ཆུ་དམར་རྩོམ་རིག་སྤྱི་སྟེགས་སུ་ཕེབས་པར་ལེགས།
༡
བདག་གིས་ཨ་མྱེ་འདས་པོ་དང་རྟ་ཕོ་རྐྱང་ཁོ་དྲན་པ།
འབྲོག་ནག་བརྩོན་འགྲུས། ཆུ་དམར།
རང་ཕྱོགས་སུ་བསླེབས་དུས
ལམ་གཉིས་ཀྱི་སྣེ་ནས་གྱེས་ཀྱང
དུར་ཁྲོད་གྱོན་པའི་ལམ་ཕྲན
གཏམ་བརྒྱུད་འཁྲིད་པའི་རྨི་ལམ
གྱང་ངོས་སུ་གཡས་སུ་འཁོར
གྱང་ངོས་སུ་གཡོན་དུ་འཁོར
དྲན་པ་རེ་རེ
འཛོམས་པ་རེ་རེ
ཡར་འབྲོག་གཡུ་མཚོ་ཡི་ཁོག་གི་གཙང་བོ
བར་སྐོར་ལམ་གྱི་གད་པ
གངས་ཏི་སེའི་མདུན་དུ་མཆོད་རྟེན་དཀར་པོ་དེའི
མདུན་ཐད་དུ་འཛོམས་ན་ཨེ་ཆོག
འདས་པོ་གཉིས
ཤར་ནས་ལྷོ་རུ་རྒྱུ་བའི
བདག་གིས་རྟ་ཕོ་རྐྱང་ཁོ་དྲན
ལེན་གཅིག་བག་ཆགས་ཤིག་གིས
འབྲོང་ནག་བརྩོན་འགྲུས་རྒྱ་མཚོ་ཡི་རྣ་ལམ་ནས
འཚེར་སྐད་ལན་གསུམ་བྱོས
ལྷོ་ཁའི་འཕྱོངས་རྒྱས་བརྒྱུད་ན་ཡོད་པའི་སྡེ་དགེ
སྡེ་དགེ་རྟ་ཚོང་ཁྱུ་གཅིག་ལ
མཛེས་པ་ལས་མཛེས་པར་ཞིག་མངོན་ཐུབ་པའི་རྟ་ཕོ་རྐྱང་ཁོ་ཞིག་ཡོད
ཨ་མྱེ་འདས་པོ་དེ་མི་འགྱངས་པར་གནས་དེར་སོང་ན
རྟ་ཕོ་རྐྱང་ཁོ་ལགས་ལ་ཁྲི་གསུམ་བྱིན་ནས་ཉོས
སྤྱི་ཚོགས་རྙིང་བའི་སྐབས་སུ
སྒོར་ཁྲི་གསུམ་ནི
གོང་ཚོད་མཐོན་པོ་ཞིག་འཇོག་གིན་ཡོད་པར
གསལ་བོ་གསལ་ཀྱང་རེད་བཞག
འོན་ཀྱང
ང་ནི་མཉོམ་ལག་མ་རྒྱས་པའི་དབང་གིས
གསལ་བོ་ཞིག་ཡིད་ལ་འཆར་མ་ཐུབ
སྡེ་བ་དང་སྡེ་བའི་ཁ
རྒན་པ་དང་རྒན་པོའི་ཁ་ནས
བཤད་པར་ལྟར་བྲིས་བཞག
བྲིས་པར་ཙམ་ཡང་སླར་ཡང་མིག་མཐའ
མཆི་མ་ཞིག་གིས་བརླན་སོང
རྨི་ལམ་དུ་སྨ་ར་དཀར་པོ་ཡིན་པའི
ཨ་མྱེ་འདས་པོ་དེ་མཐོང
རྨི་ལམ་དུ་གོམ་ལག་བདེ་བར་གྱུར་བའི
རྟ་ཕོ་རྐྱང་ཁོ་མཐོང
ཞེན་ཆགས་ཀྱི་རྣམ་པ་ཤེས་པ་དེ
ལོ་རབས་དུ་མ་ཞིག་བསྒལ་ཡོང
ངས་ད་རུང་འདས་པོ་གཉིས་དྲན་གྱིན་འདུག
ཨ་མྱེ་འདས་པོ་ཞིག
ང་མཉོམ་ལག་མ་རྒྱས་པའི་ཡར་སྔོན་དུ
དྲི་མ་མེད་པའི་པང་གཅལ་ཞིག་ཏུ
སྙིང་རྗེ་བོ་ཞིག་གི་ངང་དུ་ཉལ་མྱོང
དེ་ནི་བྲང་རུས་བཀོག་བཞག་ན་ཡང
བརྗེད་པར་མི་སྲིད་པའི་གནས་སུ་བསླེབས་འདུག
ཨ་མྱེ་འདས་པོ་དེ
དུས་རབས་འདི་ནས་ཁ་བྲལ་སོང་ཕྱིར
ང་ནི་ཏག་ཏག་དྲན་པ་ཞིག་སྐྱེས་གི་འདུག
