དུག་ཆུ་ཁོལ་མའི་ཡིད་བརྗོད་ལྷུག་རྩོམ་བདམས་བཀོད།

文摘   文化   2024-10-23 19:33   青海  


  ཆུ་དམར་རྩོམ་རིག             



                                   ཆུ་དམར་རྩོམ་རིག་སྤྱི་སྟེགས་སུ་ཕེབས་པར་ལེགས།

  



རྩོམ་པ་པོ་ངོ་སྤྲོད།



  དུག་ཆུ་ཁོལ་མ།  
     ཧེ།  གྲོགས་པོ། ང་དུག་ཆུ་ཁོལ་མ་ཡིན། ང་ཨ་ན་རོ་ཨོ་ཡིན། ང་ཀ་ཁ་ག་ང་ཡིན། ང་ཨེ་མ་ཧོ་ཡིན། ང་དཀར་པོ་དང་ནག་པོ་ཡིན། ང་གོ་ལ་གཞན་གྱི་སྙན་ངག་པ་ཞིག་ཡིན། 


















           སྐྲ་ལོ་རིང་བོར་སྐྱུར་དོན།


              

                   དུག་ཆུ་ཁོལ་མ། 


     ཤར་ནུབ་ཀྱི་མི་རིགས་ག་འདྲ་ཡིན་ཡང། སྐྱེས་པ་སྐྱེས་དམན་སུ་ཞིག་ཡིན་ནའང་རྣམ་ཀུན་རང་ཉིད་ཀྱི་མགོ་དང་མགོའི་སྐྲ་ལོར་མཐོང་ཆེན་བྱེད་བཞིན་པའི་ཕྱིར་དུ་ལོ་རེ་བཞིན་དུ་དར་སྲོལ་གྱི་སྐྲ་ཚུགས་རེ་ཐོན་བཞིན་ཡོད་ཅིང་དེ་བཞིན་དར་སྲོལ་གྱི་བཏགས་མིང་རེའང་ཐོན་བཞིན་ཡོད་པ་མ་ཡིན་ནམ། སྐྱེས་པ་དག་གི་ངོས་ནས་བཤད་ན་སྐྲའི་འཇོག་སྟངས་དག་ལས་ལོ་རྒྱུས་ཀྱི་རྒྱུན་རིང་བ་མ་ཟད་ཆབ་སྲིད་དང་སྒྱུ་རྩལ་གྱི་རྒྱུད་རིམ་ལྡན་པའི་སྐྲ་ཚུགས་ཤིག་ནི་“སྐྲ་རིང་”ཟེར་བ་གན་རེད། གནའ་དེང་གི་སྒྱུ་རྩལ་པ་ཐམས་ཅད་ཀྱིས་ཏག་ཏག་སྐྲ་ལོ་རིང་བོ་རེར་སྐྱུར་བཞིན་ཡོད་ཅེས་བཤད་དཀའ་ནའང། འཛམ་གླིང་ཐོག་གི་གནའ་དེང་གི་སྒྱུ་རྩལ་པ་ཕལ་མོ་ཆེས་སྐྲ་ལོ་རིང་བོ་རེ་འཇོག་པའི་སྲོལ་ཡོད་པ་དང་སྐྲ་ལོ་རིང་བོ་ཞིག་འཇོག་རྒྱུའི་མོས་པ་དེའང་ཁོ་ཚོའི་གཅིག་མཐུན་གྱི་དགའ་ཕྱོགས་ཤིག་གམ་དད་མོས་ཞིག་ཏུ་འཁུམས། དཔེར་ན། སྙན་ངག་པ་ཧུའེ་ཐེ་མན་དང་ཆབ་སྲིད་པ་ན་ཕོ་ལོན། གླུ་གར་སྒྱུ་རྩལ་པ་ཇེ་ཁུ་ཞོན། རྐང་གྲུག་ལུས་རྩལ་པ་ཡེ་པོའུ་སོགས་ཀྱིས་མཚོན་གྱི་ཡོད། རིམ་བཞིན་རྒྱལ་ཁབ་སོ་སོའི་གྲོང་ཁྱེར་སོ་སོ་དང་ཡུལ་ལུང་སོ་སོའི་ཆེས་སྤྱིར་བཏང་གི་སྒྱུ་རྩལ་པ་དག་གིས་ཀྱང་སྐྲ་ལོ་རིང་བོར་རེར་སྐྱུར་བའི་གོམས་སྲོལ་ལམ་དད་མོས་ཤིག་ཀྱང་ངང་གིས་ཆགས་ཡོད་འདུག