ཆུ་དམར་རྩོམ་རིག་སྤྱི་སྟེགས་སུ་ཕེབས་པར་ལེགས།
འཇིགས་ཡོ་རེའི་སྨག་རུམ།
སྒྲུང་ཐུང་།
རྫ་བཟའ་མ། 『ཡུལ་ཤུལ།』
ཞོགས་པའི་ཉི་ཟེར་ཤར་རིའི་ཕྲག་ནས་མངོན་བཞིན། བྱིའུ་སྣ་ཚོགས་ཀྱིས་ད་རུང་མགྲིན་སྒྲ་བར་མེད་དུ་སྒྲོག་བཞིན་པ་ནི་མཉམ་དཀྲོལ་རོལ་དབྱངས་ཆེན་པོ་ཞིག་དང་མཚུངས། ཆུ་ཕྲན་དག་གི་འགྲམ་ངོགས་གཉིས་སུ་མེ་ཏོག་སེར་ཆེན་ཁ་སང་ལས་ཀྱང་མང་དུ་བཞད་ནས། དོན་འགྲུབ་ཚང་གི་ཁང་པའི་ཀླད་ཐོག་ནས་དུ་བ་སྔོ་ལྷོག་ལྷོག་དུ་འཕྱུར་བཞིན་སྤྲིན་དང་འདྲེས་ནས་འདུག། མ་གཞི་དོན་འགྲུབ་ཚང་རྫོང་མཁར་ནས་སྤྱི་ལེ་བརྒྱ་ཙམ་གྱི་མཚམས་སུ་ལུང་ཁུག་ཅིག་ཏུ་བསྡད་ཡོད། ཡུལ་ཚོའི་ལས་བྱེད་པ་དང་མང་ཚོགས་རྣམས་གཅིག་འཕྲོར་གཉིས་མཐུད་ཀྱིས་སྟོན་ཁའི་སྤྲིན་ལྟར་དོན་འགྲུབ་ཚང་ལ་འདུས་ནས་སོང་། བུ་མོ་བདེ་སྐྱིད་སྒྲོལ་མས་འཛུམ་མུལ་མུལ་གྱིས་ཟས་ཁ་ཆང་ཁ་ཡིས་སྡེར་ཁ་སྒྲིག་བཞིན་མགྲོན་པོ་རྣམས་སྣེ་ལེན་བྱས། སྤྱིར་དོན་འགྲུབ་ཚང་ནི་བཟའ་མི་མགོ་འཛོམས་ཡིན་ཞིང་མི་རྒྱུད་ལྷ་འདྲ་དྲང་ལ་ཕྱུག་རྒྱུད་ཀླུ་དང་མཉམ་པའི་ཁྱིམ་ཚང་སྐྱིད་པོ་ཞིག་ཡིན། སྐྱིད་ན་གནམ་མཁའི་བྱ་ཡང་འཁོར། ཟེར་བའི་དཔེ་ལྟར་ཁོང་ཚང་མཐོ་དཔོན་པོ་མན་ཆད་ནས་དམའ་སྤྲང་པོ་ཡན་ཆོད་འདུས་སའི་ས་ཚིགས་ཤིག་དང་མཚུངས། ཉིན་གང་བཤད་བཤད་བསྒྲགས་བསྒྲགས་གི་ཚོགས་འདུ་ཡི་སྙིང་དོན་ནི་སྔར་ལྟར་དབུལ་སྐྱོར་ཕྱུག་བསྒྱུར་གྱི་ལམ་ལུགས་སྲིད་ཇུས་དེ་རེད། ཁྱིམ་ཚང་རེའི་ལག་ན་ཡིག་ཆ་རེ་བཞག་ནས་ཚོགས་འདུ་གྲོལ་སོང་།
དེ་ནས་ཉིན་འགའ་འགོར་བའི་རྗེས་ཀྱི་ཉིན་ཞིག་ལ་ཨ་མ་གཡུ་སྒྲོན་གྱིས་ཉེ་སྔོན་ཚོགས་འདུར་ཡོང་བའི་ལས་བྱེད་ཚོའི་གྲལ་དུ་ཡོད་པའི། གསར་འགོད་པ་ཞིག་གི་མིང་ཐོགས་མཁན་ནམ་རང་རྫོང་གི་ལས་གཡོག་པ་གསར་པ་ཞིག་འདུག་པ་དེས། ཨ་ཕ་དང་འབྲེལ་ལམ་བཙལ་ནས་ཁྱོད་རང་གཉེན་སློང་འདུག