ཆུ་དམར་རྩོམ་རིག་སྤྱི་སྟེགས་སུ་ཕེབས་པར་ལེགས།
༄༅།།ངས་གཅེས་སུ་འོས་པའི་ནོར་བུ་ཆ་བདུན།
དབྱངས་སྲས་པོ།
མགོ་བརྗོད།
ངས་གཅེས་སུ་འོས་པའི་ནོར་བུ་ཆ་བདུན། འདི་ལྟར་བློ་བུར་དུ་ཐོལ་བྱུང་གི་སྙན་ཚིག་ཁ་ཤས་བརྗོད་གཞིར་བྱས་ནས། ཟུག་རྔུ་བསླངས་ཡོང་བའི་དུས་ཚོད་ཀྱི་གོ་རིམ་ཁྲོད་དུ། གཅིག་རྗེས་གཉིས་མཐུད་ཀྱི་འཇིག་རྟེན་དཀར་ངོགས་འཚོལ་བའི་འུ་ཅག རྣམ་ཤེས་ཀྱི་ངལ་དུབ་དང་ལྷན་དུ་རང་རང་གི་ཁ་ཕྱོགས་ཉུལ་བའི་མགོ་བརྩམས་པ་ནས་བཟུང་། ཉི་ནུབ་ཀྱི་འོད་སྣང་དང་འགྲོགས་པའི་མཚམས་སྤྲིན་བཞིན་དུ། མི་ཚེའི་གོ་རིམ་མང་པོ། རང་བྱུང་གི་སྒྲོམ་གཞི་ཞིག་ལ་གཏན་ཁེལ་བྱུང་ཟིན་པའི་མཛེས་རིས་ལྟ་བུའི་ཕྱིར་དྲན་ཞིག་ཡོད་ནའང་། ད་ལྟ། གཡའ་དག་པའི་དྭངས་གཙང་གི་བྱིས་བློ་དེ་དག་སྟོན་མཇུག་གི་ལོ་ཏོག་ལྟར། གར་སོང་ཆ་མེད་དུ་གྱུར་སོང་། ཡིན་ནའང་འོད་སྟོང་ལྡན་པའི་འདུན་ལམ་གྱི་རྩེ་མོར་ན། འུ་ཅག་ཐུན་མོང་ལ་དབང་བའི་ཚེ་སྲོག་གི་རང་མདངས་ཞིག་ཡོད་པར་སྨོན་ནོ
༡ ངས་གཅེས་སུ་འོས་པའི་ནོར་བུ་ཆ་བདུན།
ང་ནི་དེ་རིང་ཁྱེད་ཅག་དང་ཁ་ཐག་རིང་དུ་བསྐལ་བའི་སྤོས་ལྡན་གྲོང་ནས། དུས་ཚོད་ཀྱི་རླུང་བུས་ཁུར་ཚར་བའི་ལོ་ཟླ་དེ་དག་ལ་ཕྱིར་དྲན་བྱེད་བཞིན། བྱིས་དུས་ཀྱི་བག་ཆགས་ལ་རྒྱུས་པའི་ཚིག་གི་དོ་ཤལ་རེ་རེ་ཁྱེད་ཅག་ལ་སྨོས་ན། མཎྡལ༵་ལྟ་བུའི་ལྷུན་པོར་བཞུགས་པ་རང་བྱུང་གི་ཆོས་ཉིད་དམ་སྐྱིད་སྡུག་གི་གོ་རིམ་རེ་རེས། ཁྱེད་ཚོ་ལ་བར་ཆད་དང་དཀའ་ཁག་གང་ཡང་སྤྲད་མེད་སྨོན་ལམ་སྙིང་ནས་ཞུའོ།
༢ ངས་གཅེས་སུ་འོས་པའི་ནོར་བུ་ཆ་བདུན།