ཡང་ན་དྲན་ཤེས་སུ་བསྙལ་བའི་ཉིན་ཐོ་རྔུལ་ནག་མ་ཞིག
རྨི་ལམ་ཡང་མ་འཁོར་བའི་གོང་དུ
འདས་པོ་གསལ་ལ་མི་གསལ་བ་ཞིག
རྒྱབ་གཟུགས་གཉོམ་ལྷང་ངེར་རྨིས་གྱིན་ཡོད
ལམ་ལ་ཆས་པའི་དུས་ཚོད
གཅིག་པུར་འགྲོ་བའི་དུས་ཚོད
རྣམ་པར་ཤེས་པའི་དུས་ཚོད
ད་གཟོད་སྔ་བའི
ཨ་མྱེའི་ངོ་མདངས་གསལ་ལ་མི་གསལ་ཞིག་མཐོང་གིན་ཡོད
ད་རུང་གསལ་བོ་ཞིག་མཐོང་མ་ཐུབ
ང་ཆུང་དུས་སུ་འདས་སོང་དབང་གིས
དྲན་པ་གསལ་ལ་མི་གསལ་ཞིག་མ་གཏོགས་
ཤེས་ཀྱིན་མི་འདུག
བདེ་བར་བཞུད་ཅིག
བདག་གིས་རྟ་ཕོ་རྐྱང་ཁོ་དང་ཨ་མྱེ་འདས་པོ་གཉིས
རླུང་འཇམ་པོའི་ངང
ང་གཏན་དུ་འདས་པོ་གཉིས་འགྲམ་དུ་བཞུད་ཀྱིན་ཡོད
རླུང་བསིལ་བུ་ངང
ང་གཏན་དུ་འདས་པོ་གཉིས་དྲན་གྱིན་ཡོད
འདས་པོ
རྒྱུས་ཆེ་བའི་ངོ་གདོང་གི་ཕྱེད་ཀ་གྲིབ་མས་གཡོགས་ནའང
ཐག་ཉེ་ཉེ་འདྲ་བའི་ལག་པ་ཡ་གཅིག་གིས
ཤིན་ཏུ་དྭངས་བའི་རྨི་ལམ་མཚོ་ལ་ལྷུང
བྱམས་བརྩེའི་ས་བོན་དང་རྣམ་ཤེས་ཀྱི་ལྗོན་པར་ཁེར་སྐྱེས་ཤིག
མིག་ཆུའི་བརླན་གཤེར་གྱིས་བསྐོར་ཡོང་བ་ཚོར
ཁྱེད་གཉིས་འཇིག་རྟེན་འདིའི་ལྗན་ལྗིན་དུ་གྱེས་སོང
༢
བར་བཅུག་གི་རི་མོ།
ཁ་བའི་ཁྲོད་དུ་འགྲེང་བའི་སྡེ་བ་དག
རྟག་པར་རྩྭ་ཐང་དེ་ན
བདག་གི་བརྩེ་བའི་གཏན་གྲོགས
དུས་བཞི་ཁྲོད་ནས་བརྒལ་བཞིན་མཆིས
ཁ་བ་འབབ་པའི་ཚུགས་ཀ་ནི
ཏིལ་འབྲུ་ཞིག་དང་འདྲ་བར
ཕར་ལྟས་ཚོད་ཀྱི་དཀར་ཐང་ཐང་དང
འཇམ་ཐང་ཐང་ངང་དུ་རྩྭ་ཐང་སྟེང་དུ་ཆགས
ཁ་བ་ཚན་པ་གཅིག་གི་དོན་དུ
ངས་དུས་ཚོད་གཉིས་གསུམ་མཉམ་དུ་བཞུད
ཕྱི་གཙང་ནང་གཙང་གིས་གཙང་བོ་དང་མཉམ་དུ་བཞུད
བསམ་གཞིགས་ཀྱི་རྟ་ཕོར་སྒ་ཆ་བསྟད་དེ
ལྡེབས་རིས་སུ་བྲིས་པའི་རུ་སྐོར་ནི
སྤྲིན་པའི་གསེབ་ཀྱི་ཉི་མའི་འོད་གོར་དང་འདྲ་ཞིང
རི་བོ་ཞིག་གི་ཕར་ཚུར་དུ
རི་འདབས་གཅིག་ལ་ཆགས་པའི་སྨོན་ལམ་འདེབས
ཟླ་གསུམ་པའི་རླུང
ཟླ་བཞི་བའི་ཆར་བ
ཟླ་བདུན་པའི་ཁ་བ
ཟླ་བརྒྱད་པའི་སྙན་ངག
ལག་གདུབ་ཡག་པ་ལོ་ཚོད་ཉེ་གསུམ
སྙན་ངག་ཡག་པ་གནམ་གྱི་ཕྱེད་ཀ
རྣལ་མ་དུ
ནམ་མཁའ་དང་གཙང་བོ
ཕྱེད་ཙམ་ནི་ཁ་བས་གྲུབ་ཅིང
ཕྱེད་ཙམ་ནི་དབྱར་དུས་སུ་བསླེབས་འདུག
