ཆུ་དམར་རྩོམ་རིག་སྤྱི་སྟེགས་སུ་ཕེབས་པར་ལེགས།
༄༅།།གྲོང་ཁྱེར་གྱི་བོད་མི།
—— བདེ་སྐྱིད་མཚོ་མོ།
བསོད་ནམས་སྟོབས།
ཟླ་དྲུག་པའི་ཟླ་སྨད་ཀྱི་མཚན་མོ་དེར། ནམ་གང་བོ་ཆར་བ་བབས་ནས་མཚམས་མ་ཆད། དུས་ཚོད་བདུན་དང་སྐར་མ་ཉི་ཤུ་ཡས་མས་སུ་བདེ་སྐྱིད་མཚོ་མོ་གཉིད་ལས་སད་ནས་ཡར་ལངས་ཤིང་། མ་གཞིར་དེ་རིང་ནི་མོ་རང་སློབ་ཆེན་སློབ་མ་ཞིག་གི་ཐོབ་ཐང་ངང་ནས་ཆེས་མཐའ་མཇུག་གི་སློབ་རའི་འཚོ་བ་རོལ་བའི་ཉིན་དེ་ཡིན། རྒྱུ་མཚན། དེ་རིང་ནི་མོ་རང་སློབ་ཆེན་མཐར་ཕྱིན་ནས་མཐར་ཕྱིན་མཛད་སྒོ་ལ་ཞུགས་པའི་ཉིན་མོ་ཡིན། འདས་པའི་ལོ་བཞིའི་རིང་དུ་འཚོ་བ་དང་སློབ་སྦྱོང་། བརྩེ་དུང་དང་དགའ་སྐྱོ་འདྲེས་མའི་སྐྱེལ་བའི་གཏམ་རྒྱུད་གང་མང་ཞིག་བྱུང་མྱོང་བའི་སློབ་རའི་ཁོར་ཡུག་དང་འཚོ་བ་དེ་ཡོངས་སུ་མཇུག་སྒྲིལ་དགོས་བྱུང་། བདེ་སྐྱིད་མཚོ་མོ་ཡང་མཐར་ཕྱིན་སློབ་མ་གཞན་དང་འདྲ་བར་མཐར་ཕྱིན་མཛད་སྒོ་ལ་ཞུགས་ནས་མོ་རང་མཐར་ཕྱིན་པ་ལ་རྟེན་འབྲེལ་ཞུ་དགོས།
དུས་ཚོད་དགུ་ཐོག་ནས་མཐར་ཕྱིན་མཛད་སྒོ་མགོའི་རྩོམ་སོང་། བདེ་སྐྱིད་མཚོ་མོ་ཡང་མཐར་ཕྱིན་སློབ་མ་གཞན་དང་འདྲ་བར་མཛད་སྒོ་སྤེལ་བའི་ཡུལ་དངོས་སུ་སོང་ནས་སློབ་གཙོ་དང་རང་གི་ཆེས་མོས་གུས་ཡོད་པའི་དགེ་རྒན་ཆེན་མོ་དག་དང་མཉམ་དུ་དྲན་རྟེན་གྱི་ཚུལ་དུ་པར་འགའ་ལེན།
བདེ་སྐྱིད་མཚོ་མོ་མོ་རང་ལ་མཚོན་ན་ཕ་ཕྱུག་པོའམ་གོ་གནས་ཅན་གྱི་བུ་ཕྲུག་མ་ཡིན་པར་སྤྱིར་བཏང་གི་ཁྱིམ་ཚང་ཞིག་ནས་སྐྱེས་པའི་བུ་མོ་ཞིག་ཡིན། ཡིན་ཡང་། མོ་རང་གཞན་ལས་ལྷག་པའི་ཁྱད་ཆོས་དང་ཐོབ་ཐང་ཞིག་ཡོད་པ་ནི་འདས་པའི་ལོ་ངོ་བཞིའི་རིང་ལ་ལོ་རེར་མཇུག་རྒྱུགས་དང་ལོ་མཇུག་གི་སྤྱི་བསྡོམས་སོགས་གང་ཡིན་རུང་། མོ་ནམ་རྒྱུན་འཛིན་གྲྭ་དང་མཐའ་ན་སློབ་གླིང་ཡོངས་ཀྱི་ཨང་དང་པོ་ཡང་ཡིན། སློབ་སྦྱོང་གི་འབྲས་བུ་བཤད་རྒྱུ་མེད། ད་རུང་མོ་རང་ད་ལོའི་མཐར་ཕྱིན་སློབ་མའི་ཁྲོད་ནས་ཕུལ་བྱུང་མཐར་ཕྱིན་སློབ་མི་མཚན་སྙན་ཡང་ཐོབ་ཡོད།
དེ་བས་མོ་རང་ལ་མཚོན་ན་ལས་ཀ་འཚོལ་བ་ནི་དཀའ་མོ་ཞིག་ག་ལ་ཡིན། ལོ་སྔོན་མའི་རྒྱལ་ཁབ་རིམ་པའི་གཞུང་ཞིབ་པའི་རྒྱུགས་ཀྱི་ཁྲོད་ནས། གཞི་རིམ་གྱི་ལས་སྣེ་ཞིག་ལ་རྒྱུགས་འཕྲོད། ད་རུང་དགེ་རྒན་བསྡུ་རིབ་ཀྱི་ཁྲོད་ནས། གྲོང་ཁྱེར་གྱི་དགེ་རྒན་ཞིག་ལ་རྒྱུགས་འཕྲོད། ད་ལྟ་བདེ་སྐྱིད་མཚོ་མོ་ལ་དཀའ་ངལ་ཞིག་འཕྲད་ཡོད་པ་ནི་ལས་སྣེ་དེ་གཉིས་གང་ཞིག་དོར་ནས་གང་ཞིག་འདེམས་དགོས་པ་ལ་ཐེ་ཚོམ་ཡང་ཡང་སྐྱེས་དགོས་བྱུང་།
ཉི་མ་དེའི་ཕྱི་དྲོ་མོ་ལ་དུས་ཆད་ཅིག་བྱས་ཡོད། དུས་ཆད་དེ་ནི་མོ་རང་གི་དགའ་རོགས་དང་མཉམ་དུ་པར་ལེན་དུ་འགྲོ་དགོས་པ་དེ་ཡིན། ཉེ་བའི་ལོ་ཤས་ཀྱི་རིང་ལ། མཐར་ཕྱིན་པའི་སྐབས་སུ་དགའ་རོགས་དང་མཉམ་དུ་པར་ལེན་པའི་སྲོལ་ཞིག་དེང་རབས་ཀྱི་སློབ་ཆེན་སོ་སོའི་གྲུ་ཟུར་ན་གནས་ཡོད། བདེ་སྐྱིད་མཚོ་མོ་དང་བཀྲ་ཤིས་དཔལ་བཟང་གཉིས་ཡང་དེ་བཞིན་ཡིན།
