ཆུ་དམར་རྩོམ་རིག་སྤྱི་སྟེགས་སུ་ཕེབས་པར་ལེགས།
རྩོམ་པ་པོ་ངོ་སྤྲོད།
ཉི་འོད་ཅིག
གདོན་ཁེར་ལངས།
རྒྱང་རིང་ནས་ཐུར་དུ་དཔྱངས་པའི་དྲོད་འཇམ་གྱི་ཉི་འོད་དེའི་དོད་ན
རྡུལ་ཕྲན་གྱིས་མ་བརླག་པའི་གསེར་ཐིག་ཅིག
ཡིད་ལྷུང་གི་མི་བུ་ཚོའི་ནང་སེམས་སུ་ཐོགས་དུས
ཞེ་སྣང་གི་རི་མོ་ལ་ཟེར་སྒྲོས་ཀྱི་བདེ་བ་གཞན་ཞིག་གཏད་ངེས
སྒྲོན་འོད་ཁྲོད་ཀྱི་དགོང་ཟས།
འཇིག་རྟེན་ཁོ་རང་མ་གཞི་ནས་མུན་ནག་ཅིག་རེད
ཁ་དོག་མེད་པའི་བར་སྟོང
སྟོང་བསམ་གྱི་འཁྲུལ་སྣང་མོད་པའི་ཁ་ལག་རིང་བསྲིངས་དུས
ཞེ་གནག་པའི་དུས་ཀྱི་ཆོ་གས་ནག་དབ་དིབ་ཀྱི་མུ་ཅོར་གང་མང་བསྙད
འདམ་ཞལ་གཏོང་པའི་འཁྲབ་མཁན་གྱི་གདོང་པ་རེ་རེས
འཚོ་བའི་དག་གཙང་གི་འདབ་མ་ཧྲུག་ཧྲུག་ཏུ་བཅུག
ཁ་ཐོར་ཡ་བྲལ་གཏོང་བའི་ནང་སེམས་ཀྱི་ཁེར་རྐྱང
བབ་ཅོལ་གྱིས་ཡང་དང་ཡང་དུ་མནར
མུན་ནག་ལ་ཚེག་ཐིག་འཆོར་བའི་རྣམ་ཤེས་ཀྱང་བྱ་བྲལ་གྱི་ཀློང་དུ་ཐིམ
ཤ་ཁྲག་ལས་གྲུབ་པའི་ཆུ་བུར་གྱི་མིག་ཟུང
དཀར་ངོགས་ཀྱི་མདངས་པ་མཐོང་ཐབས་བྲལ་ཉིན
མུན་པ་བཅོམ་པའི་མེ་ལྕེ་ནག་ཁུང་གི་དོང་དུ་དེངས
ཇུས་ངན་ལམ་ལྷོངས་སྦྱར་བའི་དུས་ཀྱི་ཁྱུད་མོ
ལྷུམས་ཞུགས་ཀྱི་ཕུགས་བསམ་དང་དྲེག་གྲུམ་གྱི་འདུ་ཤེས་རྒྱང་དུ་བཞག་སྟེ
ཁུ་སིམ་སིམ་ངང་མངོན་འདོད་ཀྱི་བ་སྤུ་བྱིང་བར་གཡེར
མི་ལུགས་ཀྱི་ཟ་ཆོས་སྒྱུ་ལུས་སུ་བརྒྱག་པར
ཨེ་སི་ཊེ་ལིན་དང་དུ་བླང
རྡོ་ཞོའི་འབར་རླངས་ཡང་ནས་བསྐྱར་དུ་སྤྱད
ཁ་དོག་བྲལ་ཞིང་འབར་ནུས་ཆེ་བའི་རླུང་གཟུགས་ཀྱི་འདུས་རྫས
མུན་ནག་གི་དོང་ན་ལམ་ལམ་དུ་སྦར་ཏེ
གཏི་མུག་གིས་བསྟིམས་པའི་མཆུ་འཐིག་གི་འདོད་པ་སྐོང་ཆེད
ཞིམ་མངར་གྱི་ཤ་རིགས་དང་ལྐོག་གཏམ་གྱི་ན་ཟུག་ཡང་ཡང་གློད
