༧གྲུབ་དབང་སྤྲུལ་པའི་སྐུ་ཧཀྵ་བླ་མའི་སྐྱེ་ཕྲེང་ལ་བསྟོད་པ།

文摘   文化   2024-03-09 20:30   青海  
ཆུ་དམར་རྩོམ་རིག             


ཆུ་དམར་རྩོམ་རིག་སྤྱི་སྟེགས་སུ་ཕེབས་པར་ལེགས།

  


         


 











  ༧གྲུབ་དབང་སྤྲུལ་པའི་སྐུ་ཧཀྵ་བླ་མའི་སྐྱེ་ཕྲེང་ལ་ཅུང་ཟད་བསྟོད་པ་སྐལ་ལྡན་བུང་བ་འགུགས་པའི་དྲི་བསུང་།       




 ཧོར་རྒྱུད་བློ་བཟང་།

 

ཨོཾ་སྭ་སྟི།

ཞི་བསིལ་གངས་ཀྱི་རི་བོའི་སྤོ་ལ་ཉིན་བྱེད་བྱེ་བའི་འཁྱུད་པ་ལྟར།།

མཚན་གྱི་སྒྲ་དབྱངས་ཐོས་པ་ཙམ་གྱིས་ཉོན་མོངས་ཚ་གདུང་ཞི་མཛད་པའི།།

སྙིང་རྗེའི་སྤྱན་ཟུང་རྟག་ཏུ་མི་འཛུམ་འགྲོ་ཀུན་སྲིད་ལས་སྒྲོལ་བ་ཡི།།

དམ་བཅའི་ལྷུན་པོ་ཡོངས་སུ་བརྟན་པ་འགྲོ་བའི་མགོན་གཅིག་པད་དཀར་འཛིན།།


ཁམས་གསུམ་འཁོར་བ་སྲིད་ལས་ཡོངས་སྒྲོལ་རྨད་བྱུང་ཐུགས་བསྐྱེད་གོ་བསྒོས་པས།།

དབུ་ཚལ་སྟོང་དུ་གས་པ་སོགས་ཀྱི་བཟོད་དང་བརྩོན་པའི་ལེགས་བྱས་ཀྱིས།།

གངས་ཅན་མཐའ་འཁོབ་བོད་ཡུལ་མུན་གླིང་ཉིད་ཀྱི་གདུལ་བྱའི་ཁུར་དུ་བཞེས།།

ཕྱག་ན་པདྨོ་སྤྱན་རས་གཟིགས་ལ་མགོ་བོས་ལྷ་ཕྱག་གྲངས་མེད་བཏུད།།


གང་གི་ཐུགས་བསྐྱེད་ཁྱུང་སྔོན་སྐྱེས་ཀྱིས་ཉིན་བྱེད་ཤར་ནས་དྲངས་པའི་མོད།།

བསིལ་ལྗོངས་དགེ་བའི་ལེགས་བྱས་དཀར་པོ་སྨིན་ལེགས་པད་མའི་འདབ་མ་གྲོལ།།

ཁ་བའི་ཞིང་ལ་སྤྲུལ་བ་རྒྱ་མཚོས་གདོང་དམར་རིགས་ཀྱི་ཞིང་ས་རུ།།

གང་ལ་གང་འདུལ་ཐབས་མཁས་སྤྱོད་པས་མི་སྲུན་སྐྱེ་བོའི་ལོག་སྤྱོད་འདུལ།།


སྔོན་ཚེ་འཕགས་ཡུལ་དགྲ་བཅོམ་ཀུན་དགའ་སྟོན་མཆོག་ཐུབ་པའི་བཀའ་བསྡུ་མཛད།།

རྒྱ་གར་ཡུལ་དུ་བརྟུལ་ཞུགས་མཐར་སོན་གྲུབ་བརྙེས་རིག་འཛིན་ས་ར་ཧ།།

མཁན་སློབ་ཆོས་གསུམ་ཉི་ཟླའི་འོད་ལ་མཚོ་རྒྱལ་རིགས་བདག་ཨ་ཙར་ས།།

བོད་ཁམས་ལྷུན་ཆགས་གངས་ཀྱི་སྤོ་ལ་གྲུབ་བརྒྱའི་སེང་གེ་མར་པ་རྗེ།།