ད་སྐབས་འུ་ཚོ་རང་རང་གི་ལམ་ཕྱོགས་ལ་འབད་བརྩོད་བྱེད་བཞིན་མཆིས་ནའང་། ངས་ཁྱེད་ཚོ་ལྷག་པར་དྲན་བཞིན་ཡོད། བརྗིད་ཉམས་ལྡན་པའི་གྲོང་ཁྱེར་ག་གེ་མོ་རུ་སོང་ནའང་ཆོག་ལ། མཛེས་དཔལ་གྱིས་སྒེག་པའི་ཨུཏྤལ༵་གྲངས་མེད་མཐོང་ནའང་རུང་། ད༵ལ་གྱིས་འཇགས་པའི་ལོ༵་ཏོག་གི་འབྲས་བུ་བཞིན་དུ། གསོན་ཤུགས་ལ་སྤོབས་པ་རྒྱས་པའི་ཁྱེད་ཅག་ངས་ཧ་ཅང་དྲན་བཞིན་ཡོད། རྒྱུ་མཚན་འུ་ཅག་མིང་སྲིང་དུ་གྱུར་བའི་གོ་རིམ་དེས་ཁྲོད་ནས། ངས་ཁྱེད་ཚོ་ལ་བསམ་སྦྱོར་གང་ཐད་ནས་ཅི་ཡང་ཕན་མ་ཐོག་པས་ཡིན། དོན་དེ་ལ་དངོས་ནས་དགོངས་དག་ཞུའོ།
༣ ངས་གཅེས་སུ་འོས་པའི་ནོར་བུ་ཆ་བདུན།
བདག་ནི་ཆུང་དུས་ནས་གུས་མེད་ལུགས་མེད་ཀྱི་ཁྲམ་པ་ནང་བཞིན་འཚོ་བའི་དངོས་ལ་དོན་ཉེར་མེད་པར། རི་ཁྲོད་དུ་སྒྲོ༵ན་པའི་གློག་འོད་བཞིན་དུ་ཁེར་རྐྱང་གི་གྲིབ་གཟུགས་དང་ལྷན་དུ་ཐ༵ར་བ་འཚོལ་སའི་དགོན་པར་ཕྱིན་ནའང་། ད་ཆ་འཚོ་བ་དང་སེམས་ཁམས་སྐབས་རེར་མ་གཏོགས་བདེ་ཞིང་སྐྱི༵ད་པས་ཡོད། གཏམ་དེ་གོ་མ་ཐག་ཁྱེད་ཚོ་རབ་ཏུ་དགའ་ནའང་། གླེང་ཕྱོགས་འདི་འདྲ་བཟོ་དགོས་པའི་དམིགས་ཡུལ་རྣལ་མ་དེ་ཅི་ཡིན་པ་ངས་ཀྱང་རིགས་འདེད་བྱེད་མི་ཐུབ། གང་ལྟར་ཀྱང་འུ་ཅག་ལ་རང་རང་དང་འཚམས་པའི་འདུན་ལམ་ཞིག་ཡོད་པར་ཤོག
༤ ངས་གཅེས་སུ་འོས་པའི་ནོར་བུ་ཆ་བདུན།
འུ་ཅག་ཟླ་བ་ཁ་ཤས་ལ་ཐུག་འཕྲད་བྱུང་མེད། ད་ལྟའི་དུས་ཚོད་ཀྱི་ཐག་སྒྲས་ཁྲོད་ན། ཁྱེད་ཅག་གི་མི་ཚེ་གོ་རིམ་བརྒལ་བཞིན་ཡོད་སྲིད། ཡིན་ན་ཡང་། སྤྱི་ཚོགས་ཀྱི་སློབ་གསོའི་རིན་ཐང་ལ་ནག་ཉེས་ཀྱི་གནོལ་གྲུབ་ཕོག་ཡོད་པས། པ༵་ས༵ངས་ལྟ་བུའི་སྤོབས་པ་དང་བདེན་སྐྱོང་གི་འཚོལ་སྙེགས་བག་ལ་ཞ་མི་རུང་། ངེས་པར་དུ་ལྷ༵་དང་སྲུང་མའི་སྐྱབས་འཇུག་འོག་ནས། ཤེས་རབ་ཀྱི་བཙན་ས་ཟིན་དགོས་ལ། ལས་དབང་གི་རྒྱུད་རིམ་ཆེན་མོ༵་ནས། ཅིས་ཀྱང་མཚར་སྡུག་གི་མི་ཚེ་ཞིག་རང་ལ་དབང་བར་བྱེད་དགོས།
༥ ངས་གཅེས་སུ་འོས་པའི་ནོར་བུ་ཆ་བདུན།
སྒེའུ་ཁུང་འདི་ནས་དེ་རིང་གི་མཇུག་མཐའི་ཉི་འོད་ལ་ལོངས་སྤྱོད་བྱེད་ཚེ༵། ངས་འདི་ལྟར་དྲན་བྱུང་། ལེགས་ཉེས་སྣ་ཚོགས་ཀྱི་ཡོལ་བ་འཐེན་པའི་དུས་རབ་ཉེར་གཅིག་པ་ལྟ་བུར་མཚོན་ན། ལྷང་འཇགས་ཀྱི་གླིང་དུ་དུས་ཚོད་སྐར་ཆ་ཙམ་ཡང་འདུག་དབང་མེད་པར་འགྲན་རྩོད་ཀྱི་ཆགས་སྡང་བསློངས་བཞིན་འདུག་ནའང་། ཁྱེད་ཚོས་རྨོངས་འཐོམ་གྱི་ཟློས་གར་མི་འཁྲབ་པར། ཆོས༵་རིག་གི་རྩེ་མོར་སྙེགས་པའི་ཤེས་བྱ་མཐའ་ཡས་པ་ལ། སློབ་གཉེར་བྱེད་པའི་གོ་རིམ་འདིས་ཁྲོད་ནས་གུ་ཡངས་དང་བདེ་ཐང་ངང་དུ་མི་ཚེ་འཁྱོལ་ན་བསམ་བྱུང་།
༦ ངས་གཅེས་སུ་འོས་པའི་ནོར་བུ་ཆ་བདུན།
ལོ་ངོ་མི་ཉུང་བའི་ཡར་སྔོན་ཞིག་ནས། ཁྱོད་ཀྱི་ཕ་རྒན་དང་མ་རྒན་གཉིས་ཀྱིས། དཀའ་སྡུག་གི་རྔུལ་ཆུ་རེ་རེ་གདོང་ལེན་བྱས་ནས། ཁྱོད་ལ་འདུན་ལམ་གསར་བ་ཞིག་གཏན་ཁེལ་བྱས་ཡོད་པས། རེ་འདུན་གཙང་མ་དང་སྨོན་ལམ་རྣམ་དག་དེས་རྐྱེན་གྱིས། འོ༵ད་ཟེ༵ར་ལྡན་པའི་དེ་རིང་གི་ཉི་མ་དེ་མཐོང་ཐུབ་པ་ཡིན། རྒྱུ་མཚན་དེའི་ཕྱིར་ན་དུས་དེ་རིང་བཟུང་སྟེ། རང་གི་ལྷག་པའི་ལྷ་སྐལ་མ་ཡུམ་རྗེ་བཙུན་སྒྲོ༵ལ་མ༵་ལ་གསོལ་བ་རྩེ་གཅིག་ཏུ་འདེབས་ནས། མི་ཚེ་དོན་སྙིང་འཚོལ་ལ་ཞུམ་མེད་ཀྱི་སྤོབས་པ་སྐྱེད་དགོས།
༧ ངས་གཅེས་སུ་འོས་པའི་ནོར་བུ་ཆ་བདུན།