་ཟེར་ནས་བཤད། མ་གཞི་བུ་མོ་བདེ་སྐྱིད་སྒྲོལ་མ་ལ་མཚོན་ན་གཉེན་སློང་མཁན་ནི་ཧ་ཅང་རྒྱུན་ལྡན་དུ་གྱུར་ཡོད་པས། དེ་ལ་དམིགས་གསལ་གྱི་འཚུབ་ཆ་ཅིའང་ལང་མ་སོང་། ན་མཉམ་ཀྱི་བུ་བུ་མོ་ཚོས་རང་རང་དང་སྣང་བ་མཐུན་ས་ཞིག་དང་འགྲོགས་ནས་འགྲོ་བཞིན་ཡོད་པ་དེ་ལ་བུ་མོ་བདེ་སྐྱིད་སྒྲོལ་མས་ལྟ་སྟངས་གཞན་ཞིག་འཛིན་བཞིན་ཡོད། སྤྱིར་དེང་གི་བརྩེ་དུང་ནི་ཧ་ཅང་བཅོས་མ་ཞིག་ཡིན་པས་རྟག་བརྟན་མེད་པ་ལ་ཡང་སོས་ཀའི་གནམ་གཤིས་དང་འདྲ་མོ་རེད་ཟེར་ནས་མིག་ནང་དུ་མི་འཇོག། མོའི་གྲོགས་མོ་ཚོས་ཀྱང་རབ་གཉེན་རྟགས་རྒྱག་པ་དང་འབྲིང་དགའ་རོགས་སྒྲིག་པ། མ་མཐའ་ཡང་རྩེད་རོགས་དགོད་རོགས་ཤིག་ཅིས་ཀྱང་ཚོལ་ཞེས་མང་དུ་བསྐུལ་མྱོང་བ་དང་། ཉེ་ཆེ་ས་ནང་གི་འདངས་ཆེ་ས་ཨ་ནེ་པ་སངས་གིས། བདེ་སྐྱིད་སྒྲོལ་མ། ད་སྐབས་ཁྱོད་ལ་རེ་བ་བྱེད་པའི་ཕོ་སར་ཉུང་ཉུང་མ་རེད། རང་བློ་འབབ་པ་ཞིག་དང་མཐུན་ན་དགའ་རྒྱུ་རེད། གཞུག་ནས་ལུས་ལང་ཚོ་ཡལ། ཉམས་བཀྲག་མདངས་ཤོར། སྟོབས་གཟི་བྱིན་ཤོར་ཚར་དུས་ཕོ་སར་གང་ཡག་ལག་ཏུ་ཡོང་དཀའ་རྒྱུ་རེད་ཟེར་ནས་བཤད།
གསེར་གཞུང་སྡེ་པའི་ནང་གི་བུ་མོ་བདེ་སྐྱིད་སྒྲོལ་མ་ནི་སྐྱོན་ཀུན་ཟད་ཡོན་ཏན་ཀུན་འདུས་ཤིག་ལ་བརྩི་བཞིན་ཡོད་ཅིང་། ལྷག་པར་དུ་ལོ་ལོན་ཚོའི་མིག་ནང་དུ་མོ་རང་བུ་མོ་ཡ་རབས་ཤིག་སྟེ། ཆེ་བཀུར་ཆུང་བྱམས་ཤེས་མཁན་ཞིག་དང་ཧ་ཅང་ཆོག་ཤེས་ཅན་གྱི་གཤིས་བཟང་མིག་དཔེ་ཅན་ཞིག་ཡིན། མོའི་མཐའ་འཁོར་དུ་རུབ་བཞིན་པའི་སྐྱེས་པ་ཡང་ཉུང་ཉུང་མིན། ཤང་ཀྲང་ཚང་གི་བུ་རབ་བརྟན་གྱིས་ཐོག་མར་ཁ་ཡག་ཚིག་རྒྱན་བཤད། བར་དུ་རྒྱུ་ངོམ་ཟས་ངོམ་བྱེད་བཞིན་ཁོ་དང་འགྲོགས་མཐུན་བྱུང་བ་འབུང་། སྐབས་རེ་རླངས་འཁོར་རྫིག་པོ་སྐོར་ནས་ལེགས་སྐྱེས་སྣ་མང་འཁྱེར་བཞིན་ངོ་ཐུག་རྒྱུ་རེ་བ་འཆངས། མཚམས་རེར་ཁ་པར་གྱི་ངོས་ནས་ཁོ་རང་གི་བརྩེ་