ཁྲ་མོ་གླིང་གི་མཁའ་ལམ་དེ་ལ་ཞི་བསིལ་འོད་ཀྱི་དྲ་བ་ཅན།།

སྡང་བའི་དགྲ་ལ་མི་འཇིགས་དཔའ་སྤོབས་འཛིན་བྲལ་གནམ་ལྕགས་ཐོག་གི་ཟླ།།

འཆི་བདག་བདུད་ཀྱང་ཞི་བའི་ཉམས་ཀྱིས་རལ་པའི་ལྕང་ལོ་གདན་དུ་ཕུལ།།

འབུམ་པའི་ལྷ་སྲས་དུང་ཟླ་དཀར་པོའི་མཚན་གྱི་རོལ་མོས་སྲིད་གསུམ་འདར།།


གྲུབ་རིག་རི་དྭགས་ནགས་ན་གནས་པ་ཕལ་པའི་མིང་གི་ཅོད་པན་ལ།།

མཚན་གྱི་གདུགས་དཀར་དལ་གྱིས་འཁོར་བའི་སེང་གེ་དཀར་མོའི་ཚུལ་འཆང་བ།།

སྟག་ཤམ་རྡོ་རྗེའི་རྣམ་པར་རོལ་པས་མི་འཇིགས་དཔའ་བའི་གོ་བསྒོས་ནས།།

དུས་མཐའི་ནད་མཚོན་སྐལ་བ་ངན་པ་མིང་གི་ལྷག་མ་མཛད་ལ་གུས།།


པད་དཀར་འཆང་བ་གང་འདུལ་རྣམ་པས་མདོ་སྨད་རྫ་ཡུལ་འཛིན་མའི་ཞིང་།།

བཤེས་གཉེན་ཚུལ་གྱིས་འགྲོ་བ་འདུལ་བ་སེམས་ཅན་རྒྱ་མཚོའི་མོས་ངོ་རུ།།

འཁྲུལ་ཞིག་འཇིགས་མེད་རྒྱལ་བའི་མྱུ་གུ་སྐྱེ་བའི་རྣམ་རོལ་འཛིན་པའི་མོད།།

སྐལ་ལྡན་ལས་ཅན་ཐར་བའི་སྒོ་མོ་མ་བགོས་བསོད་ནམས་ངང་གིས་ཕྱེས།།


མདོ་ཁམས་ལྕགས་མོ་མགོ་ལོག་ཡུལ་ན་སྦས་པའི་ཟོལ་འཛིན་རྣལ་འབྱོར་བ།།

སྟག་ལེབ་བླ་མ་དཀོན་མཆོག་རྒྱལ་མཚན་འདི་ཕྱི་སྒྲིབ་མེད་གསལ་ལེར་གཟིགས།།

གྲངས་མེད་སྐྱེ་བོའི་བློ་ངོར་འཚམ་པའི་ལུགས་ཟུང་ཉི་འོད་དྲོད་ཀྱིས་འཁྱིལ།།

འདས་ལོག་དཀར་ཆག་བླང་དོར་ལམ་སྟོན་ངེས་འབྱུང་ཆབ་ཀྱིས་འགྲོ་རྒྱུད་བརླན།།


གང་ཉིད་མ་འདས་ཞིང་འདིར་བཞུགས་དུས་ཉིད་ཀྱི་སྤྲུལ་སྐུ་ཉིད་ཀྱིས་གདམ།།

ཧཀྵ་མ་ལ་ཝ་ར་ཡ་ཞེས་མཚན་གྱི་དབང་མཆོག་བསྐུར་བ་ཡིས།།

ལས་བཞི་ལྷུན་གྲུབ་གྲུབ་དབང་མཆོག་གིས་རྒྱལ་སྲས་སྤྱོད་པའི་ལམ་བཟང་ནི།།

ཐ་མལ་སྤྱོད་པ་རིང་དུ་སྤང་བ་ཐབས་མཁས་མཛད་ཚུལ་བསམ་མི་ཁྱབ།།


སྤྱན་རས་གཟིགས་དབང་དཀོན་མཆོག་རྒྱལ་མཚན་ཤི་གསོན་བར་གྱི་ཆ་འཕྲིན་ལྟར།།