ཕྱི་དྲོའི་དུས་ཚོད་དྲུག་དང་ཕྱེད་ཀ་སླེབས་པ་ན། ནམ་རྒྱུན་ལྟར་ཁོ་གཉིས་ནུབ་ཇ་འཐུང་ས་ནས་མཉམ་དུ་ནུབ་ཇ་འཐུང་། ཕྱིར་ཉིན་ཁོ་གཉིས་རང་རང་སར་འགྲོ་དགོས། བཀྲ་ཤིས་དཔལ་བཟང་གིས་ད་བར་དུ་ལས་ཀ་ཚད་ལྡན་ཞིག་རྙེད་མེད། ཡིན་ཡང་། ཁོ་རང་ནི་ཁྱིམ་ཚང་ཆེན་པོ་ཞིག་གི་བུ་ཡིན། ཁོ་ཚང་ལ་ཐོབ་གོ་ས་ཅན་གྱི་དཔོན་པོ་ཡོད་ལ་རྒྱུ་འབྱོར་བ་ཅན་གྱི་ཕྱུག་པོ་ཡང་ཡོད། དེ་བས་ཁོ་གནས་སྐབས་ཀྱི་ལས་སྣེ་མ་རྙེད་རུང་སྐྱོན་མེད་ལ་རྒྱབ་གནས་སྐྱོར་བའི་མི་ཡོད་པས། བདེ་སྐྱིད་མཚོ་མོ་ནི་དེ་ལས་ལྡོག་སྟེ་གྲོང་གསེབ་ཀྱི་ཁྱིམ་ཚང་ཕལ་པ་ཞིག་ནས་སྐྱེས་ལ། ད་བར་དུ་མོ་རང་གི་ནུས་པ་ལ་བརྟེན་ནས་ཡོད་ཚད་འབད་བརྩོན་བྱས་པའི་འབྲས་བུ་ལས་ཐོབ་པ་ཡིན། མོ་རང་ད་ལྟ་ཆེས་འགྲོ་འདོད་པ་ནི་བཀྲ་ཤིས་དཔལ་བཟང་ཡོད་སའི་གྲོང་ཁྱེར་དེ་ཡིན། སྤྱིར་ཡིན་ན་བཀྲ་ཤིས་དཔལ་བཟང་བསྡད་ཡོད་སའི་གྲོང་ཁྱེར་དེ་ནི་ཁུལ་སྲིད་གཞུང་ཡོད་སའི་རྫོང་དེ་ཡིན། ད་ལྟ་དེ་གྲོང་ཁྱེར་དུ་བསྒྱུར་ཡོད།
ད་སྔ་བདེ་སྐྱིད་མཚོ་མོའི་རྒྱུགས་འཕྲོད་ཡོད་པའི་དགེ་རྒན་གྱི་ལས་རྐང་དེ་ཡང་བཀྲ་ཤིས་དཔལ་བཟང་ཡོད་སའི་གྲོང་ཁྱེར་གྱི་མི་རིགས་སློབ་འབྲིང་གཉིས་པའི་བོད་ཡིག་དགེ་རྒན་ཡིན། སྤྱིར་ཡིན་ན་ལོ་འདི་དག་གི་རིང་ལ། ས་གནས་སོ་སོའི་སྲིད་གཞུང་གིས་དམིགས་གསལ་གྱི་སྲིད་ཇུས་ལོངས་སུ་སྤྱོད་ནས་སློབ་གྲྭ་ཆུང་འབྲིང་གི་བོད་ཡིག་གི་དགེ་རྒན་ཁག་ཅིག་གསོ་སྐྱོང་བྱེད་ཡོད། ཡིན་ཡང་། དེ་དག་གི་ཆུ་ཚད་སློབ་ཆེན་གྱི་སློབ་མ་ཕལ་མོ་ཆེ་དང་བསྡུར་ན་ཅུང་ཙམ་ཞན་པས། སྔོན་དཔག་བྱས་པ་ལྟར་ཕན་འབྲས་གསལ་བོ་ཐོན་མ་ཐུབ། ཐེངས་འདིར་བདེ་སྐྱིད་རྒྱུགས་སྤྲོད་པའི་གོ་སྐབས་ཡང་དེ་འདྲ་བྱས་ནས་ཐོབ་བྱུང་།
ཉིན་གསུམ་གྱི་རྗེས་སུ་བདེ་སྐྱིད་མཚོ་མོ་ཡང་མཐར་ཕྱིན་སློབ་མ་གཞན་དང་འདྲ་བར་རང་གི་ལོ་འདི་དག་གི་རིང་ལ་ཉར་ཚགས་བྱས་པའི་ཅ་ལག་དེ་དག་མཁོ་བ་རྣམས་ཁུར་བ་དང་། མི་མཁོ་བ་རྣམས་བསྐྱུར་ནས་ཡུལ་ལ་ཆས་མགོ་བརྩམ། ཡུལ་ལ་འགྲོ་སྐབས་རྣ་ལ་ཉན་ཆས་འཇོག་ནས་རླངས་འཁོར་གྱི་ཤེལ་དྲ་ནང་ནས་ཕྱིར་སློབ་གྲྭའི་ནང་ལ་བལྟས་པ་ན། མིག་ལམ་དུ་སྔོན་ཆད་ཐེངས་དང་པོ་རང་ཉིད་སློབ་གྲྭ་འདིའི་སྒོ་ཆེན་ནས་ཡར་ཡོང་བ་མིག་ལམ་དུ་ཁྲ་ལམ་མེར་འཆར་བྱུང་། ཡིད་ལ་སྐབས་དེ་དུས་རང་ཉིད་ནི་ཅི་འདྲའི་གཙང་མ་གཙང་ཀྱང་ཞིག་ཡིན་པ་དང་། སེམས་སུ་སློབ་སྦྱོང་ཁོ་ན་མ་གཏོགས་བསམ་མི་ཤེས་པའི་སློབ་བུ་སྦྱོང་བརྩོན་ཅན་ཞིག་གི་སྣང་བརྙན་ཡོད་པ་དང་། སྐྲ་ཡི་ཁ་དོག་ཡང་འགྱུར་མེད་པར་ཡིད་ཀྱི་མེ་ལོང་ངོས་སུ་གསལ་བོ་འཆར་བྱུང་། དེ་དུས་རང་ཉིད་ནི་ཅི་འདྲ་ཡིད་འོང་དང་བབ་ཆགས་ཡིན་པ་དང་། ད་ནི་རང་ཉིད་ནར་སོང་བའི་བུད་མེད་དར་མ་ཞིག་ཏུ་འགྱུར་ཡོད་པ་གཞི་ནས་རྟོགས་སོང་།
དེ་ནས་བདེ་སྐྱིད་མཚོ་མོའི་བསམ་པ་ལ། དང་པོར་ཕ་ཡུལ་ལ་སོང་ནས་ཉིན་ཁ་ཤས་འདུག་རྗེས་ལས་སྣེ་ལ་ཐོ་འགོད་མ་བྱས་བར་གྱི་ཁོམ་སྐབས་འདི་བེད་སྤྱོད་ནས། མོ་རང་གི་ཕ་མ་གཉིས་པོ་ཁྲིད་ནས་མདོ་ཁམས་སྨད་ཀྱི་དགོན་སྡེ་ཁག་ཅིག་ལ་འཇལ་སྐོར་འགྲོ་བའི་བསམ་པ་སྐྱེས།
