”ཞེས་ཨུ་ཚུགས་ཀྱིས་མོལ་རྗེས་གོམ་པ་རེ་རེ་བྲེལ་འཚུབ་མེད་པར་དལ་བ་དལ་བུར་སྐྱིད་ཆུར་གཏད་དེ་སོང་། སྔོ་ཡུག་ཡུག་ངང་འབབ་པའི་སྐྱིད་ཆུའི་འགྲམ་དུ་ལངས་ནས་མིང་ལ་“ཁ་བ་སྙིང་ལྕགས།”ཞེས་པའི་ཁེར་རྐྱང་གི་གདུང་བ་ཤིན་ཏུ་ཟབ་པའི་སྙན་ངག་པ་ཞིག་དྲན།《ང་ཤི་སོང་ན།》ཞེས་པའི་ཁོའི་ལྷུག་རྩོམ་དེའང་ངག་གཉོམ་པོས་གྱེར་འདོན་ཐེངས་གཅིག་བྱས། དེ་ཡི་རྗེས་སུ་ངས་དམངས་གཙོ་དང་བདེན་པ་ཡི་བླ་སྲོག་གིས་སྟོངས་བའི་གསར་འགྱུར་གྱི་ཤོག་ལྷེ་དེ་དག་དུམ་བུ་མང་བོར་བགོས་ནས་རླུང་རྟ་བཞིན་སྐྱ་ཐར་རེར་གཏོར་རྗེས། ཁ་ཕྱོགས་དང་ངེས་གཏན་མེད་པར། རྒྱུ་མཚན་དང་དམིགས་ཡུལ་མེད་པར་འཕྲེད་ལམ་ཀྱག་ཀྱོག་ཞིག་བརྒྱུད་དེ་འབུད་འགྲོ། ངས་སླར་ཡང་བས་མཐའི་རྨོ་མོ་ཞིག་གིས“ཡུལ་འདིའི་བོད་སྐད་བཤད་ཤེས་པའི་རྒ་རྒས་ཐམས་ཅད་ཤི་ཚར་སོང་། ད་ང་ལ་བོད་སྐད་བཤད་རོགས་བྱེད་མཁན་གཅིག་ཀྱང་མི་འདུག”ཅེས་སེམས་ཕམ་པའི་སྡུག་སྐད་ཙེ་རེ་འདོན་བཞིན་པའི་རྣམ་པ་དེ་དྲན་ནས་འོངས།


                                                                     2023-12-20


དུག་ཆུ་ཁོལ་མ། 


      དངོས་མིང་ལ་གྲགས་རྒྱལ། གྲགས་པ། འ་ང་སོགས་འབོད།  སྨྱུག་མིང་ལ་དུག་ཆུ་ཁོལ་མ།  སྤྱང་ནག གཤོག་པ་ནག་པོ་གང་རུང་འབོད། ཁམས་ཡུལ་ཤུལ་རྫ་སྟོད་རྫོང་གི་མི་ཡིན། ཉི་ཤུའི་རྗེས་ཀྱི་རྩོམ་འབྲི་བ་ཞིག་ཡིན། དེ་སྔོན་སྙན་ངག ལྷུག་རྩོམ་སྙན་ངག ལྷུག་རྩོམ། བརྩམས་སྒྲུང་། འབོལ་རྩོམ་སོགས་ཡིན་པར་རློམ་པའི་རྩོམ་ཡིག་བརྒྱ་ཚོ་དུ་མ་བྲིས་ཡོད། དེ་ལས་གཞན་ཁྱོད་ཚོས་ང་ལ་“སྨྱོན་པ།”ཞེས་བོས་ནའང་སྐྱོན་དུ་མི་ཆེའོ།།


小说 ▏散文 ▏诗歌 ▏文学翻译 文学评论

 སྙན་ངག •ལོ་རྒྱུས། •ཆོས་ལུགས། •དཔྱད་རྩོམ། •བསྒྱུར་རྩོམ། •སློབ་གསོ། •གླུ་གཞས།



 

 


      ཆུ་དམར་རྩོམ་རིག་འཕྲིན་སྟེགས།

   

སྤྱི་ཁྱབ་ལྟ་སྐུལ་བ།  ཆུ་དམར་རྩོམ་རིགརྩོམ་སྒྲིག་ཁང་། 
རྩོམ་སྒྲིག་འགན་ཁུར་པ། མགར་སྨྱུག་རྩེ། 
ལག་བསྟར་རྩོམ་སྒྲིག་པ། མགར་སྨྱུག་རྩེ།
རྩོམ་སྟེགས།  QUMALAIWENXUE 

ཡིག་སྒམ།  1659774550@qq.com 






扫码关注

能看到很多生活乐趣




                

  ▼   གླུ་གཞས་འོས་སྦྱོར།              
点赞+转发

 ▼ 点击下面语音,播放歌













འཕྲིན་སྟེགས་སུ་མི་སྒེར་རམ་ཚོགས་པ་གང་གི་ཁེ་དབང་ལ་གནོད་པའི་ནང་དོན་ཡོད་ཚེ་མྱུར་དུ་ང་ཚོར་འབྲེལ་གཏུག་བྱོས་དང་དྲ་ངོས་ནས་བསུབ་ངེས་ཡིན།

དེ་ནང་བཞིན་སྐུ་ཉིད་ཀྱི་སྙན་རྩོམ་དང་གླུ་གཞས་གསར་པ། པར་རིས་དང་རྩོམ་རིག་བརྩམས་ཆོས་སྤེལ་འདོད་ཚེ་རྩ་བའི་ཆ་རྐྱེན་ཆབ་སྲིད་དང་མི་འགལ་བའི་ཐོག་འོག་གི་འབྲེལ་ལམ་རྒྱུད་དེ་འབྲེལ་བ་བྱོས་དང་ཁྱེད་ཀྱི་འདོད་བློ་ལྟར་གང་ཐུབ་བྱ་ངེས། 

曲麻莱文学网
འཕྲིན་སྟེགས་འདི་རུ་་འབོལ་རྩོམ།སྙན་ངག ལྷུག་རྩོམ་སོགས་འགོད་ཀྱིན་ཡོད།此官网是曲麻莱青年作家的一个写作平台,发布汉藏双语论文,散文,诗歌等。
 最新文章