༢༠༢༣-༡༢-༦
གཟའ་ཉི་མ།
ལོ་མང་ཉར་བའི་ནང་སེམས་ཀྱི་ཆུ་བོ
གཞུང་དྲང་གི་ལམ་དུ་ཤག་ཤག་ཏུ་བབ་ཤོག
སྨྲ་བརྗོད་ཀྱི་མེ་ལྕེས་མུན་ནག་གི་སྨག་རུམ་དཀྲོགས་ཆོག
ཕ་ཡུལ་གྱི་ནམ་མཁའ་རུ
ངའི་གཡའ་མི་དག་པའི་ནག་ཉེས་ཀྱི་སྡིག་སྒྲུབ་བཀྲུ་རོགས
འོད་སྣང་གི་འཕག་ཚགས་དེས་ངའི་མ་རབས་པའི་ནག་ནོག་བསྲེག་ཆོག
སྲེག་གཅོད་ཀྱི་ཚ་ཟེར་དེས
བསླུ་བྲིད་ཀྱི་ན་བུན་གཏོར་ཏེ་འོད་སྣང་གི་དྲོད་ཅིག་སྩོལ་དང
ངལ་དུབ་ལས་གྲུབ་པའི་ངན་སོང་གི་རྟོགས་པ་རེ་རེ་གསལ་ཤོག
རྫ་ཆུ།
སྡིག་སྒྲུབ་ཀྱི་ནག་ཉེས་ཁུར་བའི་ཡུལ་ཆུ་སྔོན་མོ
དམར་ཡ་དྲུག་གསུམ་ཀླད་ལ་ལོག་དུས
འཇིགས་རྔམ་གྱི་མདོག་ཁ་ཚེ་སྲོག་གི་ཁྲག་དང་འདྲེས
དེ་ནི་ཡུགས་མོ་སྡུག་རྒན་མ་ཞིག་གི་སྡིགས་རོ་འཁེལ་ས
བརྩེ་དུང་གི་ཆག་འཇིག་ཤོར་བའི་ན་གཞོན་ཞིག་གི་ཆོ་ངེ་འདོན་ས
སྐུ་དྲག་གི་ཁ་ངོ་བསྲུང་བའི་རྣམ་གྲངས་ཀྱི་རྩ་བ
དབུལ་ཞིང་ཕོངས་བའི་མེད་པོ་ཞིག་གི་གདུང་འབོད་བྱེད་ས
རང་དབང་གི་ངག་འགག་ཅིང
ནོངས་འགྱོད་ཀྱི་མཆིལ་མ་འཆོར་བའི
གྲམ་སྐམ་སྟོངས་བ
སྐྱོ་བས་མ་ནོན་པའི་མཚན་མོ་རེ་རེར
བསོད་ཟད་ཀྱི་ཐལ་རྡུལ་འཕྱུར་ཞིང
དབུལ་ཕོངས་ཀྱི་བྲག་ཅ་གཞན་དབང་གིས་གྲག་འོང
ཁེར་རྐྱང་གི་གཞས་པ།
ཟླ་འོད་མོག་ཏུ་ཕྱིན་པའི་ས་སྲོས་ཀྱི་གྲིབ་བསིལ་འོག
ཞེན་ཆགས་ཀྱི་ས་རྡུལ་ཁེར་རྐྱང་གི་སེམས་མདངས་སུ་གོས
པི་ཝང་དང་རྒྱུད་སྐད་ལས་ཐོན་པའི་སྒྲ་དབྱངས་དག་གིས
བློས་མི་འདོད་པའི་སྡུག་ཡུས་ཀྱི་སྨྲེ་ངན་ཡང་ཡང་བཏོན
རྣམ་ཤེས་དབྱངས་སུ་ཐིམ་པའི་ཁེར་རྐྱང་གི་གཞས་པ
བྱ་བྲལ་གྱི་སྒྲ་དབྱངས་གཅེར་བུར་བུད་དེ་འདི་སྣང་གི་འཇའ་ཚོན་ལ་འཁོར
འཇིག་རྟེན་ན་ཅི་མི་སྨྲ་བའི་ཁུ་སིམ་གྱི་མཚན་མོར