འོན་ཀྱང་མི་ཚེ་ཧྲིལ་པོར་སྐྲ་ལོ་རིང་བོར་སྐྱུར་ཞིང་དེ་མི་བྲེགས་པའི་དམ་བཅའ་སྲུང་ཐུབ་མཁན་ནི་ཅུང་ཉུང་གཤིས་སྐབས་སྐབས་སུ་ང་ཚོས་མི་ཚེ་གང་བོར་སྐྲ་ལོ་རིང་བོ་མི་བྲེག་པའི་ངེས་དོན་གྱི་སྒྱུ་རྩལ་པ་དེ་དག་གི་ལུས་ཐོག་ནས་ཁེར་ཐུབ་ཅེས་པའི་དད་པ་གཞན་ཞིག་རྙེད་ཐུབ་ཀྱི་འདུག 
     དེ་བཞིན་བོད་ནང་ཁུལ་ལ་མཚོན་ན་ཡང་གནའ་ནས་ད་རག་གི་བར་དུ་སྐྲ་ལོ་རིང་བོར་འཇོག་པའི་གོམས་སྲོལ་ཞིག་ཡོད་པ་དང། ཉེ་དུས་ལ་ཆ་བཞག་ན་བོད་ཀྱི་དཀྲོལ་ལེན་སྒྱུ་རྩལ་པ་བདུད་བྷེ་དང་སྙན་ངག་འབྲི་བ་བོ་གཅན་མེ་སྟག་སོགས་ཀྱིས་མཚོན་གྱི་ཡོད། ཁྱད་པར་དུ་ལོ་རབས་བདུན་ཅུ་དང་བརྒྱད་ཅུའི་ནང་གི་ཨ་མདོའི་རྡུང་ལེན་པ་དག་གིས་སྐྲ་རིང་གི་དར་སྲོལ་དེ་གཙོ་རྒྱུགས་སྐྲ་ཚུགས་ལྟ་བུའི་སྒོ་ནས་ཁྱབ་རྒྱ་ཇེ་ཆེར་བཏང་ཡོད་བཟོ་འདུག རེད་མོད། སྐྲ་ལོ་རིང་བོར་ཞིག་སྐྱུར་བ་ལ་སྐྱུར་སྟངས་ཞིག་དང་དེ་ལ་རིག་རྩལ་གྱི་ཉམས་དང་བྲོ་བ་ཡོད་མེད་ཀྱི་ཁྱད་པར་ཡང་ཧ་ཅང་ཆེན་པོ་ཡོད་པ་རེད། དེ་ཡང་མི་གཤིས་ཀྱི་སྲ་གཟུགས་ཐོག་ནས་ཧེ་བག་ཆེན་པོ་ཤོར་གྱི་ཡོད། རྒྱུ་མཚན་གཞན་ཞིག་ནི་སྐྲ་ལོ་རིང་བོར་སྐྱུར་མཁན་ཐམས་ཅད་སྒྱུ་རྩལ་པའམ་ཁེར་ཚུགས་ཅན་གྱི་མི་བུ་རེ་ཡིན་པའི་ངེས་པ་མེད་པས་སོ།། 
      ཨ་མདོ་བའི་ཡུལ་གྱི་རྡུང་ལེན་པ་དེ་ཚོ་དང་། དིང་སང་གླུ་བ་རྫུན་མ་ཡག་མདོག་ཞེ་དྲགས་རང་ཅན་པོ་དུ་ཚོའི་སྐྲ་ལོ་རིང་བོ་དེ་དག་ནི་གློག་གིས་བསགས་འཐེན་བྱས་དྲགས་པས་ན་དེ་འདྲའི་མིག་ལ་འགྲོ་མོ་མ་ཞིག་མི་འདུག་ཅེས་ངས་བཤད་ན་འདོད་ཅིང་དེ་ནི་མི་སྒེར་གྱི་བསམ་ཚུལ་ལམ་ཕྱེད་འགྲིག་ཕྱེད་ནོར་གྱི་སྐད་ཆ་ཞིག་ལས་གཞན་གྱིས་ཀྱང་དེ་ལྟར་