གྲུབ་དབང་ཧཀྵ་ལས་བཞི་དབང་བསྒྱུར་འཆི་གསོས་འདུད་རྩིའི་བུམ་བཟང་བཞིན།།

ཕྱོགས་བཅུ་རབ་འཕེལ་ངུར་སྨིག་གར་འཛིན་མཚུངས་བྲལ་བསྟན་པའི་སྒྲོན་མེ་མཆོག །

ཚེ་རབས་བར་མེད་མགོན་དང་སྐྱབས་སུ་ལས་དང་སྨོན་པའི་བདེན་པར་གྲུབ།།

   ཅེས་པ་འདིའང་དམ་པ་གང་གི་ཞབས་རྡུལ་སྤྱི་བོར་ལེན་པའི་སྐལ་བཟང་ཅན་གངས་བུ་ངག་ཡངས་སུ་འབོད་པ་སྙོམ་ལས་ཅན་དེས། བོད་ཆུ་མོ་ཡོས་ལོའི་གནམ་ལོ་གསར་ཚེས་ཀྱི་དཀར་ཕྱོགས་དགའ་བ་དང་པོའི་ཉིན་ཏེ་སྤྱི་ལོ་༢༠༢༣–༢–༢༣ཉིན་ལ་བྲིས་ཤིང་སླར་ཡང་བོད་ཤིང་འབྲུག་ལོའི་སྤྱི་ཟླ་གསུམ་པའི་ཚེས་དགུ་ཉིན་ཏེ་གང་སྐུ་ཞི་བར་གཤེགས་པའི་ཉིན་ལ་རྗེས་དྲན་གྱི་དོད་དུ་གུས་པ་ཆེན་པོས་སྦྱར་བའོ།།

小说 ▏散文 ▏诗歌 ▏文学翻译 文学评论

 སྙན་ངག •ལོ་རྒྱུས། •ཆོས་ལུགས། •དཔྱད་རྩོམ། •བསྒྱུར་རྩོམ། •སློབ་གསོ། •གླུ་གཞས།


 

 


      ཆུ་དམར་རྩོམ་རིག་འཕྲིན་སྟེགས།

   

སྤྱི་ཁྱབ་ལྟ་སྐུལ་བ།  ཆུ་དམར་རྩོམ་རིག་རྩོམ་སྒྲིག་ཁང་། 
རྩོམ་སྒྲིག་འགན་ཁུར་པ། མགར་སྨྱུག་རྩེ། 
ལག་བསྟར་རྩོམ་སྒྲིག་པ། མགར་སྨྱུག་རྩེ།
རྩོམ་སྟེགས།  QUMALAIWENXUE 

ཡིག་སྒམ།  1659774550@qq.com 






扫码关注

能看到很多生活乐趣



འཕྲིན་སྟེགས་སུ་མི་སྒེར་རམ་ཚོགས་པ་གང་གི་ཁེ་དབང་ལ་གནོད་པའི་ནང་དོན་ཡོད་ཚེ་མྱུར་དུ་ང་ཚོར་འབྲེལ་གཏུག་བྱོས་དང་དྲ་ངོས་ནས་བསུབ་ངེས་ཡིན།

དེ་ནང་བཞིན་སྐུ་ཉིད་ཀྱི་སྙན་རྩོམ་དང་གླུ་གཞས་གསར་པ། པར་རིས་དང་རྩོམ་རིག་བརྩམས་ཆོས་སྤེལ་འདོད་ཚེ་རྩ་བའི་ཆ་རྐྱེན་ཆབ་སྲིད་དང་མི་འགལ་བའི་ཐོག་འོག་གི་འབྲེལ་ལམ་རྒྱུད་དེ་འབྲེལ་བ་བྱོས་དང་ཁྱེད་ཀྱི་འདོད་བློ་ལྟར་གང་ཐུབ་བྱ་ངེས།

曲麻莱文学网
འཕྲིན་སྟེགས་འདི་རུ་་འབོལ་རྩོམ།སྙན་ངག ལྷུག་རྩོམ་སོགས་འགོད་ཀྱིན་ཡོད།此官网是曲麻莱青年作家的一个写作平台,发布汉藏双语论文,散文,诗歌等。
 最新文章