ཆུ་དམར་རྩོམ་རིག་སྤྱི་སྟེགས་སུ་ཕེབས་པར་ལེགས།
རྨ་ཆུའི་འགྲམ་གྱི་བརྗེད་བྱང་།
རྣོ་འོད།
སྐམ་ཚད་ཀྱིས་གདུང་བའི་རྨ་ཆུའི་འགྲམ་དུ་
ཞེན་ཆགས་ཀྱིས་མཁོ་མ་སོད་པའི་གཏམ་རྒྱུད་ཀྱི་བྱུང་བ་འདུག
ཁྱོ་ག་ལག་ནས་ཤོར་བའི་སྐྱེས་དམན་ཞིག་གི་འཁང་ར་འདུག
དུས་ད་ལྟ་
རྨ་ཆུ་ལས་གྱེས་བྲལ་དང་འདུ་འཛོམས་མངོན་བྱུང་།
ཕ་ཡུལ་ལྟར་སེམས་ཐག་ཉེ་བའི་རྨ་ཆུའི་འགྲམ་དུ་
ཆ་མེད་ཀྱི་མྱི་གཉིས་ཆ་ཡོད་དུ་གྲུབ་པའི་དབུ་འཁྱུད་ཡོད།
ལོ་ཟླའི་བཙན་གྱིས་ཟོས་པའི་ན་ཚོད་ལ་
བློ་འགྱོད་པའི་ཡི་མུག་ཡོད།
རྨ་ཆུ་ལགས།
ཁྱེད་རང་ག་ལེར་གཞུར་ནས་འགྲོ་དུས་
ནག་ཉེས་མེད་པའི་བརྩེ་དུང་ཆེ་ཆུང་དག་ཁྱེར་རོགས་ཞུ་
བདེན་དཔང་མེད་པས་དམ་བཅའ་ཐེད་པོ་དག་འཁུར་རོགས་ཞུ།
རྨ་ཆུ་ལགས།
ད་ལྟ་དང་ད་སྔོན་གྱི་
དེ་རིང་དང་ཁ་སང་གི
མགྲིན་པ་ལས་ཤོད་ཐབས་མེད་ཅིང་
སྙིང་ཁ་ནས་སྟོན་ཐབས་བྲལ་ལ་
ངུ་སྙིང་བྲོ་བའི་འཚོ་བ་དང་བརྩེ་དུང་དག་
ཡང་ཡང་གཙང་ཞིང་དག་པར་འཁྲུད་རོགས་ཞུ།
2023-3-18ལ་ནང་གྲོགས་ཚ་ཁུ་དང་ལྷན་དུ་རྨ་ཆུའི་འགྲམ་གྱི་བརྗེད་བྱང་དུ་བྲིས།
ཟླ་བདུན་པ།
ཟླ་བདུན་པ་
ང་ལ་ཐང་ཆད་དུས་སུ་
མིག་ཟུང་བཙུམ་སའི་དབྱར་ཀ་ཞིག་གནང་རོགས་
ཞེན་ཆགས་དང་ལན་ཆགས་གཉིས་ལ་མགོ་བོ་སྔས་ཏེ
དྲན་པ་གསོ་ཆོག་སའི་བྲང་གཞུང་དྲོད་མོ་ཞིག་གནང་རོགས།
ཟླ་བདུན་པ་
རྩི་ཏོག་གི་ཚེ་སྲོག་དང་མཛེས་སྡུག་གི་སྣང་བརྙན་འཁུར་
བུད་མེད་ཀྱི་མཆོར་སྒེག་དང་ལན་བུ་ཡི་ཉག་མ་འཁུར་
ད་དུང་
སྐད་ཅིག་མའི་རེ་བ་དང་རྨི་ལམ་འཁུར།
དབྱར་ཟླ་ཐ་མར་
ཕུགས་བསམ་དང་འཚོ་བ་ལ་སྒ་ཆ་སྤྲད་
དགའ་ཕྱོགས་ལ་ཐུག་འཕྲད་ཀྱི་ན་ཚོད་འང་རྙེད་
ལོ་ཟླའི་འགྲོས་དང་བསྟུན་
ལོ་རྒྱུས་ཀྱི་རྨ་དང་་ཁ་ལངས་ཚོའི་བདེན་པ་འཚོལ།
ཡིག་ཆུང་ཇ་དྲི་མ།
དར་རྩེ་མདོ་ནས་ཇ་ཞིག་འཐུང་རྗེས་