དུང་ལྷད་མེད་ཡིན་འདོག་སོགས་མང་པོ་ཞིག་བཤད། ཡིན་ཡང་བུ་མོ་བདེ་སྐྱིད་སྒྲོལ་མའི་བསམ་བློ་ལ་འགྱུར་བ་ཐེབས་ཐུབ་མ་སོང་། དེ་བས་ཨ་མ་གཡུ་སྒྲོན་གྱིས་གཉེན་དོན་དེ་གསལ་པོར་བཤད་ན་ཡང་། མོས་སྔར་ལྟར་མོ་རང་གི་མོས་མཐུན་མ་བྱུང་ཚེ་གཉེན་སློང་མཁན་སུ་ཞིག་ཡིན་རུང་ཐག་གཅོད་བྱེད་མི་འགྲོ་བར་བསམ་པས། དེ་ནས་བསྐྱར་དུ་མ་དྲིས་པར་སྣང་མེད་དུ་བསྐྱུར་ནས་བཞག།
ཉིན་ཞིག་བུ་མོ་བདེ་སྐྱིད་སྒྲོལ་མ་ལ་ཨང་གྲངས་ཆ་མེད་ཅིག་གི་ཁ་པར་སླེབས་སོང་། མོས་ཁ་སང་དྲྭ་ཐོག་ནས་ཉོས་པའི་ཅ་ལག་དེ་ཐོན་ནས་མྱུར་སྐྱེལ་ཁང་གིས་བརྒྱབ་ཡོང་བ་ཡིན་ཆགས་བྱས་ནས་མྱུར་མོར་ཁ་པར་ཉན། བློ་ཡིད་ལ་འཆར་མ་མྱོང་བ་ཞིག་ནི་ཁ་པར་གཏོང་མཁན་དེ་ཉེ་སྔོན་གྱི་ཚོགས་འདུ་གྲལ་དུ་ཡོང་བའི་གསར་འགོད་པ་དེ་འམ་གཉེན་སློང་མཁན་རྡོ་རྗེ་བཀྲ་ཤིས་ཟེར་བའི་མི་དེ་རེད་འདུག། ཁ་པར་ནང་ནས་ཁོས་ངོ་སྤྲོད་གསལ་པོ་ཞིག་བྱས་རྗེས། དེ་རིང་ཁྱོད་ལ་ཁ་པར་འདི་བཏང་དོན་ནི་འུ་གཉིས་ཀྱིས་གཉེན་སྒྲིག་གི་དུས་ཚོད་གཏན་འཁེལ་བྱེད་ཆེད་ཡིན་ཞེས་བཤད། མོས་སྐད་ཆ་དེར་ཡིད་མ་ཆེས་པས། ཁ་གཡར་ས་གཞན་ཞིག་གིས་ཁྱོད་ཀྱིས་ཅི་ཞིག་བཤད་འདོད་ན་ཐད་ཀར་ཤོད། རྒྱུ་མཚན་གང་ཡང་མེད་པའི་ཆོབ་བཤད་དེ་འདྲ་མ་བྱས་ན་ཆོག་གམ་ཞེས་ལབ། སྐབས་དེར་རྡོ་རྗེ་བཀྲ་ཤིས་ཀྱིས་ཧང་སང་བའི་སྒོ་ནས། ཨ། ཁྱོད་ཀྱི་ཨ་མས་ཁྱོད་ལ་བཤད་ཡོད་ཚོད་རེད་པ། ཁྱེད་ཚང་གི་ཁྱིམ་མི་ཡོངས་རྫོགས་བློ་བབས་བྱུང་ནས་ཐག་བཅད་པ་མ་ཡིན་ནམ་ཟེར། གཏམ་དེས་མོ་རང་ལ་བཤད་བྱ་ཅི་ཡང་མེད་པར་གྱུར་སོང་བས་ཁ་པར་ཁ་བརྒྱབ་བཞག། ཡིན་ཡང་མོས་བློ་བཟོད་ཅུང་ཟད་མི་བདེ་བར་གྱུར་འདུག་པས་དོན་དག་དེ་རྩད་བཅོད་ཡག་པོ་ཞིག་བྱེད་དགོས་འདུག་མ་གཏོགས། གཉེན་དོན་བློ་བུར་བ་དེ་འདྲ་ཞིག་ཐག་བཅད་ཟེར་བ་དཔེར་མི་སྲིད་པ་ཞིག་རེད་བསམ་ནས་བསྡད་ཡོད་