དེ་རིང་ངས་གཉེན་ཉེ་ཞིག་གི་སྐད་འཕྲིན་གྱི་རྒྱབ་ངོས་བརྒྱུད་དེ། ཁྱེད་ཚོའི་རང་བྱུང་གི་འཛུམ་ཞལ། མཚར་སྡུག་གི་ལང་ཚོ། དྲི་བྲལ་དྭངས་གཙང་གི་གཞོན་ཤ་རྒྱས་པར་མཐོང་ཚེ། ངས་དེ་ལ་ཡི༵་རུང་བྱེད་བཞིན་ཡོད། མ་འོངས་འབྱུང་འགྱུར་གྱི་ལམ་བཟང་སྙིང་ལ་ད༵མ་པོར་བཅིངས་ཞིང་། ད་ལྟའི་གནས་བབས་ལ་སྦྱོང་བརྩོན་གྱི་གོ་རིམ་ལྡན་པ་འདི་འང་ཡོད་ཚད་ཁྱེད་ཚོའི་རང་རང་གི་བསྐྲུན་པ་མཐའ་དག་རེད་འང། དེས་ན་ངས་འདི་ནས་ཁྱེད་ཅག་ལ་བདེ་སྐྱི༵ད་ལྡན་པའི་སྨོན་འདུན་དང་བཅས་ཏེ། མི་ཚེའི་རིན་ཐང་ཅན་དུ་བསྒྱུར་བའི་གོ་སྐབས་ཚང་ལ་མ་ནོར་བའི་ལོ་ཆུང་གི་དུས་ཚིགས་དེ་བེད་སྤྱོད་ཡག་པོ་ཞིག་གཏོང་ཐུབ་པའི་རེ་བ་བརྩེགས་མ་ཡོད།
མཇུག་བརྗོད།
ངས་གཅེས་སུ་འོས་པའི་ནོར་བུ་ཆ་བདུན། ཁྱེད་ཚོ་མེ་ཏོག་ལྟ་བུར་ལང་ཚོ་གཟི་དཔལ་དང་མཛེས་སྡུག་གིས་སྤུད་དགོས་ལ། ཁྱེད་ཚོ་རྦབ་ཆུ་བཞིན་དུ་འདུན་ལམ་གྱི་གཙང་བོ་ཐོགས་མེད་དུ་བཞུར་དགོས། མ་ཟད། ཕ་མ་དང་གཉེན་ཉེའི་ཚོའི་རེ་འདུན་གྲངས་མེད་མཚོན་པའི་འོད་སྣང་ཡིན་ལ། སྤོབས་པའི་རི་རྒྱལ་ཡང་ཡིན།
༼མྱུ་གུའི་སྟོབས༽ཚང་གི་སྙན་ངག་སྤེལ་ཐེངས་ལེའུ།
ཆུ་དམར•མྱུ་གུ་སྟོབས་ཚང་གི་སྙན་ངག་སྤེལ་ཐེངས། ༼ ༡ ༽
ཆུ་དམར•མྱུ་གུའི་སྟོབས་ཚང་གི་སྙན་ངག་སྤེལ་ཐེངས། ༼ ༢ ༽
ཆུ་དམར•མྱུ་གུའི་སྟོབས་ཚང་གི་སྙན་ངག་སྤེལ་ཐེངས། ༼ ༣ ༽
ཆུ་དམར•མྱུ་གུའི་སྟོབས་ཚང་གི་སྙན་ངག་སྤེལ་ཐེངས། ༼ ༤ ༽
ཆུ་དམར•མྱུ་གུའི་སྟོབས་ཚང་གི་སྙན་ངག་སྤེལ་ཐེངས། ༼ ༥ ༽
ཆུ་དམར•མྱུ་གུའི་སྟོབས་ཚང་གི་སྙན་ངག་སྤེལ་ཐེངས། ༼ ༦ ༽
ཆུ་དམར•མྱུ་གུའི་སྟོབས་ཚང་གི་སྙན་ངག་སྤེལ་ཐེངས། ༼ ༧ ༽