དེ་ནས་མོ་རང་གི་ཕ་ཡུལ་ཕྱོགས་ནས་ཡང་ཕ་མ་གཉིས་ཀྱིས་སྡེར་ཁ་སྒྲིག་ནས་མོ་རང་ཕྱིར་ལོག་པར་སྒུག་ཡོད། བདེ་སྐྱིད་མཚོ་མོའི་ཕ་ཡུལ་ནི་རོང་འབྲོག་ཁ་སྤྲོད་ཅན་གྱི་ཁམས་ཕྱོགས་ཀྱི་ཆེས་ཕལ་བའི་གྲོང་སྡེ་བཅོས་མ་ཞིག་ཡིན། ཕ་མ་གཉིས་ཀྱི་རེ་སྒུག་དང་འཛུམ་མདངས། ད་རུང་ཤུག་པའི་ཅོག་ཙེ་སྟེང་གི་སྡེར་ཁ་ནི་མོ་རང་སློབ་ཆེན་མཐར་ཕྱིན་ནས་ཕ་ཡུལ་ལ་ལོག་པའི་ལེགས་སྐྱེས་ཀྱི་ཐོག་མ་ཡིན། སྡེར་ཁ་ནི་བོད་ཁམས་ཀྱི་ས་ཆ་ཕར་མོ་ཆེ་དང་འདྲ་བར་ཤ་དང་ཚོད་མ། གོ་རེ། ད་དུང་མངར་རིགས་ཀྱི་སྐོར་ཡང་ཡོད། བཏུང་བྱའི་སྐོར་ནས་ཆང་དཀར་དང་རྒུན་ཆང་། གླང་དམར་རྟགས་ཅན་གྱི་བཏུང་བྱ་ཁ་དོག་སེར་པོ་ཅན་སོགས་ཡོད། སྐབས་འདིར་བརྗོད་འདོད་པའི་རྒྱུན་ལྡན་གྱི་སྣང་ཚུལ་ཞིག་གླེང་ན། བོད་ཁམས་ཀྱི་ས་ཆ་མང་པོ་ཞིག་ནས་གླང་དམར་རྟགས་ཅན་གྱི་བཏུང་བྱ་འདི། རྒན་གཞོན་ཚང་མའི་ཤིན་ཏུ་མཐོང་ཆེན་ཞིག་ཏུ་བརྩི་བཞིན་འདུག རྒྱུ་མཚན་ག་རེ་ཡིན་པ་གསལ་བོ་ཤེས་རྟོགས་བྱུང་མ་ཐུབ།
དེ་ནས་དུས་ཚོད་བཅུ་ལྷག་གི་ལམ་ཐག་ལ་ལམ་ནག་པོ་འདོམ་པ་འཇལ་ནས་སྤྲིན་དཀར་པོ་ཐོད་པ་བཏགས་ནས་མོ་རང་རླངས་འཁོར་ལ་བསྡད་ནས་ཁུལ་ཐོག་གྱི་རླངས་འཁོར་ས་ཚུགས་ལ་སླེབས་རྗེས། དྲུད་སྒམ་ཆེ་ཆུང་གཉིས་དྲུད་ནས་ཕ་ཡུལ་གྱི་ཕྱོགས་ལ་འགྲོ་བའི་རླངས་འཁོར་ཞིག་བཙལ། ལམ་འགྲམ་དུ་ལང་ནས་ལག་བརྡ་འགའ་རྒྱབ་པ་ན། སྔོན་རྗེས་སུ་རླངས་འཁོར་འགའ་མོ་རང་གམ་དུ་སྡད་རུང་། རླངས་འཁོར་མང་ཆེ་ཤོས་ནི་མོའི་ཕ་ཡུལ་ལ་འགྲོ་མཁན་མིན་པ་དང་། ཡང་ན་མོའི་ཕ་ཡུལ་ལ་འགྲོ་མཁན་ཡིན་རུང་མི་མང་སོང་བ་དང་དོན་དག་གཞན་ཞིག་ཁ་གཡར་ནས་མོ་རང་ཁུར་རོགས་མ་བྱས། དེ་ནས་ཅུང་ཙམ་འགོར་རྗེས་ལྕགས་རི་རྟགས་ཅན་གྱི་རླངས་འཁོར་དཀར་པོ་ཞིག་སླེབས་ཡོང་པ་མཐོང་ནས། མོ་རང་རེ་བ་ཉག་ཙམ་བཟུང་ནས་ཡང་ལག་བརྡ་བྱས། དེ་ནས་རླངས་འཁོར་དེ་བསྡད་ནས་ཤེལ་ཁྲ་མར་དུ་མངགས་པ་ན། ཕལ་བལྟས་ཚོད་ཀྱི་ལོ་ན་སུམ་ཅུ་ཡན་མན་གྱི་སྐྱེས་པ་ཞིག་དང་བུད་མེད་ཞིག ད་རུང་ལོ་གཉིས་ལོས་ཡིན་འདོད་པའི་བྱིས་པ་ཞིག་བུད་མེད་དེའི་པང་དུ་བཟུང་འདུག ཕར་བལྟས་ཚོད་ཀྱིས་ཁོ་གཉིས་བཟའ་ཚང་ཡིན་པ་དང་བྱིས་པ་དེ་ཁོ་གཉིས་ཀྱི་ཕྲུ་གུ་ཡིན་པར་སྙམ་པའི་ཚོར་བ་ཞིག་ང་ལ་སྟེར་བྱུང་། དེ་ནས་ངས་“ཁྱེད་གཉིས་གང་ན་འགྲོ་དགོས་ཞེས་དྲིས་པ་ན། སྐྱེས་པ་དེའི་ངའི་ཕ་ཡུལ་གྱི་མིང་བོས་ནས་ཡུལ་ཕྱོགས་དེ་ལ་འགྲོ་དགོས་ཅེས་ལན་འདེབས།”ཡང་ངས་“ང་ཁྱེད་གཉིས་ཀྱི་རླངས་འཁོར་ལ་བསྡད་ནས་སོང་ན་འུ་ཆོག་ཞེས་དྲིས་པ་ན། སྐྱེས་པས་བཤད་རྒྱུར་ལོས་ཆོག