ཇ་རྟའི་མནའ་ལམ་ནས་
ཞེ་འདང་བརྩེའི་ནང་སེམས་སྦྲེལ་མྱོང་བའི་
གཞོན་ནུ་ཕོ་མོ་གཉིས་ཀྱི་གཏམ་རྒྱུད་གློ་རྡེག་ཏུ་དྲན་བྱུང་།
མདང་
ངའི་སྔས་འགྲམ་དུ་རྨི་ལམ་བབས་པས་
སང་ཉིན་གྱི་སྐྱ་རེངས་ལ་དེ་བས་རེ་ལྟོས་བྱུང་
ད་ནི་
སུ་ཞིག་གིས་ལམ་གྱི་གཡས་ཡོན་ནས་
ཁ་ནང་དུ་ཕྱོགས་ནས་སྐྱོ་ཉམས་ཚད་མེད་པའི་ཚུལ་རེ་རེས་
ཁྱོད་རང་དཔྱིད་ཀའི་ཀློང་དུ་སྐྱལ་སྲིད།
དུས་ཚོད་དང་ལོ་ཟླ་རེ་ཟུང་རྙིང་རྗེས་
ངའི་མཆི་མ་གཏོང་བཞིན་མཆི་མ་མུད་དགོས་བྱུང་
ཟིན་བྲིས་རེ་འགའི་ངོས་སུ་སྐྱལ་ཟིན་པ་དང་
ཞེ་སྨྲེང་བའི་སྐབས་ཀྱི་འཚོ་བའི་མཇུག་སྡོམ་བྲིས་ཡོད་ལ་
མཇུག་སྡོམ་རེ་རེ་ལ་
ཁ་བྱང་དཀར་ཆགས་རྫོགས་ཚིག་ཞིག་བཅས་བྲིས་འདུག
དར་སྐུད་སྐྱ་བོ།
དཀར་པོའི་གསེང་དུ་ནག་པོ་ཞིག་བབས།
མུན་ནག་གི་ཁ་དོག་དེ།
སྨག་ནག་པའི་མཚན་མོ་ཞིག་དང་མཚུངས།
མཚན་མོའི་དཀྱིལ་དུ་
མཚོན་དོན་ཞིག་ངང་གིས་འཆར་གྱིན་འདུག
ཞིབ་ཏུ་ལྟས་ན་སྐྱ་འཐབ་པའི་རི་མོ་ཞིག་རེད།
དོག་པ་དང་འདྲི་གཞི་མང་བའི་ཚིག་གི་སྐུད་པ་ཞིག་རེད།
སྐྱ་བོ་ཞིག་ཀྱང་རེད།
དཀར་པོའི་གསེངས་ཡང་ཡང་སྐྱ་བོ་ཞིག་བབས།
སྐྱ་ཐིང་ཐིང་གི་ངོ་གདོང་གི་རྣམ་པ་ལས་
བསླུ་འདྲིད་དང་དགའ་སྐྱོ་མ་ཐེགས་པ་མངོན།
བུད་མེད་དང་བརྩེ་དུང་གཉིས་ལས་
ཆེས་ཆེ་བའི་གྱོང་རག་པ་མངོན།
ཁ་དོག་གཉིས་ཀྱི་སྐྱ་འཐབས་པའི་འཇུག་འབྲས།
ཆད་སླ སྡོམ་སླ དར་སྐུད་སྐྱ་བོ།
རྟག་ཏུ་ངུ་བའི་རྩྭ་ཐང་དང་སེམས།
དེ་དུས་
སྐྱོ་སྣང་མེད་པའི་ལུང་པ་དེས་ཕུ་ནས་
ཨ་ཕའི་ང་རྟ་ཁྱུ་འཚོས་ཟེར།
ད་ལྟ་ འཚེར་སྐད་ཁོ་ན་ངའི་དྲན་རྟེན་བྱེད་ཐུབ།
དེ་དུས་
བྱེ་མ་མེད་པས་ན་སྤང་དེས་མདའ་ནས་
ཨ་མའི་ང་རང་ལུག་ཁྱུ་འཚོས་ཟེར་
ད་ལྟ་ ངའི་ལུ་གུ་ཆུང་ཆུང་དེས་སྣང་བརྙན་ཁོ་ན་རི་མོ་འབྲི་ཐུབ།