པའི་སྐབས་ཤིག་ལ། བསམ་གཏན་དབང་མོས། ཨ་ཅེ་ཁྱོད་རང་དངོས་གནས་རྡོ་རྗེ་བཀྲ་ཤིས་ཟེར་བ་དེའི་ཆུང་མར་གྱུར་ཉེན་ཆེ་འདུག། ཁོང་ཚོས་བཤད་རྒྱུར་ཁྱོད་རང་གི་ལོ་ཚོད་ལ་ཡང་འཁོར་བ་བཟུང་པའི་དུས་ལ་སླེབས་འདུག། གཞན་གྱིས་བཤད་སྟངས་ལ་ཉན་ན་ཁོང་ཚང་ནི་མི་རྒྱུད་བཟང་ས་ཞིག་དང་དུད་ཚང་འབྱོར་ལྡན་ཞིག་ཡིན་རབ་འདུག། ད་དུང་བཟའ་མི་ཆེ་ཆུང་ཚང་མ་སྲིད་གཞུང་གི་ལས་བྱེད་པ་ཏག་ཏག་རེད་འདུག་པས། ཟླ་བ་རེར་གླ་ཕོག་ལ་ངེད་ཚང་གི་ལོ་རེའི་ཡོང་འབབ་དང་བསྡུར་ན་ཕྱེད་ཀ་རེད་ཐུབ་མི་འདུག་ཅེས་ཟེར་ནས་ཁ་ཤ་འཐེན་བཞིན་འདུག་པས། ཕ་ཆེར་ཁྱོད་དེ་ཚང་གི་མནའ་མར་སྟེར་རྒྱུ་ཐག་བཅད་ཡོད་ཚོད་རེད་ཟེར། སྐད་ཆ་དེས་བུ་མོ་བདེ་སྐྱིད་སྒྲོལ་མའི་འཇིག་རྟེན་སྟོང་པར་གྱུར་བ་སྣང་སོང་ལ། གཏམ་སྨྲ་གཅོད་ཀྱི་མགྲིན་པ་མཆིལ་མས་བརྣངས་སོང་། རྒྱལ་ཡུམ་སྒྲོལ་མ་མཁྱེན། འདི་ད་ཆུང་དུས་རྒས་རབས་ཚོའི་ཁ་བརྡ་ཁྲོད་ནས་གོ་ཡོང་བའི་ཚང་མ་ལས་ཀྱིས་གར་བསྐོས་རེད་ཟེར་ནས་བཤད་བཞིན་ཡོད་པ་དེ། འདི་དང་འདི་འདྲ་བའི་བསམ་ཡུལ་ལས་འདས་པའི་བྱུང་བ་མཐའ་དག་ལ་ཟེར་བ་ཡིན་ནམ་ཞེས། མོས་ཤུགས་རིང་ཞིག་འཐེན་ཞོར་དུ་ཁེར་ལབ་ཤོར།
མ་བསམ་ས་ཞིག་ཏུ་ཁེལ་འགྲོ་བ་ནི་འཇིག་རྟེན་གྱི་ཆོས་ཉིད་ཡིན་ནམ། ཕ་མའི་བཀའ་ཆད་དང་གཉེན་ཉེ་ཚོའི་གྲོས་ཆོད་ལྟར་མོ་རང་གནས་ལ་འགྲོ་དགོས་བྱུང་འདུག། ཁྱིམ་མཚེས་རྒད་མོ་བསམ་ཤེས་ཅན་ཚོས་ཀྱང་བུ་མོ་བདེ་སྐྱིད་སྒྲོལ་མའི་བསམ་བློ་འཁོར་ཅི་ཐུབ་ལ་འབུང་། ད་ནི་འཇིག་རྟེན་གྱི་འགྲོ་འགྲོས་ལྟར་ཁྱོད་རང་འཁོར་བ་འཛིན་དགོས་བྱུང་བ་དེ། ཁྱོད་ཀྱིས་ཀྱང་དེ་ཙམ་སྡུག་ཏུ་མ་སྣང་། རྟགས་དང་རྟེན་འབྲེལ། ཁ་ལས་རླུང་རྟ་ལ་གནོད་འགྲོ། ཁོག་རྒྱ་ཡངས་པོ་བྱོས་དང་ཁྱོད་ཀྱི་སེམས་ཁོང་དུ་ཚེས་པའི་ཡ་ཐོད་ཀྱི་མིག་འབྲས་འདྲ་བའི་དྲིན་ཆེན་ཕ་མ་གཉིས་ཀྱི་སེམས