འོན་ཀྱང་། ཁྱོད་ལ་གསལ་འདེབས་བྱེད་རྒྱུ་ཞིག་ནི་ང་རང་རླངས་འཁོར་སྐོར་ཆོག་པའི་ཁ་ལོ་བའི་ཆོག་ཡིག་མེད་བཅས་བཤད།”དེ་ནས་ངས་སེམས་ལ་རང་ཉིད་སློབ་མ་ཡིན་པའི་སྐབས་སུ་དབྱར་གནང་དང་དགུན་གནང་གི་དུས་སུ་དགེ་རྒན་གྱིས་ཡུལ་དུ་ལོག་སྐབས། ངེས་པར་དུ་རླངས་འཁོར་ཚད་ལྡན་དང་ཁ་ལོ་བ་ཚད་ལྡན་གྱིས་སྐོར་བའི་རླངས་འཁོར་ལ་འདུག་དགོས་ཡང་ཡང་གསུངས་པས། ད་ལྟ་བློ་ངོར་ལ་སུབ་དུ་མེད་པའི་རི་མོ་ཞིག་ཏུ་གྱུར་བས། ཐད་ཀར་དུ་འདུག་མ་ཕོད། དེ་ནས་ངས་སྐྱེས་པ་དེ་ལ་འཛུམ་མདངས་ཤིག་བསྟན་ནས་བཤད་རྒྱུར། “ངོ་མ་བཀའ་དྲིན་ཆེ། ངས་གློ་བུར་དུ་དོན་དག་ཞིག་བརྗེད་སོང་བ་ཡིད་ལ་འཆར་བྱུང་། དུས་ལྟར་དུ་འགྲོ་ཐུབ་རྒྱུ་མ་རེད། ཁྱེད་གཉིས་སྔོན་ནས་རྒྱུགས”ཅེས་བཤད། བུད་མེད་དེའི་ཡང་ང་ལ་འཛུམ་མདངས་ཤིག་བསྟན་ནས།“འོ་ཡ། མཛེས་མ། དེ་ན་ངེད་གཉིས་རྒྱུགས་འགྲོ་ཡིན་ཟེར་ནས”ཁ་མཚར་གྱི་གཏམ་ཞིག་བཤད་ནས་བུད་སོང་། དེ་ནས་མོས་བདེ་མོ་འཇོག་པའི་ཚུལ་དུ་ལག་བརྡ་འགའ་བྱས་ནས་མུ་མཐུད་དུ་ཕ་ཡུལ་ཕྱོགས་ལ་འགྲོ་བའི་རླངས་འཁོར་ལ་སྒུག ཡང་ཅུང་ཙམ་འགོར་རྗེས་ནོར་མགོ་རྟགས་ཅན་གྱི་རླངས་འཁོར་ཕུ་ར་ཏོ་ཞིག་ཡོང་ནས་ལམ་ཟུར་དུ་གློག་བརྡ་རྒྱག་ཞོར་དུ་བསྡད། ཤེལ་ཁྲ་མར་མངགས་ནས་མོ་ལ་བཤད་རྒྱུར། “མཛེས་མ། དོན་དག་ཅི་ཞིག་ཡོད”ཟེར་ནས་དྲིས་བྱུང་། དེ་དུས་མོས་ངོ་ཚ་བའི་རྣམ་འགྱུར་ཞིག་བསྟན་ནས་ཐད་ཀར་ལན་མ་འདེབས། ཕྱིར་ཁ་ལོ་བ་ཕོ་གསར་དེ་ལ་“གང་ན་འགྲོ་དགོས་ཟེར་ནས་དྲིས།”ཁ་ལོ་བས་འཛུམ་ཞིག་སྟོན་ནས་བཤད་རྒྱུར“མོ་རང་གི་ཕ་ཡུལ་གྱི་ཕྱོགས་ལ་འགྲོ་དགོས་ཟེར།”དེ་ནས་མོས་བཤད་རྒྱུར“ང་ཁྱོད་ཀྱི་རླངས་འཁོར་ནང་དུ་བསྡད་ན་ཆོག་གམ་དྲིས་པ་ན།”ཁ་ལོ་བས་བཤད་རྒྱུར“ལོས་ཆོག ལོས་ཆོག མ་གཞིར་ངེད་གཉིས་འགྲོ་སའི་ལམ་གཅིག་རེད་འདུག་ངོ་མ་ཡག་སོང་། ང་རང་གཅིག་པུ་ཐག་རིང་ནས་རླངས་འཁོར་སྐོར་ནས་ཡོང་པས་གཉིད་ཁུག་པའི་ཉེན་ཁ་ཡང་ཡོད་རེད།”སྐད་ཆ་བཤད་ཞོར་དུ་མོའི་དྲུད་སྒམ་དེ་གཉིས་རླངས་འཁོར་གྱི་འཇུག་སྒམ་ནང་དུ་འཇོག་རོགས་བྱས། དེ་ནས་ཁོ་གཉིས་ལམ་ལ་ཆས་མགོ་བརྩམ། ཁུལ་གྱི་རླངས་འཁོར་བབ་ཚུགས་ནས་བདེ་སྐྱིད་མཚོ་མོའི་ཕ་ཡུལ་ལ་ཕར་ཆེར་སྤྱི་ལེ་༡༣༧ཡས་མས་ཡོད།
དང་པོར་བདེ་སྐྱིད་མཚོ་མོ་ཁ་ལོ་བའི་འགྲམ་གྱི་རྐུབ་སྟེགས་སྟེང་དུ་ཙོག་པརབསྡད་ནས་རེ་ཞིག་ཅི་ཞིག་བཤད་དགོས་པ་མ་ཤེས། ཕོ་གསར་ཁ་ལོ་བ་དེས་ཡང་ཁ་ཅི་ཞིག་གྲག་དགོས་པ་མ་ཤེས་ཁ་རོག་བསྡད། དེ་ནས་ཅུང་ཙམ་འགོར་རྗེས་བདེ་སྐྱིད་མཚོ་མོའི་སེམས་ལ་རླངས་འཁོར་གྱི་གླ་ཆ་ག་ཚོད་དགོས་སྙམ་ནས། ཕོ་གསར་དེ་ལ་“གླ་དུ་དགོས་ཅེས”དྲིས། ཕོ་གསར་དེས་ཕྱིར་མོ་ལ་བཤད་རྒྱུར།“གླ་མི་དགོས། རྒྱུ་མཚན་ནི་ང་རང་ལམ་ཐག་རིང་བོ་སོང་ན་གཉིད་ཤོར་བའི་ཉེན་ཁ་ཡོད་པས། ང་ལ་ཁ་གྲགས་རོགས་བྱས་ན་དེའི་ཆོག”ཅེས་བཤད། དེ་ནས་བདེ་སྐྱིད་མཚོ་མོའི་ཡང་ཨུ་ཚུགས་བྱས་ནས་གླ་སྤྲོད་པར་མ་བྱེད་པར་ཁ་རོགས་སྡད། སྤྱི་ལེ་ཉི་ཤུ་ཙམ་སོང་རྗེས། རྡོ་སྣུམ་ས་ཚུགས་ཤིག་ལ་སླེབས་པ་ན། ཕོ་གསར་དེའི་རླངས་འཁོར་ལ་སྣུམ་བླུགས། ཕར་ཆེར་སྐར་མ་ལྔ་ཙམ་འགོར་སོང་། བདེ་སྐྱིད་མཚོ་མོའི་ཐབས་ཤེས་ཤིག་ཡིད་ལ་དྲན་ནས། དེ་མ་ཐག་མགྱོགས་པོ་སོང་ནས་ཚོང་ཁང་ནས་གླང་དམར་རྟགས་ཅན་གྱི་བཏུང་བྱ་གཉིས་དང་རི་བོ་ལོ་བརྒྱ་རྟགས་ཅན་གྱི་གཏེར་ཆུ་གསུམ་ཉོས། དེ་ནས་མོ་ཕྱིར་ཡོང་དུས། ཕོ་གསར་དེའི་རླངས་འཁོར་ནང་ནས་མོ་ལ་སྒུག་འདུག