འདོད་དགོས་ཞེས་སྒེར་གཅོད་ནི་བྱས་པ་ག་ལ་ཡིན་ཏེ་མ་ཡིན་ནོ།། ཕྱིས་སུ་སྐྲ་ལོ་རིང་བོར་སྐྱུར་བའི་བསྟན་པ་དེའང་ཉིན་བཞིན་དུ་རྒུད་པ་ནས་རྒུད་པའི་ཕྱོགས་སུ་ལྷུང་འགོ་ཚུགས་ཤིང་། དེང་སང་ཀུན་གྱིས་འཕྱ་སྨོད་བྱེད་ས་དང་མི་དགའ་པ་དང་མ་རངས་པར་མཐོང་བའི་གནས་སུ་གྱུར་ནས་ཡོད་པ་ཡིན་འདུག འོན་ཏེ། འཛམ་བུ་གླིང་གི་ཡང་དག་པའི་སྙན་ངག་པའམ་སྒྱུ་རྩལ་པ་དག་གིས་ནི་སྐྲ་ལོ་རིང་བོ་འཇོག་པའི་དད་མོས་དེ་སྔར་བཞིན་རྒྱུན་སྐྱོངས་ནས་ཡོད་པ་མ་ཟད། སོ་སྐྱེས་ཕལ་མོ་ཆེའི་བློ་ངོར་སྐྲ་ལོ་རིང་བོ་ཞེས་གླེང་མ་ཐག་སྒྱུ་རྩལ་པ་དག་མིག་རྒྱར་ཤར་ཡོང་བ་དང་སྐྲ་ལོ་རིང་བོ་ཞེས་པའི་མིང་ཚིག་འདི་དག་སྒྱུ་རྩལ་པ་ཡི་མཚོན་རྟགས་ཞིག་ཏུ་མཐོང་གིན་ཡོད་པ་མིན་ནམ་སྙམ། 
       གླེང་གཞི་ནང་ལ་འཕྲོས་ཡག་བྱས་ན་ཁ་རྩང་དེ་རིང་བོད་ཀྱི་ལུང་པ་ལས་སྐྲ་ལོ་རིང་བོ་ཞིག་སྐྱུར་དགོས་ན་ཐོག་མར་སྙིང་སྟོབས་ཀྱང་ཕྲན་བུ་དགོས་ཀྱི་ཡོད་དེ། གཅིག་བྱས་ན། མིག་ལ་མི་མཛའ་ལྟ་བུ། གཙང་སྦྲ་མི་དྭངས་ལྟ་བུ། བུད་མེད་མི་མགུ་ལྟ་བུའི་ལབ་ཕྱོགས་དང་དགག་སྒྲ་ཧ་ཅང་མང་བས་རེད་ལ། གཉིས་བྱས་ན་སྐྲ་ལོ་རིང་ན་ལས་ཀ་འཚོལ་སྐབས་ཁ་སྐྱོན་ཚིག་སྐྱོན་མང་པོ་རག་སྲིད་ཅིང་། མཐོང་ཆུང་དང་ཁྲེལ་དགོད་ཡང་དེ་བཞིན་མྱོངས་དགོས་པ་དང་ལས་ཀ་ལས་ན་ཡང་སྟབས་མི་ལེགས་པ་སོགས་སྣེ་མང་རྙོག་འཛིང་གི་གནད་དོན་རེའང་ཏན་ཏན་ཡོད་སྲིད་ཀྱི་རེད། དོན་དུ་ལོ་རྒྱུས་ཀྱི་ངོས་ནས་དང་ཆབ་སྲིད་ཀྱི་ཐད་ནས། སྙན་ངག་པའི་ལུས་ནས་དང་སྒྱུ་རྩལ་པའི་ཐོག་ནས་བཤད་ན། སྐྲ་ལོ་རིང་བོར་སྐྱུར་བ་ནི་རང་དབང་ཞིག་རེད། སྙན་ངག་ཅིག་རེད། ལོངས་སྤྱོད་ཅིག་རེད། གང་ལྟར་ང་ལ་མཚོན་ན་དེ་འདྲ་ཞིག་རེད། སྔོན་ནས་སྐྲ་ལོ་རིང་བོར་སྐྱུར་བའི་འཆར་གཞི་ཡོད་ཅིང་། དེང་སང་སྐྲ་ལོ་རིང་བོར་ཞིག་དངོས་སུ་སྐྱུར་ཡོད་ཅིང། སྐྲ་ལོ་རིང་བོ་ཞིག་སྐྱུར་ནས་མི་ལོ་གསུམ་ལ་ཏག་ཏག་འདས་ཟིན་པ་རེད། ལོ་དེ་དག་གི་རང་ལ་འདིས་ངའི་རང་གཤིས་ལ་བཟོ་བཅོས་གང་མང་བརྒྱབ་པ་དང་། ངའི་ལོ་ཟླ་དང་ངའི་སྙན་ངག་ལ་དགའ་ཡ་སྡུག་རོགས་ཡག་པོར་བྱས་ཡོད་པ་ཡིན། ངས་སྐྲ་ལོ་རིང་བོར་སྐྱུར་དོན་ནི་མི་ཁའི་མནར་གཅོད་དང་ཁོར་ཡུག་གི་བཀའ་རྒྱ་ལས་རང་ཉིད་བཅིངས་གྲོལ་བཏང་བའི་རང་དབང་རིགས་ཤིག་ཡིན་ལ། ངས་སྐྲ་ལོ་རིང་བོར་བསྐྱུར་དོན་ནི་དགའ་སྐྱོ་མཉམ་མྱོང་ནུས་པའི་“མིའི”དག་གཙང་གི་རྣམ་ཤེས་ཤིག་གསོ་སྐྱོང་བྱེད་འདོད་པས་སམ་ངག་མི་སྨྲ་བའི་སྒེར་གཤིས་ངོ་མ་བོ་དེ་བསྲུང་སྟངས་ཤིག་ཡིན། ངས་སྐྲ་ལོ་རིང་བོར་སྐྱུར་དོན་ནི། དད་མོས་ཞིག་གམ་དགའ་ཕྱོགས་ཤིག སྒྱུ་རྩལ་ཞིག་གམ་རང་རྟོན་ཞིག ཡང་ན། དམ་བཅའ་ཞིག་གམ་དྲན་སྐུལ་ཞིག་ཀྱང་ཡིན་ལ། ང་ནི་ནམ་ཡིན་ཡང་མི་ཁ་དང་གཞན་གྱི་འཇིག་རྟེན་དུ་གསོན་ན་མི་འདོད་པའི་རྒོལ་ལན་སློག་པའང་ཡིན། ངས་སྐྲ་ལོ་རིང་བོར་སྐྱུར་དོན་ནི་རླུང་ལ་ཡང་འབྲེལ་བ་ཡོད་དེ། མཐོ་སྒང་གི་རླུང་གིས་ང་ཡི་སྐྲ་ཡི་འཇགས་མ་རེ་རེ་བཞིན་དལ་བ་དལ་བུར་ཡར་ལ་བཀྱགས་ཡོང་བའི་སྐད་ཅིག་མར་ཚོར་བ་འཇམ་པོ་ཞིག་ལུས་ལ་སྨིན་ཞིང་སྙན་ངག་གི་རྟོགས་འཆར་སྐྱེན་པོ་རེའང་སེམས་པའི་སྦུབས་སུ་ལྷོད་ཀྱིས་ཟགས་ནས་འོངས་བས་སོ།། ང་ལ་མཚོན་ན་སྐྲ་ལོ་རིང་བོ་འདི་ནི་ངའི་ཐོབ་ཐང་ལག་ཁྱེར་ཡིན་ཞེས་ཤོད་ན་མི་ཆོག་རྒྱུ་ཅི་ཡང་མེད། དེ་ལྟ་ནའང་ངས་སྐྲ་ལོ་རིང་བོར་སྐྱུར་དོན་ནི་སྙན་ངག་དང་འབྲེལ་བ་ངེས་ཅན་ཡོད་དེ། ངས་ཚེ་གང་བོར་སྙན་ངག་བྲིས་ཏེ་ཤི་ཐུབ་ན་བསམ་པ་ཇི་བཞིན་ངས་ཚེ་གང་བོར་སྐྲ་ལོ་རིང་བོ་ཞིག་བསྐྱུར་ཏེ་ཤི་ཐུབ་ནའང་བསམ་ཡོད། དེ་ལ་གཏན་ཚུགས་ཀྱི་ཁྱད་ཆོས་ཡོད་ལ།  སྒྱུ་རྩལ་གྱི་མངར་སྐྱུར་ཡང་ཡོད་པ་ཡིན།
                                 2024.9.20



























             

           དུས་ཚོད།




      དུས་ཚོད་རིང་བོ་མི་འདུག 

      མི་ཚེ་ཕྱེད་ཀ་ཚར་ཐལ།།

      སྒུག་པའི་ཁོམ་ལོང་མི་འདུག

      ཉི་མ་སྲོད་ལ་བབ་ཐལ།།

                 —གླུ་ཚིག


      ང་ནི་ནམ་རྒྱུན་དུས་ཚོད་ལ་སེར་སྣ་ཧ་ཅང་ཆེ་བའི་མི་ཞིག་ཡིན།ངས་རྣམ་ཀུན་མི་རྣམམ་ལ་ང་ནི་དུས་ཚོད་ལ་སེར་སྣ་ཧ་ཅང་ཆེ་བའི་མི་ཞིག་ཡིན། ཁྱོད་ཚོས་ཀྱང་དུས་ཚོད་ལ་སེར་སྣ་བྱེད་ཐུབ་པར་སྨོན་ཞེས་བཤད་བཞིན་ཡོད། ཐེངས་འདིར་དུས་ཚོད་ཅེས་གླེངས་དུས་མཛེས་སྡུག་གི་ཕྱིར་དྲན་ཞིག་གི་ཕྱི་ནང་བསྔོགས་དགོས་ཀྱི་ཡོད། དོན་དུ་མཛེས་སྡུག་གི་བུ་མོ་ཞིག་ཡང་བསྐྱར་གླེང་དགོས་ཀྱི་ཡོད། སྔོན་ཆད་དུས་ཚོད་ལ་གཅེས་འཛིན་ཡག་པོ་བྱེད་མི་ཤེས་ཀྱང། 2019ལོར་རིན་ཆེན་མཚོ་ཟེར་བའི་བུ་མོ་ཞིག་ངོ་ཤེས་ཤིང་གནས་སྐབས་རིང་ཆེས་བཟང་བའི་གྲོགས་མོར་ཆགས།  དེ་ཡང་ཅུང་རྗེན་པར་བཤད་ན་མི་ཚེ་འདིར་ཁ་ཞེ་གཉིས་མེད་སྒོས་དགའ་མྱོངས་སའི་བུ་མོ་དེའང་ཡིན། ནམ་རྒྱུན་ཁོ་མོ་དང་མཉམ་དུ་འགྲོགས་པ་དང་ཁོ་མོ་དང་མཉམ་དུ་ཁ་བརྡ་བྱེད་དུས་མོས“དུས་ཚོད།”ཅེས་མང་པོ་ལབ་ཡོང་ཞིང་། དུས་ཚོད་ཀྱིས་མ་འདང་ནས་ཁ་ངོའང་གཙང་དག་ཏུ་མ་བཀྲུས་པར་སྲང་ལ་ཡོང་བའི་སྐབས་ཀྱང་ཡོད། དེ་ལས་གཞན་ཞལ་འཛུམ་ཤིག་གེར་“དུས་ཚོད་ལ་སེར་སྣ་དགོས།”ཞེས་པའི་སྟོབས་ཤུགས་ཆེ་བའི་སྐད་ཆ་འདིའང་ཁོ་མོའི་ཁ་ནས་ཐལ་བའང་ཉུང་ཉུང་མིན། དེ་ནས་བཟུང་ང་ལའང་དུས་ཚོད་ལ་སེར་སྣ་ཆེ་བའི་འདུ་ཤེས་ཤིག་འཚབ་འཚུབ་སྒོས་སད་འགོ་ཚུགས། དུས་ཚོད་དང་འབྲེལ་བའི་སྙན་ངག་མང་པོ་བཀླགས་རྗེས་སུ་དུས་ཚོད་དང་འབྲེལ་བའི་སྙན་ངག་ཀྱང་མང་དུ་བྲིས་ཤིང་རང་གིས་རང་ལ་སྙིང་ཕུར་བརྡབས། ན་ནིང་ལོར་《ཧ་ཝར་ཊི་གཙུག་ལག་སློབ་ཆེན་གྱི་ཐོ་རེངས་ཆུ་ཚོད་བཞི་དང་ཕྱེད་ཀ། 》ཞེས་པའི་འགྱུར་དེབ་དེ་བཀླགས་པའི་རྗེས་སུ་དུས་ཚོད་ནི་ཚེ་སྲོག་དང་ཤེས་རིག་གི་གཏེར་རྫོང་མཐུག་པོ་ཞིག་དང་། དུས་ཚོད་ནི་རིན་ཐང་བླ་ན་མེད་པའི་ལོངས་སྤྱོད་གྱ་ནོམ་པ་ཞིག་ཡིན་པའི་གནས་ལུགས་རྙེད། ད་ཐེངས་དངོས་སུ་དུས་ཚོད་ལ་སེར་སྣ་བྱེད་པའི་ལམ་ན་ཡོད་ཅིང་། ད་རུང་ངས་ཨེ་ལུང·མཱ་སིའི་ཁི་ལྟར་ཉིན་མཚན་དབྱེར་མེད་ཀྱིས་དུས་ཚོད་བེད་སྤྱོད་གཏོང་ཐུབ་ཀྱི་མེད་པ་ལ་གདུང་སེམས་བསྐྱེད་བཞིན་དུ་དེའི་ཐད་དུ་ཚོད་ལྟའམ་འཐབ་རྩོད་ཀྱང་བྱེད་སྒང་ཡིན།  