༈ང་རང་ཆེས་དགའ་སའི་མི་སྣ་གཉིས།
དགེ་རྒན།
བྱང་མུན་སྐར། ཆུ་དམར།
སྣང་སྲིད་ཀྱི་ཕ་རོལ་ན།
སྐར་ཚོགས་ཀྱི་ཚུལ་རོལ་ན།
ཤེལ་དཀར་དྲི་མ་མེད་པའི་དྲ་བའི་འོག་ན།
དྭངས་གཙང་གི་འཇིག་རྟེན་སྐྱོར་བའི་མིང་ཟུང་ཞིག་ཡོད།
དཔའ་ཉམས་དང་གཟི་བརྗིད་ཆེ་བ།
མཐའ་མི་མཐོང་བའི་ཡངས་པའི་ཁམས་ཆེན་མོ་རུ།
ཡབ་མེས་ཀྱི་མཛངས་སྐྱོར་བའི་དུས་གསུམ་གྱི་བདག་པོ།
ཟོལ་མེད་ཀྱི་བདེན་དོན་བརྩོན་པའི་གནམ་འདེགས་ཀྱི་ཀ་བ།
ཐོས་པའི་རྒྱ་མཚོ་ཆེ་ལ། རྣམ་དཔྱོད་འོད་རླབས་འཁྱུག་པའི།
གཙུག་ལག་རིག་པའི་ཆུ་མགོ རྒྱལ་ཁམས་འགྲིམ་པའི་ཤེས་རྩལ།
ཅི་འདྲའི་ངོ་མཚར་ཆེ་བ་ལ་ཨང་།
དེ་ནི་མིང་བྱང་གཉིས་ཏེ།
ཐོས་པའི་མེ་ཏོག་ཚལ་ན་རྣམ་ཀུན་ཏུ་མཛེས་པའི་དགེ་དང་།
འཇོ་སྒེག་པུར་གྱིས་བྲིས་པའི་ཡི་གེའམ་ངག་རིག་གི་རྒན་པ།
གནས་ལུགས་ཀྱི་རི་མོ་འབྲི་ལ། གཞན་ཕན་གྱི་གཤོག་ཟུང་བརྐྱང་།
ད་དུང་། བློ་གསལ་སློབ་མ་མང་པོས།
གཟི་བརྗིད་ཀྱི་དར་ཆ་འཛིན་ཞིང་།
འཁྲེང་ཞེན་རླུང་གིས་ཡང་དུ་བཏེགས་པའི། རེ་བའི་མིག་ཟུང་།
སྨྱུ་གུའི་འཁྱུག་རྩལ། རྐང་དྲུག་དགའ་བའི་སྦྲང་རྩི།
བསོད་ནམས་ཀྱི་ཟེགས་མ། རིན་ཐང་བྲལ་བའི་ཡོན་ཏན་གྱི་ཕུང་བོ།
དགེ་བའི་རྒན་པ། ཤེས་རིག་གི་རྒྱལ་ཁ་འཛུམ་མཁན།
མི་རིགས་དང་རྒྱལ་ཁབ་ཀྱི་གཟི་བརྗིད་ཡོངས་སུ་མཛེས་པར་བྱེད་པའི་འོད་རླབས།
འཚོ་བ་ཡི་རྣམ་ཤེས་བསྐྲུན་པའི་སློབ་དཔོན།
ང་རང་ཁྱེད་ལ་དགའ།
ཁྱེད་ཉིད་དུས་གཏན་དུ་གཟིམས་པར་མེད་ཤོག
ལྷ་རྗེ།
བགྲང་ནས་ཟད་མཐའ་མེད་པའི་མཆོད་ཁྲིའི་སྟེགས་བུ།
མངོན་སུམ་གྱིས་ཟུར་ཐབས་མེད་པའི་སྐྱེ་འཆིའི་ཀློང་དུ།
ཚེ་སྲོག་གི་མཚོ་ཆེན་སྐྱོར་བའི་ང་ཡི་སྐྱབས་མགོན།
གསོལ་འདེབས་ཀྱི་སོར་མོས་ངོས་སུ།
ཉམས་ཐག་པའི་ཞེ་འདང་དབུས་སུ།
རྣམ་དག་གི་དགྱེས་ཞལ་སྟོན་མཁན་ལྷ་མཆོག་གི་རྗེ་བོ།
རླབས་ཆེན་གྱི་རྫོགས་ལྡན་བསུ་བའི་བདུད་རྩི་ལྟ་བུ།
ཕྱག་དང་གསོལ་འདེབས་བགྱི་བ་ཞི་བའི་བྱེད་པོ།
བྱམས་བརྩེ་ངང་གིས་འཁྲི་བའི་ཚུལ་དེ་སྒྲོ་མ་བཏགས་པར།
མིག་གིས་དངོས་སུ་མཐོང་བ་ཚུན་ཆད།
སྡུག་བསྔལ་གྱིས་མིག་ཆུ་བཏུང་མྱོང་བའི།
མི་ཚོགས་ཀྱི་གྲིབ་མའི་ཁུད་དུ། ལྷ་རྗེ་ཞེས་པའི་ཡིག་འབྲི་འདི་གཉིས།
ཀློག་ནས་གོམས་མྱོང་བའི་དྲོད་ཁོལ་ཉག་གཅིག་སྟེ།
གསོ་རིག་གི་བསྟན་དོན་སྐྱོར་བའི་དབུས་ཀྱི་རི་རྒྱལ།
སྙུང་གཞི་མེད་ཀྱང་བརྩེ་མདངས་རྒྱས་པའི་ང་ཡི་སྐྱབས་མཆོག
ཟུག་གཟེར་འཇོམས་པའི་གཉེན་པོ། དུག་རིགས་སེལ་བའི་རིན་ཆེན། ལུས་སེམས་དྭངས་བའི་བཟང་དྲུག
བར་ཆད་སེལ་བའི་སྒྲོལ་མ། བྱིན་རླབས་མྱུར་བའི་སྲུང་མ།
ཤེས་རབ་ཀྱི་ལག་མགོར་འཇུས་པའི་ཚེ་སྲོག་གི་བདག་པོ།
ཞོགས་པ་དང་འདྲ་བའི་མུན་ནག་གི་གཉེན་པོ་ལྟ་བུ།
མཚམས་སྤྲིན་དང་འདྲ་བའི་མཛེས་སྡུག་གི་ཡུ་བ་འབྱེད་མཁན།
སྙིང་རྗེའི་ས་བོན་དུ་ཕན་བདེ་ཡི་གཟི་བྱིན་འབར་བའི།
གོས་དཀར་མནབ་པའི་སེམས་དཔའ།
འགྲོ་བ་སྐྱོབས་པའི་ལྷ་རྗེ།
ང་རང་ཁྱེད་ལ་དགའ།
ཁྱེད་ཉིད་དུས་རྟག་ཏུ་ཉམས་པ་མེད་པར་སྨོན།