མཚོ་སྔོན་པོའི་འགྲམ་གྱི་ལུག་ཁྱུ་དག
ཉོན་མོངས་ཅན་གྱི་མཚོ་འགྲམ་དང་རྩྭ་ཐང
མཚོ་སྔོན་པོའི་འགྲམ་གྱི་ལུག་ཁྱུ་དེ་ཚོ
རྩྭ་ཟ་བཞིན་པའི་རྣམ་པ
ཆུ་འཐུང་བཞིན་པའི་རྣམ་པ
ལམ་གྱི་ཉོན་མོངས་པའི་རྡུལ་ཕྲ་རབས་དང
མ་རིག་པའི་ཕྱི་དྲན་ཁྲོད་ཀྱི་རལ་གྲི་ཞིག་དང་མཚུངས
༣
གངས་ཏི་སིའི་འདབས་ན་ང་ཡི་དུར་ས་ཡོད།
ཕ་ཡུལ་ལ་ཐོགས་པའི་དུར་ས་དེ
གངས་འདབས་ན་ཡོད
ལམ་དུ་ཆས་སྐབས
ཕ་ཡུལ་ནང་ལ་རྣམ་ཤེས་འགུགས་པའི
འཁོར་བའི་མདོ་དང་འདྲ་ཞིང བླ་མའི་ངག་ནས་བསྐྱོར་བའི
སྤྲིན་གྱི་གཙང་བོ་དང་འདྲ་ཞིང ང་ལ་ཕེབས་སྐྱེལ་ཞུ་མཁན
ནུབ་ཕྱོགས་གངས་ཏི་སེ་ཡི་ཁ་བ
ལྷབ་ལྷུབ་ཏུ་འབབ
ང་རང་གཡས་ནས་འབྲོང་གི་རྨིག་རྗེས་བཞག
ང་རང་གཡོན་པ་རྐྱང་གི་འཚེར་སྐད་ཐོས
ང་ཡི་དུར་ས་མཐའ་མེད་པའི་རྩྭ་ཐང
འབྲོང་ཁྱུ་ཁྱོད་ཡོད་པས
ང་ཡི་རྣམ་ཤེས་གངས་འདབས་ཀྱི་པང་ཁུད་དུ་བཅོལ་ཆོག
གངས་འདབས་ནས་ཚེ་འཕོས་པ་དང་ལྷན
ང་རང་གཞོན་ཐག་ཆོད་པའི་རྐྱང་འབྲོང་གི་རྗེས་སུ་ཡོད
སྐྱེ་བ་དེ་ན
གངས་ཏི་སེ་མཐོང
བེ་ཧུར་འབྲོང་ནག་མཐོང
འབྲོང་གི་རྨིག་རྗེས་མཐོང
འབྲོང་ལྡོམ་པོ་ཡི་གྲིབ་གཟུགས་མཐོང
དུར་ས་དེ
རྣམ་ཤེས་འཁོར
གངས་རི་འདབས་སུ་སྨོན་ལམ
གངས་ཏི་སེ་ཁོག་གི་སྣང་ས་དེ
ངས་རང་ཉིད་ཀྱི་མིང་མཐོང་ཡོད
སྐྱེ་འཆི་ཡི་རྡུལ
དུར་ཁྲོད་ནང་གི་ཐག་པ
ཁྲག་ཐིགས་ཤིག
གངས་འདབས་དང་རྫ་འདབས
རྟག་པར་སྤྱང་ཀི་གྲག
དེ་ལྟར
འཆི་བ་མཚམས་རེ་ཞིག་འཇོག་སྲིད
▼▼
ཆུ་དམར་རྩོམ་རིག་འཕྲིན་སྟེགས།
ཡིག་སྒམ། 1659774550@qq.com
扫码关注
能看到很多生活乐趣
དོ་དམ་པའི་སྐད་འཕྲིན་འབྲེལ་ལམ།
▼ 点击下面语音,播放歌
འཕྲིན་སྟེགས་སུ་མི་སྒེར་རམ་ཚོགས་པ་གང་གི་ཁེ་དབང་ལ་གནོད་པའི་ནང་དོན་ཡོད་ཚེ་མྱུར་དུ་ང་ཚོར་འབྲེལ་གཏུག་བྱོས་དང་དྲ་ངོས་ནས་བསུབ་ངེས་ཡིན།
དེ་ནང་བཞིན་སྐུ་ཉིད་ཀྱི་སྙན་རྩོམ་དང་གླུ་གཞས་གསར་པ། པར་རིས་དང་རྩོམ་རིག་བརྩམས་ཆོས་སྤེལ་འདོད་ཚེ་རྩ་བའི་ཆ་རྐྱེན་ཆབ་སྲིད་དང་མི་འགལ་བའི་ཐོག་འོག་གི་འབྲེལ་ལམ་རྒྱུད་དེ་འབྲེལ་བ་བྱོས་དང་ཁྱེད་ཀྱི་འདོད་བློ་ལྟར་གང་ཐུབ་བྱ་ངེས།