མོས་འཛུམ་ཞིག་བསྟན་ནས་རླངས་འཁོར་ལ་བུད། སྐབས་དེར་མོས་ཅི་ཞིག་བྱེད་དགོས་པ་མ་ཤེས་པར་འཚུབ་ཆ་ཅུང་ཙམ་ལང་རྗེས། གླང་དམར་རྟགས་ཅན་གྱི་བཏུང་བྱ་དེར་ཕོ་གསར་ཁ་ལོ་བ་དེ་ལ་སྟེར། ཕོ་གསར་དེས་ཕྱིར་མོ་ལ་བཤད་ནས་“བཀའ་དྲིན་ཆེ། ངས་དེང་སང་གཏེར་ཆུ་མ་གཏོགས་འཐུང་ཁུ་མེད།”དེ་དུས་མོས་མགྱོགས་པོར་རི་བོ་ལོ་བརྒྱ་རྟགས་ཅན་གྱི་གཏེར་ཆུ་དེ་ལེན་ནས་ཁོ་ལ་སྟེར། ཁོ་ཡང་ལེན་ནས་ཁ་གང་འཐུང་།
ཅུང་ཙམ་འགོར་རྗེས་ཕོ་གསར་དེས་མོ་ལ་འདྲི་རྒྱུར།“ཁྱོད་གང་ནས་ཡོང་། ཁྱོད་ཀྱི་མིང་ལ་ཅི་ཟེར། ས་དེར་འགྲོ་བའི་དོན་དག་ཅི་ཞིག་ཡོད།”ཅེས་དྲིས། བདེ་སྐྱིད་མཚོ་མོས་ཕྱིར་ལེན་འདེབས།“ངའི་མིང་ལ་བདེ་སྐྱིད་ཟེར། མིང་ཆ་ཚང་ལ་བདེ་སྐྱིད་མཚོ་མོ་འབོད། ཡིན་ཡང་། མི་མང་ཆེ་བས་ང་ལ་སྟབས་བདེ་བྱས་ནས་བདེ་སྐྱིད་འབོད། ཡང་ལ་ལས་བདེ་སྐྱིད་དང་བདེ་སྐྱིད་མཚོ་མོ། རྒྱ་རིགས་ཀྱི་སློབ་གྲོགས་ཁ་ཤས་ཀྱིས་མཚོ་མོ་ཟེར་ནས་འབོད་མཁན་ཡང་ཡོད། ཕ་ཡུལ་སྟོན་ཚང་སྡེ་བ་ནས་ཡིན། སྡེ་བ་འདིའི་ལོ་རྒྱུས་དང་མིང་གྲགས་དེ་ཙམ་མེད་པས་ཁྱོས་ཕལ་ཆེར་ཤེས་རྒྱུ་མ་རེད། ང་རང་སློབ་ཆེན་མཐར་ཕྱིན་ནས་ཕྱིར་རང་ཡུལ་རང་ཁྱིམ་ལ་ལོག་འགྲོ་བ་ཡིན།”ཅེས་བཤད། ཕོ་གསར་དེས་ཕྱིར་མོ་ལ་“འོ་རེད་རེད། སྐད་ཆ་གསལ་མོ་བཤད་སོང་།”དེ་ནས་མོས་ཕྱིར་ཕོ་གསར་དེ་ལ“ཁྱོད་ཀྱིས་མིང་ལ་ཅི་ཟེར། གང་ནས་ཡིན། གང་ལ་འགྲོ་བ་ཡིན། དོན་བདག་ཅི་ཞིག་ཡིན།”དྲིས། ཕོ་གསར་དེས་མོ་ལ“ངའི་མིང་ལ་གཡུང་དྲུང་ཟླ་བ་ཟེར། ཕ་ཡུལ་གཡག་རུ་རྫོང་ཐོག་ནས་ཡིན། ཁྱོད་ཚོའི་སྡེ་བ་ན་ཚོང་གི་དོན་དག་ཞིག་ཡོད། དེ་བས་འགྲོ་དགོས། མ་གཞིར་ངེད་གཉིས་ངོ་མི་ཤེས་པ་མ་གཏོགས། རྫོང་གཅིག་དང་ཡུལ་ཚོ་གཅིག་གི་ཡུལ་གྲོགས་རེད་འདུག ངོ་ཤེས་པ་ཧ་ཅང་དགའ་པོ་ཡིན་ཟེར།”མོས་ཡང་ཕྱིར།“ང་ཡང་དེ་བཞིན་ཡིན།”ཅེས་བཤད། དེ་ནས་ཁོ་གཉིས་སྤྱི་སྤྱོད་སྤྱོད་ཁང་ཡོད་པའི་ས་ཞིག་ན་སླེབས་རྗེས། བབ་ཙམ་བྱས་རྗེས་སླར་ཡང་ལམ་ལ་ཆས།
གཡུང་དྲུང་ཟླ་བས་བཤད་རྒྱུར“ང་ཡིན་ན་དམའ་འབྲིང་མཐར་ཕྱིན་རྗེས་སློབ་གྲྭ་ལ་མ་སོང་། དེ་ནས་ལོ་ལྔ་ལྷག་ཞིག་ལ་ཕ་དང་ཕུ་བོ། ཞང་བོ་སོགས་དང་མཉམ་དུ་ཚོང་ལ་སློབ་སྦྱོང་དང་ལག་ལེན་བྱས་པ་ཡིན། དེང་ཐོག་ངེད་ཚང་ལ་འབྱོར་བ་ཡག་པོ་མེད། ད་ལྟ་ཕ་དང་ཕུ་བོ་གཉིས་ཀྱི་བཀའ་དྲིན་ལས་ང་ཚོའི་རྫོང་ནས་རྩེ་གྲས་སུ་སླེབས་ཡོད། ང་ཡང་རང་ཚུགས་ཧ་ལམ་ཟིན་པའི་ཚོང་བ་འབྲིང་བོ་ཟིག་གྱུར་ཡོད།”ཅེས་བཤད།
དེ་ནས་མོའི་སེམས་སུ་ཕོ་གསར་འདི་ནི་སྤྱི་ཚོགས་ཀྱི་གླིང་ནས་ལོ་མང་འགྲིམ་པས། ཁོ་ལ་ཉམས་མྱོང་དང་སྤོབས་པ་ངེས་ཅན་ཟིག་ཡོད་པ་ཁོ་ཐག་རེད་སྙམ་ནས། ཅུང་ཙམ་ཅི་ཡང་མ་བཤད་པར་བསྡད།