དེ་དུས་
འུར་ཟིང་མེད་པའི་སྦྲ་ཆོན་དེས་འདབས་ནས་
ནུ་མོའི་ང་རང་རྩེད་རྡོ་སྒྲིགས་རོགས་་ཟེར་
ད་ལྟ་ འཚེར་ཤུལ་དུ་རྭ་ཅོ་འགའ་ལས་ཅི་ཡང་ལྷག་མ་ཐུབ།
དེ་དུས་
སེམས་ཁུར་མེད་པའི་བྱིས་པ་དེས་ངག་ནས་
ང་རང་ལག་ཆགས་པ་ཧ་ཅང་བྲེལ་ཟེར་
ད་ལྟ་ འཚོ་བའི་ཕྱི་ནང་གཉིས་སུ་ དགའ་མ་ཐེགས། སྐྱོ་མ་ཐེགས།
འཁྲུལ་སྣང་དང་དངོས་ཡོད་མ་ཐེགས་པར་ལུས་འདུག
འཕོ་བ།
ད་ལྟ་བ་འཆི། འདས་པ་ཤི། མ་འོངས་པ་འཆི།
གཤིན་རྗེ་ཕོ་ཉ་ཕོ་མོའི་ལྐོགས་ཇུས་ཀྱི་གཙན་འཛུལ
དབང་ལག་ནས་འཕྲོག་ཅིང་
འདོད་ཡོན་རྗེས་སུ་བསྐྱུར་དགོས་བྱུང་བའི་དམར་ལས་ཀྱི་ཆོ་ག
བསམ་མི་ཕོད་ལ་
དྲན་མི་ཤེས་པའི་འཆི་བ་
ཆོས་ཉིད་དང་འཁྲུལ་སྣང་གཉིས་ཀྱི་འཐབས་ར་རུ་
འདང་མི་ཕོག་པའི་མི་ཚེ་ཧྲིལ་བོ་
མཐར་དད་ན་དབུགས་གཏོང་ལེན་གཅིག་གི་འགོ་རྔ་གཉིས་སུ་གྲུབ
ནམ་ཞིག་
ཁོ་ཚོ་ནང་བཞིན་
དེ་ལས་ཀྱང་འདས་གྲོངས་སུ་སོང་བའི་ཨ་མ་དང་ཨ་ཡེས་ཨ་ཁུ་དག་ནང་བཞིན་
ང་འང་ལྔ་ལམ་དུ་འགྲོ་ལ་
འཆི་རྐྱེན་ཞིག་རྒྱུ་མཚན་དུ་བྱས་ཏེ་
ཡང་འགྲེལ་དང་བསྐྱར་འགྲེལ་མེད་པའི་འཆི་ལམ་དུ་སོང་ཡོད་ངེས།
སྙན་ངག •ལོ་རྒྱུས། •ཆོས་ལུགས། •དཔྱད་རྩོམ། •བསྒྱུར་རྩོམ། •སློབ་གསོ། •གླུ་གཞས།
ཆུ་དམར་རྩོམ་རིག་འཕྲིན་སྟེགས།
ཡིག་སྒམ། 1659774550@qq.com
扫码关注
能看到很多生活乐趣
▼ 点击下面语音,播放歌
འཕྲིན་སྟེགས་སུ་མི་སྒེར་རམ་ཚོགས་པ་གང་གི་ཁེ་དབང་ལ་གནོད་པའི་ནང་དོན་ཡོད་ཚེ་མྱུར་དུ་ང་ཚོར་འབྲེལ་གཏུག་བྱོས་དང་དྲ་ངོས་ནས་བསུབ་ངེས་ཡིན།
དེ་ནང་བཞིན་སྐུ་ཉིད་ཀྱི་སྙན་རྩོམ་དང་གླུ་གཞས་གསར་པ། པར་རིས་དང་རྩོམ་རིག་བརྩམས་ཆོས་སྤེལ་འདོད་ཚེ་རྩ་བའི་ཆ་རྐྱེན་ཆབ་སྲིད་དང་མི་འགལ་བའི་ཐོག་འོག་གི་འབྲེལ་ལམ་རྒྱུད་དེ་འབྲེལ་བ་བྱོས་དང་ཁྱེད་ཀྱི་འདོད་བློ་ལྟར་གང་ཐུབ་བྱ་ངེས།