སྐྱོ་གར་གྱི་བླ་སྲོག་ཞུགས་པའི་སེམས་སྒྲ་ཟ་ཟི་གཡོ་ཙ་ན
ཟླ་བ་ཡང་ཁེར་རྐྱང་ངང་ལྷུན་པོ་ལ་སྟོང་དབྱངས་ཀྱི་བླ་ཡིད་ཤོར་ཞིང
གྲང་འཁྱག་གིས་ཁོ་འདར་བྱས
ཡུས་ཀྱིས་ཁེངས་བའི་རྣམ་རྟོག་གི་ཕུང་པོར
ཁ་པར་དང་ལྷན་དུ་ཤོར་བའི་རྩ་མི་རེ་རེ་མཐོང་བ་ན
གཏི་མུག་གི་མགོ་བོ་འཐོམ་པའི་བདག་ཉིད་ཀྱང
རེ་ཞིག ཚོར་ཤེས་ཀྱི་ཕྲ་ཕུང་བཏུས་ཏེ
གློག་ཀླད་ཀྱི་ངོས་སུ བརྩེ་དུང་དབེན་པའི་ཁེར་རྐྱང་གི་སྐྱོ་སྣང་ཡི་གེར་ཕབ
རྒྱང་རིང་།
ལས་འཕྲོའི་ཆར་ཟིམ་ནང་ལ།།
བརྩེ་བའི་ཞེན་ཆགས་སྦ་འདུག།
ལོ་ཟླའི་འགྲོས་གཞུང་ནང་ལ།།
ཕྱི་ཐག་རྫ་ཆུ་བབ་འདུག།
མཛའ་གཅུགས་གསེར་གྱི་པ་ཊ།།
རི་མོ་སྣོག་རྒྱུ་མེད་ན།།
རིན་ཆེན་དམ་བཅའ་ཚིག་གསུམ།།
སེམས་ཀྱི་གཏིང་ལ་བརྐོས་ཡོད།།
རྒྱང་རིང་སེམས་ཀྱི་དྲན་ཤིང་།།
འགྱུར་མེད་ལོ་རྒྱུས་རྡོ་རིང་།།
བདེན་པའི་མེ་ལོང་ངོས་སུ།།
ནག་ནོག་བགོས་ཀྱང་མི་འགོ།།
རྒྱང་རིང་སེམས་ཀྱི་ཁེན་ས།།
རྒྱང་རིང་མགོ་ཡི་དཔོན་པོ།།
རྒྱང་རིང་ཞི་བའི་ལྷ་སྲས།།
མ་མཇལ་སེམས་པའི་གཅོང་ཡིན།།
སྙན་ངག •ལོ་རྒྱུས། •ཆོས་ལུགས། •དཔྱད་རྩོམ། •བསྒྱུར་རྩོམ། •སློབ་གསོ། •གླུ་གཞས།
ཆུ་དམར་རྩོམ་རིག་འཕྲིན་སྟེགས།
ཡིག་སྒམ། 1659774550@qq.com
扫码关注
能看到很多生活乐趣
▼ 点击下面语音,播放歌
འཕྲིན་སྟེགས་སུ་མི་སྒེར་རམ་ཚོགས་པ་གང་གི་ཁེ་དབང་ལ་གནོད་པའི་ནང་དོན་ཡོད་ཚེ་མྱུར་དུ་ང་ཚོར་འབྲེལ་གཏུག་བྱོས་དང་དྲ་ངོས་ནས་བསུབ་ངེས་ཡིན།
དེ་ནང་བཞིན་སྐུ་ཉིད་ཀྱི་སྙན་རྩོམ་དང་གླུ་གཞས་གསར་པ། པར་རིས་དང་རྩོམ་རིག་བརྩམས་ཆོས་སྤེལ་འདོད་ཚེ་རྩ་བའི་ཆ་རྐྱེན་ཆབ་སྲིད་དང་མི་འགལ་བའི་ཐོག་འོག་གི་འབྲེལ་ལམ་རྒྱུད་དེ་འབྲེལ་བ་བྱོས་དང་ཁྱེད་ཀྱི་འདོད་བློ་ལྟར་གང་ཐུབ་བྱ་ངེས།