་ཁ་འཆོར་མ་མྱོང་ལ། ཡུལ་སྡེས་ཀྱང་མིག་དཔེ་ཡར་ལྟོས་བྱེད་སར་མ་གཏོགས་ཚིག་ངན་པའི་མྱི་ཁ་འཁོར་མྱོང་མེད་པས། དེ་དག་ཡོད་ཚད་ཁྱོད་ཀྱིས་དགའ་བ་སྒོམ་དགོས། གཟི་བརྗིད་དུ་བརྩི་དགོས་ཟེར་ནས་མང་པོ་ཞིག་གིས་བཤད། སྐབས་དེར་བུ་མོ་བདེ་སྐྱིད་སྒྲོལ་མས་བསམ་པར་བུ་མོ་ཞེས་པའི་སྐྱེ་བ་འདི་ཅི་འདྲ་ལས་ངན་པ་ཞིག། དུས་ཚོད་བརྒལ་ལ་ཉེ་བའི་ཚོང་རྫས་ཞིག་དང་འདྲ་བར་ཅི་སྔ་གང་མགྱོགས་གིས་ཕྱིར་རུ་ཕུད་གང་ཐུབ་བྱེད་ནས། ཐ་ན་རང་ཁྱིམ་ལ་ཡང་འཇིག་རྟེན་གྱི་ཆོས་ཉིད་ཟེར་བ་ཞིག་ལ་ཁ་གཡར་ནས་མི་འགྲོ་འདུག་ས་མེད་པ་ཞིག་རེད་འདུག་དྲན་ནས་ཡིད་ཆད་སོང་། ཨ་མ་གཡུ་སྒྲོན་གྱིས་ངེད་ཕ་མ་གཉིས་ལ་ཁའི་ཉི་མ་དང་ལ་གཏིང་གི་གྲིབ་མ་ཡིན་པ་བརྗེད་སོང་ངམ། ངེད་གཉིས་ནམ་ཞིག་ལ་བུད་འགྲོ་བ་སུས་ཤེས་རླུང་ཁའི་མར་མེ་ལྟ་བུ་ཡིན་པ་རེད། དེ་བས་མི་འདི་ཁྱོད་ལ་ཚེ་གཅིག་གི་སྐྱིད་ཡ་སྡུག་རོགས་བྱེད་ན་འཁྱུག་མེད་པ་སྒོམ་ཡོད་ཅེས་བཤད།
ཤིན་ཏུ་མཐོ་བའི་ལྷོ་ཕྱོགས་ཀྱི་མཁའ་དབྱིངས་ནས་དགུང་ཉི་མ་འཇིག་རྟེན་ཁམས་ལ་ཇི་བཞིན་ཚ་དྲོད་ཉམས་ཞིང་འོད་མདངས་ཞན་པའི་ངང་ནས་ནུབ་ཕྱོགས་སུ་སྙེག་བཞིན་འདུག། དེ་ལས་ཀྱང་སྟོན་འཇུག་གི་གནམ་ངོར་གྲང་འདར་རྒྱག་འགྲོ་བ་ནི་བུ་མོ་བདེ་སྐྱིད་སྒྲོལ་མའི་སེམས་ཁམས་ལས་གཞན་ཅི་ཡོད། སྐབས་དེར་མོས་མཚམས་སྤྲིན་ལ་ཅེར་ནས་གལ་ཏེ་དམར་ལ་གསལ་བའི་དོ་དགོང་གི་མཚམས་སྤྲིན་འདི་ངའི་ལང་ཚོ་ཡིན་ན། ནག་ལ་འཇིགས་པའི་སྨག་རུམ་ཞིག་གིས་བསྒྲིབས་ཚར་ལ་ཉེ་འདུག། སང་ཉིན་སྐྱ་རེངས་ཀྱིས་མཉམ་དུ་བུ་མོ་བདེ་སྐྱིད་སྒྲོལ་མས་ཨ་མ་དང་ལྷས་རྡང་སྒོ་ཁྱི་སོགས་ལ་མིག་ཆུ་ཡིས་གྱེས་བརྡ་འཇོག་བཞིན་འགྲོ་དགོས་སོང་། ཕ་མ་གཉིས་ཀྱིས་གཅེས་ལད་སོང་ཞིང་མཁའ་ལ་ལྡིང་བའི་བྱ་རྒོད་ཇི་བཞིན་ཉི་ཤུ་སྣང་བ་དགུང་དུ་འཕྱོ་བའི་བུ་མོ་ཞིག་གིས། རེས་དགའ་རེས་སྡུག་གིས་གྲུབ་པའི་འཁོར་བའི་ཐང་ཆེན་དེ་རྒྱུད་ནས་ཁྱིམ་ཚང་ཞིག་གི་བདག་མོར་བཟུང་བཞིན་དཀའ་སྡུག་ཡོད་ཚད་ཕྲག་ཏུ་ཁུར་དགོས་པ་དེ་ལ་སྐྲག་པ་ལ་ཟེར་བཞིན། ཁྲ་སྒོར་སྒོར་གྱི་མིག་མཐའ་དེ་ནས་ཡུན་རིང་བསྲན་ཡང་མ་ཁོགས་པའི་མིག་ཆུ་འཐོར་སོང་མཆི་མ་དེ་དག་མོའི་མཁུར་ཚོས་དང་ཁ་གྱེས་ཏེ།སྟོད་ལྭའི་གོང་ཕུར་གྱི་ངོས་སུ་འཐིམ་ནས་སོང་།དྭངས་གསལ་གྱི་ཟླ་བ་དེ་སྤྲིན་ནག་གིས་གཡོག་ནས་འཇིགས་ཡོ་རེའི་མུན་ནག་ཅིག་མོའི་རུམ་ཁར་མཆོང་སོང་།
རྫ་བཟའ་མ།
2002 ལོར་རྫ་སྟོད་རྫོང་སྨུག་གཞུང་ཡུལ་ཚོར་སྐྱེས། དངོས་མིང་ལ་སྒྲོན་དཀར་དབང་མོ་ཞེས་འབོད། སློབ་གྲྭ་ཆེ་འབྲིང་ཆུང་གསུམ་འགྲུམ་པའི་གོ་སྐབས་མ་ཐོབ་པའི་འབྲོག་མོ་དཀྱུས་མ་ཞིག་ཡིན། ཡི་གེས་ཀློག་འདོན་རང་ཁྱིམ་ནས་བསླབས། ཆུང་དུས་ནས་བོད་ཀྱི་སྲོལ་རྒྱུན་རིགས་གནས་དང་། གླིང་སྒྲུང་སོགས་དགའ་མོས་ཧ་ཅང་ཆེ། ཡུལ་ཤུལ་ཁུལ་རྩོམ་པ་པོ་མཐུན་ཚོགས་གི་ཚོགས་མི་ཡང་ཡིན། མིག་སྔར་རང་སྦྱོངས་གི་ཞོར་དུ་ལྷུག་རྩོམ།༼ ས་སྲོད་ཁྲོད་ཀྱི་གྱེས་ཕྱག ༼ ཕྱིར་དྲན་ཀློང་གི་ཨ་མྱེས།༽ སོགས་དུས་དེབ་དང་ཚགས་པར་དུ་བཀོད་ཡོད།
སྙན་ངག •ལོ་རྒྱུས། •ཆོས་ལུགས། •དཔྱད་རྩོམ། •བསྒྱུར་རྩོམ། •སློབ་གསོ། •གླུ་གཞས།
ཆུ་དམར་རྩོམ་རིག་འཕྲིན་སྟེགས།
ཡིག་སྒམ། 1659774550@qq.com
扫码关注
能看到很多生活乐趣
▼ 点击下面语音,播放歌
འཕྲིན་སྟེགས་སུ་མི་སྒེར་རམ་ཚོགས་པ་གང་གི་ཁེ་དབང་ལ་གནོད་པའི་ནང་དོན་ཡོད་ཚེ་མྱུར་དུ་ང་ཚོར་འབྲེལ་གཏུག་བྱོས་དང་དྲ་ངོས་ནས་བསུབ་ངེས་ཡིན།
དེ་ནང་བཞིན་སྐུ་ཉིད་ཀྱི་སྙན་རྩོམ་དང་གླུ་གཞས་གསར་པ། པར་རིས་དང་རྩོམ་རིག་བརྩམས་ཆོས་སྤེལ་འདོད་ཚེ་རྩ་བའི་ཆ་རྐྱེན་ཆབ་སྲིད་དང་མི་འགལ་བའི་ཐོག་འོག་གི་འབྲེལ་ལམ་རྒྱུད་དེ་འབྲེལ་བ་བྱོས་དང་ཁྱེད་ཀྱི་འདོད་བློ་ལྟར་གང་ཐུབ་བྱ་ངེས།