ཨེ་ལུང·མཱ་སིའི་ཁིས“དུས་ཚོད་ཀྱིས་ནམ་ཡང་འདང་ངེས་མིན།”ཞེས་པའི་ལེགས་བཤད་དེ་ནམ་ཡང་ལག་ལེན་གྱི་སྔོན་འགྲོ་ཞིག་ཏུ་བཞག་ནས་དབུགས་ཧལ་ཧལ་གྱིས་དུས་ཚོད་ཀྱི་རྗེས་སུ་རྒྱུགས་ཀྱིན་ཡོད།  ཁོང་གིས་འཛམ་གླིང་བསྒྱུར་བཅོས་གཏོང་ཐུབ་ན་ངས་ཉིན་མཚན་ལྟོས་མེད་ཀྱི་དུས་ཚོད་རིན་པོ་ཆེ་ལོངས་སུ་སྤྱོད་ལོས་ཐུབ་ཅེས་ཁེར་བཤད་བྱས་པའི་སྐབས་ཀྱང་མང། ང་ལ་དུས་ཚོད་ཅི་ཕྱིར་མཁོ་བ་ཡིན་ནམ་ཞེ་ན། དཔེ་ཀློག་དང་རྩོམ་འབྲིའི་ཆེད་དུ་མཁོ་བ་ཡིན་ལ། ང་ལ་དུས་ཚོད་ཇི་ལྟར་སྤྱོད་བཞིན་ཡོད་དམ་ཞེ་ན་དཔེ་ཀློག་དང་རྩོམ་འབྲིའི་དོན་དུ་སྤྱོད་བཞིན་ཡོད་ཅེ་ནའང་སྐྱོན་དུ་མི་ཆེ།དུས་རབས་ཀྱི་དབང་གིས་རྫུན་ཞིག་མ་གཏམ་ན། སྣོག་ཅིག་མ་ལས་ན། འཕྲུལ་ཞིག་མ་བརྒྱབ་ན་དུས་ཚོད་ཡོད་ཚད་དཔེ་ཀློག་དང་རྩོམ་འབྲིའི་ཐད་དུ་སྤྱོད་བཞིན་ཡོད་ཅེ་ན་རྣར་འགྲོ་དཀའ་མོད། དོན་དངོས་སུ་ངས་ནི་དཔེ་ཀློག་དང་རྩོམ་འབྲི་གཉིས་ལས་མི་འཇོན་པས་དེ་ལྟར་བེད་སྤྱོད་གཏོང་བཞིན་ཡོད། ཁོ་བོ་རང་ངོས་ནས་བསྙད་ན་དེ་ནི་དུས་ཚོད་ལ་སེར་སྣ་བྱེད་སྟངས་ཤིག་ཏེ་དུས་ཚོད་ལོངས་སུ་སྤྱོད་སྟངས་མཛེས་སྡུག་ལྡན་པ་ཞིག་ཡིན། 
       ཁྱོད་ཚོས་ཀྱང་དུས་ཚོད་ལ་སེར་སྣ་བྱེད་སྟངས་དེ་ལྟར་ཡིན་དགོས་ཞེས་ཁ་ཚོད་མི་ཆོད་ཀྱང་ང་ལ་མཚོན་ན་མ་མཐར་ཡང་དེ་འདྲ་ཞིག་ཡིན། རྣམ་ཀུན་དུས་ཚོད་ཀྱིས་འདང་གི་མེད་པའི་སྣང་ཚོར་ཞིག་ཤ་དང་རུས་པ་བརྟོལ་ཏེ་སྙིང་གི་ནང་ལ་ལྷུང་ཡོང་གི་འདུག་པས་ངས་སོས་ཀ་ཞེས་པའི་དུས་ཚིགས་དེར་རེ་བསྒུག་བྱེད་བཞིན་ཡོད། སོས་ཀའི་ཉི་མ་ཅུང་རིང་བས་དུས་ཚོད་ཀྱི་སྤྱོད་སྒོ་ཆེ་ཞིང་ཡུན་རིང་བས་ངས་སོས་ཀ་ཞེས་པའི་དུས་ཚོས་ཀྱི་རྒྱ་མཚོ་ཆེན་པོ་དེར་ཁེར་རྐྱང་གི་ཀོ་གྲུ་བཏང་སྟེ་མདུན་ནས་མདུན་དུ་འགྲོ་བཞིན་ཡོད། མ་གཞི་དུས་ཚོད་ནི་ནམ་ཟླ་དཔྱིད་ཀྱི་དུས་སུ་ཁ་བའི་འདབ་མ་རེ་རེ་བཞིན་ཕྱིར་ས་གཞིའི་ངོས་སུ་ལྷུང་བ་དང་ཧ་ཅང་འདྲ་སྟེ། འདབ་མ་ས་རུ་ལྷུང་ཚར་རྗེས་སུ་སླར་ཡང་དབྱིངས་ནས་ཕྱིར་ལ་ལྷུང་མི་སྲིད་པ་ཇི་བཞིན་དུ་དུས་ཚོད་ཕར་ལ་ཤོར་ཚར་བ་ན་སླར་ཡང་ཚུར་ལ་ལྡོག་ཐབས་མི་དཔེ་བས། ངས་དུས་ཚོད་ནི་དུས་ཚོད་ཙམ་མ་ཡིན་པར་དུས་ཚོད་ནི་ཚེ་སྲོག་གི་འཕར་ལྡིང་ཞིག་གམ་ཁྲི་སྲོང་ལྡེ་བཙན་གྱི་ལྡོག་ཟླ་རུ་ངོས་འཛིན་བྱེད་བཞིན་ཡོད། སྐབས་ཐོག་འདིར་རང་གིས་བྲིས་པའི“དུས་ཚོད།”ཅེས་པའི་སྙན་ངག་ཅིག་ཀྱང་འདིར་གདན་འདྲེན་ཞུ་ན་འདོད་སོང།