ཆུ་དམར•མྱུ་གུའི་སྟོབས་ཚང་གི་སྙན་ངག་སྤེལ་ཐེངས།༼ ༨ ༽
ཆུ་དམར•མྱུ་གུའི་སྟོབས་ཚང་གི་སྙན་ངག་སྤེལ་ཐེངས།༼ ༩ ༽
ཆུ་དམར•མྱུ་གུའི་སྟོབས་ཚང་གི་སྙན་ངག་སྤེལ་ཐེངས།༼ ༡༠ ༽
ཆུ་དམར•མྱུ་གུའི་སྟོབས་ཚང་གི་སྙན་ངག་སྤེལ་ཐེངས།༼ ༡༡ ༽
ཆུ་དམར•མྱུ་གུའི་སྟོབས་ཚང་གི་སྙན་ངག་སྤེལ་ཐེངས།༼ ༡༢ ༽
ཆུ་དམར•མྱུ་གུའི་སྟོབསཚང་གི་སྙན་ངག་སྤེལ་ཐེངས། ༼༡༣༽
ཆུ་དམར•མྱུ་གུའི་སྟོབས་ཚང་གི་སྙན་ངག་སྤེལ་ཐེངས། ༼༡༤༽
ཆུ་དམར•མྱུ་གུའི་སྟོབས་ཚང་གི་སྙན་ངག་སྤེལ་ཐེངས། ༼༡༥༽
ཆུ་དམར•མྱུ་གུའི་སྟོབས་ཚང་གི་སྙན་ངག་སྤེལ་ཐེངས། ༼ ༡༦ ༽
ཆུ་དམར•མྱུ་གུའི་སྟོབས་ཚང་གི་སྙན་ངག་སྤེལ་ཐེངས། ༼ ༡༧ ༽
ཆུ་དམར•མྱུ་གུའི་སྟོབས་ཚང་གི་སྙན་ངག་སྤེལ་ཐེངས། ༼༡༨༽
ཆུ་དམར•མྱུ་གུའི་སྟོབས་ཚང་གི་སྙན་ངག་སྤེལ་ཐེངས། ༼༡༩༽
ཆུ་དམར•མྱུ་གུའི་སྟོབས་ཚང་གི་སྙན་ངག་སྤེལ་ཐེངས། ༼ ༢༠ ༽
སྙན་ངག •ལོ་རྒྱུས། •ཆོས་ལུགས། •དཔྱད་རྩོམ། •བསྒྱུར་རྩོམ། •སློབ་གསོ། •གླུ་གཞས།
ཆུ་དམར་རྩོམ་རིག་འཕྲིན་སྟེགས།
ཡིག་སྒམ། 1659774550@qq.com
扫码关注
能看到很多生活乐趣
འཕྲིན་སྟེགས་སུ་མི་སྒེར་རམ་ཚོགས་པ་གང་གི་ཁེ་དབང་ལ་གནོད་པའི་ནང་དོན་ཡོད་ཚེ་མྱུར་དུ་ང་ཚོར་འབྲེལ་གཏུག་བྱོས་དང་དྲ་ངོས་ནས་བསུབ་ངེས་ཡིན།
དེ་ནང་བཞིན་སྐུ་ཉིད་ཀྱི་སྙན་རྩོམ་དང་གླུ་གཞས་གསར་པ། པར་རིས་དང་རྩོམ་རིག་བརྩམས་ཆོས་སྤེལ་འདོད་ཚེ་རྩ་བའི་ཆ་རྐྱེན་ཆབ་སྲིད་དང་མི་འགལ་བའི་ཐོག་འོག་གི་འབྲེལ་ལམ་རྒྱུད་དེ་འབྲེལ་བ་བྱོས་དང་ཁྱེད་ཀྱི་འདོད་བློ་ལྟར་གང་ཐུབ་བྱ་ངེས།