“ དུས་ཚོད



ཨ་ཅེ དུས་ཚོད་ནི་འཆི་བདག་ཡིན

ང་ཚོ་མིའི་ཡུལ་གྱི་ནད་ཁྲི་ཐོག་ཏུ་བསྡད་དེ

སྲ་ཐོ་སེར་འཆི་རྒྱུར་བསྒུག་བསྡད་ན

ང་ཚོས་འཆི་བདག་ལ་མགོ་བོ་སྒུར་བ་ཡིན


ཕུ་བོ དུས་ཚོད་ནི་འཆི་བདག་ཡིན

ང་ཚོ་སྒྱིད་ལུག་གི་ནག་ཁུང་ཁྲོད་དུ་ཉལ་ཏེ

ཆོ་མེད་ཀྱི་འཚོ་བ་རོལ་བ་ནི

འཆི་བདག་ལ་ལག་གཡུག་བྱས་པ་དང་འདྲ


ནུ་མོ དུས་ཚོད་ནི་སྐྱབས་མགོན་ཡང་ཡིན

ང་ཚོས་དུས་ཚོད་ལ་གཅེས་སུ་འཛིན་ཏེ

སྐར་མ་རེའམ་སྐར་ཆ་རེ་རེ་བཞིན་ཚེ་སྲོག་གི་རྩ་ལག་གལ་ཆེན་ཞིག་ཏུ་མཐོང་སྟེ་འབད་འབུང་སྐྱེད་ནུས་ཚེ

ནམ་ཉི་མ་ཞིག་ལ

ང་ཚོའང་སྐྱབས་མགོན་ཞིག་ཏུ་འགྱུར་དུས་ཡོད


ནུ་བོ དུས་ཚོད་ནི་སྐྱབས་མགོན་ཡིན

ང་ཚོས་དུས་ཚོད་ཀྱི་ད་ལྟར་སེར་སྣ་བྱས་ཤིང

ཚེ་སྲོག་གི་འགྲུལ་བཞུད་ཁྲོད་དུ

གོམ་པ་རེ་རེས་དུས་ཚོད་ཀྱི་རྗེས་ཆོད་ན

ང་ཚོ་སྐྱབས་མགོན་ལས་སྔུན་དུ་བརྒྱུགས་ཐུབ་པ་ཡིན


                           2023.3.6”
       སྙན་ངག་འདི་འདིར་དྲངས་དོན་ནི་གཞན་སུ་ཞིག་ལ་ངོ་སྤྲོད་བྱེད་འདོད་པས་མིན་ལ། དེ་ལས་གཞན་སུ་ཞིག་ལ་ཕན་ན་འདོད་པའི་རེ་བ་བཅངས་པའང་མིན། སྙན་ངག་འདིས་སླར་ཡང་ང་ལ་“ཝེ། དུག་ཆུ་ཁོལ་མ། སོས་ཀ་དངོས་སུ་སླེབས་འདུག ཁྱོད་ཀྱིས་དུས་ཚོད་ཀྱི་རྒྱ་མཚོ་ཆེན་པོ་འདིའི་རླབས་བཞག་ཁྲོད་ནས་ཁེར་རྐྱང་གི་ཀོ་གྲུར་གཏོང་ནས་མུ་རུ་མདུན་དུ་སྐྱོད་རོགས།”ཞེས་བྲག་ཅའི་ཚུལ་དུ་ཡང་ནས་ཡང་དུ་འབོད་སྐུལ་བྱེད་བཞིན་འདུག་པས་ན། ང་ལ་མཚོན་ན་སྙན་ངག་འདི་ནི་ས་པཎ་གྱི་ལེགས་བཤད་ཐམས་ཅད་ལས་ཀྱང་ནུས་བཅུད་ཆེ་བ་ཞིག་ཏུ་འདུག གང་ལྟར་དེ་རིང་རྩོམ་ཐུང་འདི་འབྲི་དོན་ཡང་ཡང་བསྐྱར་རང་གིས་རང་ལ་“དུས་ཚོད་ལ་སེར་སྣ་བྱེད་རོགས”ཞེས་སྙིང་ཕུར་ཞིག་བརྡབས་ཡག་བྱེད་པ་ཙམ་ལས་གཞན་ཅི་ཡང་མིན། 
      2024.5.5དགོང་མོར་བྲིས་ཤིང་དག་བཅོས་ཐེངས་མ་བཅུ་རུ་བྱས་ནས་དབྱར་ཟླ་བདུན་པའི་ཚེས་པ་བཅོ་ལྔར་དངོས་སུ་མཇུག་གྲུབ་པར་བྱས་སོ། ། 














                          

小说 ▏散文 ▏诗歌 ▏文学翻译 文学评论

 སྙན་ངག •ལོ་རྒྱུས། •ཆོས་ལུགས། •དཔྱད་རྩོམ། •བསྒྱུར་རྩོམ། •སློབ་གསོ། •གླུ་གཞས།


 

 


      ཆུ་དམར་རྩོམ་རིག་འཕྲིན་སྟེགས།

   

སྤྱི་ཁྱབ་ལྟ་སྐུལ་བ།  ཆུ་དམར་རྩོམ་རིག་རྩོམ་སྒྲིག་ཁང་། 
རྩོམ་སྒྲིག་འགན་ཁུར་པ། མགར་སྨྱུག་རྩེ། 
ལག་བསྟར་རྩོམ་སྒྲིག་པ། མགར་སྨྱུག་རྩེ།
རྩོམ་སྟེགས།  QUMALAIWENXUE 

ཡིག་སྒམ།  1659774550@qq.com 






扫码关注

能看到很多生活乐趣




                

  ▼   གླུ་གཞས་འོས་སྦྱོར།              
点赞+转发

 ▼ 点击下面语音,播放歌





འཕྲིན་སྟེགས་སུ་མི་སྒེར་རམ་ཚོགས་པ་གང་གི་ཁེ་དབང་ལ་གནོད་པའི་ནང་དོན་ཡོད་ཚེ་མྱུར་དུ་ང་ཚོར་འབྲེལ་གཏུག་བྱོས་དང་དྲ་ངོས་ནས་བསུབ་ངེས་ཡིན།

དེ་ནང་བཞིན་སྐུ་ཉིད་ཀྱི་སྙན་རྩོམ་དང་གླུ་གཞས་གསར་པ། པར་རིས་དང་རྩོམ་རིག་བརྩམས་ཆོས་སྤེལ་འདོད་ཚེ་རྩ་བའི་ཆ་རྐྱེན་ཆབ་སྲིད་དང་མི་འགལ་བའི་ཐོག་འོག་གི་འབྲེལ་ལམ་རྒྱུད་དེ་འབྲེལ་བ་བྱོས་དང་ཁྱེད་ཀྱི་འདོད་བློ་ལྟར་གང་ཐུབ་བྱ་ངེས། 

曲麻莱文学网
འཕྲིན་སྟེགས་འདི་རུ་་འབོལ་རྩོམ།སྙན་ངག ལྷུག་རྩོམ་སོགས་འགོད་ཀྱིན་ཡོད།此官网是曲麻莱青年作家的一个写作平台,发布汉藏双语论文,散文,诗歌等。
 最新文章