བདེ་སྐྱིད་མཚོ་མོའི་ཕ་ཡུལ་སྟོན་ཚང་སྡེ་བའི་སྡེ་འདབས་སུ་སླེབས་པ་ན། རླངས་འཁོར་ལམ་འགྲམ་དུ་འདུག་ནས་གཡུང་དྲུང་ཟླ་བས་མོའི་ཅ་ལག་ཚང་མ་ལེན་རོགས་བྱས། ཞོར་དུ་ཁ་པར་གྱི་ཁ་ཕྱེས་ནས་སྐད་འཕྲིན་ནང་འཇུག་བྱེད་པའི་རེ་བ་འདོན། བདེ་སྐྱིད་མཚོ་མོའི་ཡང་མི་དགོས་མ་བཤད་པར་ཐེ་ཚོམ་ཅུང་ཙམ་བྱེད་རྗེས་ནས་སྐད་འཕྲིན་ནང་འཇུག་བྱས། སྤྱིར་ཡིན་ན་བདེ་སྐྱིད་མཚོ་མོའི་བཀྲ་ཤིས་དཔལ་བཟང་དང་འགྲོགས་པ་ནས་བཟུང་། སློབ་སྦྱོང་དང་བྱ་བའི་དགོས་མཁོ་ཆེད་དུ་མ་གཏོགས། སྐྱེས་པ་གཞན་པ་གཅིག་ལ་སྐད་འཕྲིན་སྣོན་མ་མྱོང་། དེ་རིང་ནི་ཅི་ཞིག་གི་རྐྱེན་གྱིས་ཡིན་ནམ་མ་ཤེས་པར། སྐད་འཕྲིན་སྣོན་དགོས་བྱུང་སོང་། ཁོ་གཉིས་ཁ་གྱེས་རྗེས། མོ་རང་གི་ཁྱིམ་དང་ཁོ་རང་འགྲོ་དགོས་སའི་ས་དེར་ལོག་སོང་། མོས་སེམས་སུ་དེ་རིང་འཕྲད་པའི་ཕོ་གསར་དེའི་བཤད་སྐད་ཆ་བདེན་པོ་ཡིན་འདུག་སྙམ་པའི་འདུན་པ་ཞིག་དབང་མེད་དུ་དྲན་པའི་ངོས་སུ་འཆར།
བདེ་སྐྱིད་མཚོ་མོའི་ཕ་མས་དེ་རིང་བུ་མོ་སློབ་ཆེན་མཐར་ཕྱིན་ནས་ཡུལ་ལ་ཡོང་བ་ཐོས་རྗེས། ཕ་རྒན་སྔ་མོ་སྲང་བར་དུ་སོང་ནས་བཏུང་བྱ་དང་མངར་རིགས་མང་པོ་ཉོས་ནས་ཡོང་། མ་རྒན་གྱིས་འཁྱགས་སྒམ་དུ་བུ་མོའི་སྐལ་འཇོག་པའི་ནོར་གྱི་རྒྱུ་མ་དང་ལུག་གི་བྲང་མགོ་སོགས་བླངས་ནས་བཙོས།
བདེ་སྐྱིད་མཚོ་མོའི་སྡེ་འདབས་ནས་དྲུད་སྒམ་དྲུད་ནས་རང་ཁྱིམ་གྱི་སྒོ་འགྲམ་དུ་སླེབས། སྤྱིར་ཡིན་ན་ནམ་རྒྱུན་ཁོ་ཚང་གི་སྒོ་ཆེན་ནང་ཟྭ་རྒྱག་ཡོད་མོད། ཡིན་ཡང་། དེ་རིང་བུ་མོ་ཕྱིར་ཁྱིམ་ལ་ལོག་ཡོང་བ་ཤེས་ནས་ནང་ཟྭ་མ་རྒྱག་པར་ཕྱེ་ནས་བསྐྱུར་ཡོད། མོས་ཁོང་ཚང་གི་སྒོ་ཆེན་ཡར་སྣུན་ནས་ར་བའི་ནང་དུ་འཛུལ། མོའི་མིག་ལམ་དུ་ལམ་ཕྲན་གཡས་གཡོན་གྱི་རྒྱ་རའི་ནང་དུ་རྩྭ་ལྗང་སྐྱེས་ཡོད་པ་མཐོང་། ཆར་བ་བབ་ནས་ཅུང་མ་འགོར་བས། རྩྭའི་སྟེང་དུ་ཆུ་ཡི་ཟེགས་རེ་འགའ་ཡོད་པ་ཡང་གསལ་བོ་མཐོང་བ་དང་། མཁའ་དབུགས་གཙང་མས་ཚོར་བ་སྐྱིད་པོ་ཞིག་མོ་ལ་སྟེར། དེ་ནས་མོས་ཁང་པའི་སྒོ་ནང་དུ་འཛུལ་མ་ཐག ཕ་མ་གཉིས་ཀྱིས་འཛུམ་མདངས་ཀྱིས་བསུ་མ་བྱེད་པ་དང་ཆབ་གཅིག་ཏུ་མོ་རང་ཅོག་ཙེ་འགྲམ་དུ་འདུག་དུ་བཅུག་པ་དང་། དཀར་ཡོལ་རྨ་འབྲུག་ཁ་སྤྲོད་ཅིག་གི་ནང་དུ་ཇ་ཧ་བྱེད་ནས་འོ་ཇ་བླུགས། དེ་ནས་ཨ་མའི་ལག་གཡས་གཡོན་དུ་ཤ་སྡེར་མ་གང་དང་ཤ་མོག་སྡེར་མ་གང་ཁྱེར་ཡོང་ནས་ཤུག་དམར་ཅོག་ཙེའི་སྟེང་དུ་འཇོག ཁྱིམ་མི་ལྷན་འཛོམས་ཡོང་བས་ཁོ་ཚང་གི་ཁང་བའི་ནང་དུ་དགའ་སྤྲོའི་དགོད་སྒྲ་ལྷང་ལྷང་སྒྲོགས་པས་གྲོང་འདབས་ཀྱི་མི་བུ་དེ་ཚོས་མིག་དབང་གི་ལོངས་སྤྱོད་དུ་གྱུར།
ཉིན་ཁ་ཤས་ཀྱི་རྗེས་ནས་ནམ་རྒྱུན་ལྟར་མོའི་སྐད་འཕྲིན་སྟེང་དུ་སྐད་འཇོག་པའི་དགའ་རོགས་བཀྲ་ཤིས་དཔལ་བཟང་གིས་ཉིན་གཉིས་ལྷག་ལ་མོ་ལ་སྐད་མ་འཇོག མཛའ་བོ་སྐད་ཆ་འཇོག་པ་དང་ཉན་པ་ནི་མོ་རང་ལ་མཚོན་ན་འཚོ་བའི་ཆ་ཤས་སུ་གྱུར་ཡོད། མོས་ཡང་མཛའ་བོ་ལ་ནམ་རྒྱུན་ཕར་སྐད་འཇོག་སྲོལ་ཡོད། ཁོ་གཉིས་ཕན་ཚུར་ལ་དོན་ཡོད་མེད་གཉིས་ཀ་འཚམས་འདྲི་བྱས་ནས་སྐད་འཇོག་སྲོལ་ཡོད། ཡིན་ཡང་། ཉིན་འདི་དག་གི་རིང་ལ་རྒྱུན་གཏན་ཞིག་མིན་པས་མོའི་སེམས་སུ་བྲེལ་འཚུབ་དང་ཚོར་བ་མི་འདྲ་བ་ཞིག་སྐྱེས། སྐད་ཆ་མ་འཕྲོད་པའི་ཉིན་གསུམ་པའི་དགོང་མོ་དུས་ཚོད་བཅུ་དང་སྐར་མ་བཞི་ཅུ་ཞེ་གསུམ་སྟེང་དུ་བཀྲ་ཤིས་དཔལ་བཟང་གིས་སྐད་འཕྲིན་སྟེང་དུ་ཁ་པར་གཏོང་། མོ་རང་སྔ་ཉལ་བྱས་པས་མ་གོ ཡང་སྐར་མ་ཞེ་བརྒྱད་སྟེང་དུ་སྐད་འཇོག ཕྱིར་ཉིན་ནམ་ལངས་པ་ན། མོ་རང་སྔ་ལངས་བྱེད་ནས་ཁྱིམ་གྱི་ལས་ཀ་ལས་ཙག་ཙིག་རྣམ་ལས་ནས་ཁ་པར་ལ་བལྟ་ཁོམ་མ་བྱུང་། ནང་ཇ་འཐུང་ཚར་རྗེས། མོས་ཁོང་ཚང་གི་རྒྱ་རའི་ནང་གི་དོང་ཆུ་ནང་ནས་ཆུ་ལེན། ཆུ་ལེན་ཚར་རྗེས་མོ་རང་གི་ཉལ་ཁང་དུ་སོང་ནས་ཁ་པར་ལ་བལྟས་པ་ན། ད་བཟོད་བཀྲ་ཤིས་དཔལ་བཟང་གིས་སྐད་འཇོག་ཡོད་པ་ཤེས། སྐད་འཇོག་པ་འདི་ལྟར་སྟེ།“ཉིན་འདི་དག་ཁྱོད་ཀྱིས་སྐད་ཡོང་བ་དུས་ལྟར་དུ་ལེན་འདེབས་མ་ཐུབ་པས་དགོངས་དག་ཞུ། ངའི་ཨ་མ་རྐྱེན་ངན་ཞིག་ལ་འཕྲད་ནས་གློ་བུ་དུ་འཇིག་རྟེན་ནས་ཁ་བྲལ་སོང་། དེ་རིང་གི་ཉིན་གསུམ་པ་ཡིན། དེ་བས་ཉིན་འདི་དག་གི་རིང་ལ་སྐད་འཇོག་མ་ཐུབ།”ཅེས་བཤད་འདུག སྐད་ཆ་དེ་ཐོས་པ་ན་ཅི་ཞིག་བྱེད་དགོས་པ་མ་ཤེས་པར་ཡུན་ཙམ་ཞིག་ལ་ཧད་ནས་བསྡད། དེ་ནས་བཀྲ་ཤིས་དཔལ་བཟང་ལ་ཁ་པར་ཐེངས་འགའ་གཏོང་ཡང་ཁ་པར་མ་འཕྲོད། ཅུང་ཙམ་འགོར་རྗེས།“ཁྱོད་ཟ་མ་དུས་ལྟར་ཟོས། ངའི་བསྒྲུབ་ཐུབ་པའི་དོན་དག་ཡོད་ན་ང་ལ་འབྲེལ་བ་བྱོས་དང་ངའི་དུས་ཚོད་ཉེར་བཞི་ནང་དུ་ཁ་པར་གྱི་སྒོ་མི་རྒྱག ད་རུང་རང་ཉིད་ལ་བདག་པོ་ཡག་པོ་བྱོས།”ཟེར་ནས་མོས་སྐད་འཇོག་པ་དང་སྒོར་མོ་ལྔ་བརྒྱ་སྐུར།
ཟླ་གཉིས་ཀྱི་རྗེས་ནས་བདེ་སྐྱིད་མཚོ་མོ་ཁུལ་ཐོག་ཏུ་དགེ་རྒན་གྱི་ལས་སྣེ་ལ་མིང་ཐོ་འགོད་དུ་སོང་། དེ་དུས་བཀྲ་ཤིས་དཔལ་བཟང་གི་ཨ་མ་ཚེ་ལས་འདས་ནས་ཞེ་དགུ་རྫོགས་ནས་ཉིན་བཅུ་ལྷག་འགོར་ཡོད། མོས་མིང་ཐོ་འགོད་ཚར་རྗེས་ཨ་ཕ་དང་མཉམ་དུ་འདུག་ཆས་བྱེད་པའི་ཁྱིམ་གྱི་ཅ་ལག་འགའ་ཉོ་རུ་སོང་། མོའི་སེམས་སུ་དེ་རིང་བཀྲ་ཤིས་དཔལ་བཟང་ཡོང་ནས་མོ་ལ་རོགས་པ་བྱས་ན་ཅི་འདྲ་བཟང་སྙམ་ནས། གཅིག་ཡིན་ན་ཕ་རྒན་གྱིས་ངོ་ཤེས་འགྲོ་རེད། རྗེས་མ་ཁོ་གཉིས་ཀྱི་དོན་དག་ལ་སྟབས་བདེ་གང་མང་བསྐྲུན་ཐུབ་རེད། གཉིས་ཡིན་ན་ཉལ་ཁྲི་དང་གོས་སྒམ་སོགས་དངོས་པོ་ལྕི་མོ་དག་ཡར་འཇོག་མར་འཇོག་བྱེད་ན་སྐྱེས་པ་ཞིག་ཡོད་ན་ཤིན་ཏུ་ལེགས། ཕ་རྒན་ལོ་ན་མཐོ་བས་ཤུགས་གཏད་དགོས་པའི་ལས་ཀ་ལ་དཀའ་ངལ་ཡོད། མོས་བཀྲ་ཤིས་དཔལ་བཟང་ལ་སྐད་ཟིག་འཇོག་མོད། ཡིན་ཡང་དུས་ལྟར་ཏུ་ལེན་མ་ཡོང་། དེ་ནས་མོས་ལས་ཀ་བ་ལ་གླ་བྱིན་ནས་ཁྱིམ་ལ་གཙང་སྦྲ་དང་བདག་བྱས། ཕྱི་དྲོ་སླེབས་པ་ན། ད་གཟོད་བཀྲ་ཤིས་དཔལ་བཟང་གིས་ཕྱིར་མོ་ལ་ཁ་པར་ཡོང་ནས་འདི་ལྟར་བཤད།“དགོངས་པ་མ་འཚམས་རོགས། ད་ལྟ་ང་ཁུལ་ཐོག་ན་མེད། ང་དང་ངའི་ནུ་བོ། ཨ་ཞང་ཆེ་བ་ངེད་གསུམ་པོ་མ་དྲིན་ཆེན་གྱི་སྐྱེ་རྟགས་ཞུ་རུ་བུད་སོང་བས། ཕལ་ཆེར་གནང་ཉིན་ཕྱིར་སླེབས་ཐུབ་ས་རེད། ཁྱོད་དེ་བར་དུ་ཕྱིར་ཡུལ་ལ་འགྲོ་རྒྱུ་འུ་ཡིན”དྲིས། བདེ་སྐྱིད་མཚོ་མོའི་ཕྱིར་ཁོ་ལ་ལན་འདེབས་རྒྱུར། “མིན། སྤྱིར་ཡིན་ན་གནང་ཉིན་གཟའ་སྤེན་པ་ཡིན་པས་ཕྱིར་ཡུལ་ལ་ཐེངས་ཅིག་སོང་རྩིས་ཡོད། ད་མི་འགྲོ ངས་ཁྱོད་སྒུག་འདུག གཟའ་ཟླ་བ་ཐོན་ན། ང་ཡང་ལས་ཚོགས་ལ་ཞུགས་དགོས།”ཅེས་བཤད། དོན་དག་གཞན་པ་འགའ་ལབ་རྗེས། ཕན་ཚུར་ལ་བདེ་མོ་འཇོག་ནས་ཁ་པར་རྒྱག་མཚམས་བྱེད། ཕྱིར་ཉིན་ཕ་རྒན་ཕྱིར་ཁྱིམ་ལ་ལོགས་སོང་། དུས་བཅད་བྱེད་པར་ལྟར་གཟའ་སྤེན་པའི་ཕྱི་དྲོ་ཞིག་ལ་བཀྲ་ཤིས་དཔལ་བཟང་ཕྱིར་ཁུལ་ཐོག་ཏུ་སླེབས། ས་སྲོད་ཀྱི་དུས་སུ་མོའི་གམ་དུ་ཡོང་། ནམ་རྒྱུན་ལྟར་ཡིན་ན་ཁོ་གཉིས་ངོ་ཐུག་པའི་སྐབས་སུ་མོས་ཡག་ཡག་གང་མང་བྱེད་སྲོལ་ཡོད། འོན་ཀྱང་། དེ་རིང་མོས་དེ་ལྟར་བྱེད་པའི་འདུན་པ་མ་སྐྱེས། མོས་སེམས་སུ་ཡག་ཡག་དང་སྣང་བ་མཐོ་ཆེ་སོང་ན། བཀྲ་ཤིས་དཔལ་བཟང་གིས་རིག་ན་སེམས་སྡུག་འགྲོ་སྙམ་ནས། ནམ་རྒྱུན་ལྟར་བབ་ཆགས་ཀྱི་ངང་ནས་སྒུག ཅུང་ཙམ་འགོར་རྗེས། བཀྲ་ཤིས་དཔལ་བཟང་གིས་རླངས་འཁོར་སྐོར་ནས་མོ་ཡོད་སའི་སློབ་གྲྭའི་སྒོ་ཁ་ལ་སླེབས་ནས་སྐད་འཕྲིན་གཟུགས་མཐོང་མངགས་ཡོང་། དེ་ནས་མོ་སྒོ་ཁ་ལ་འདུར་རྒྱུགས་བྱེད་ནས་སོང་། དགའ་བའི་འཛུམ་ཞིག་བསྟན་ནས་རླངས་འཁོར་གྱི་ནང་དུ་བུད། གལ་ཏེ་ཁོ་གཉིས་ཀ་ཐང་བདེ་མོ་ཞིག་ན་ཡོད་ན་སྐེ་ལ་འཇུ་དགོས་སྙམ་པའི་འདུན་པ་དྲག་པོ་ཟིག་མོ་ལ་དབང་མེད་དུ་སྐྱེས། འགྲོགས་ནས་ལོ་གསུམ་འགོར་བའི་མཛའ་བོ་འཕྲད་པའི་དགའ་བའི་ཚོར་བ་དེ་རྒྱ་མཚོའི་རྦ་རླབས་ལྟར་ཡུན་རིང་ཞིག་ལ་གྱེན་ནས་གྱེན་དུ་འཕྱོ། དེ་ནས་ཁོ་གཉིས་ཟ་ཁང་ཞིག་ལ་སོང་ནས་ཟ་མ་ཟོས་རྗེས། འཚིག་ཇ་ཁང་ཞིག་ལ་སོང་ནས་འཚིག་ཇ་འཐུང་ཞོར་ཁ་བརྡ་མང་པོ་བྱས། མ་གཞིར་ཁོ་གཉིས་གློག་བརྙན་ཁང་དུ་གློག་བརྙན་བལྟ་རུ་འགྲོ་རྩིས་ཡོད། དུས་ཚོད་བལྟས་པ་ན་ནམ་གང་གི་དུས་ཚོད་བཅུ་གཉིས་སླེབས་ལ་ཉེ། དེ་ནས་ཁོ་གཉིས་མ་གྲོས་རང་མཐུན་གྱི་སྒོ་ནས་བདེ་སྐྱིད་མཚོ་མོའི་འདུག་གནས་ལ་སླེབས། ཅུང་ཙམ་ངལ་གསོ་རྗེས། ཁོ་གཉིས་མཉམ་དུ་ཉལ། སྤྱིར་ཡིན་ན་ཁོ་གཉིས་མཐུན་པོ་ཡོང་ནས་ལོ་ཁ་ཤས་འགོར་ཡོད་རུང་བཟའ་ཚང་ལྟར་མཉམ་དུ་ཉལ་བའི་དུས་ཡུན་ཤིན་ཏུ་ཉུང་། དེ་རིང་མཉམ་དུ་ཉལ་བ་ནི་བརྩེ་དུང་གི་མཚོ་མོ་ན་རྐྱལ་བའི་ཕོ་གཞོན་མོ་གཞོན་དེ་གཉིས། ཟླ་ཁ་ཤས་ཀྱི་རིང་ལ་མ་ཐུག་པའི་དྲན་གདུང་གི་མནར་བའི་དཀའ་ངལ་སེལ་བའི་ཆེད་དུ་ཡིན་པ་སྙམ། ནམ་རྒྱུན་ཁོ་གཉིས་ལུས་འབྲེལ་བྱེད་པའི་སྐབས་སུ་སྲུང་ཤུབས་སོགས་གྱོན་ནས་བྱེད་སྲོལ་ཡོད། ཡིན་ཡང་། དེ་རིང་ནི་དོན་དག་གློ་བུར་བ་ཡིན་པས་གྲ་སྒྲིག་གང་ཡང་བྱེད་མེད། ཐོག་མར་ཁོ་གཉིས་ལུས་འབྲེལ་གྱི་སྔོན་འགྲོ་དོན་དག་མང་པོ་བསྒྲུབས་ནས་ཅུང་ཙམ་མ་གཏོགས་འབྲེལ་བ་བྱས། ཐེ་ཚོམ་ཡང་ཡང་བྱེད་ནས་འབྲེལ་བ་བྱེད་མ་ཕོད། དེ་ནས་རྒྱབ་ཉལ་ཁྲི་ལ་གཏུག་ནས་ཡིན་ཙམ་ཞིག་ལ་ཉལ། མཐར་གྲོས་མཐུན་བྱུང་རྗེས་ཐད་ཀར་འབྲེལ་བ་བྱེད་པའི་ཐག་བཅོད་བྱེད། དོན་དག་ཅི་ཞིག་ཡོད་རུང་མཉམ་དུ་འགན་ཁུར་བའི་གྲོས་བྱེད།
ཕྱིར་ཉིན་ནང་ཇ་འཐུང་སྐབས། ཁོ་གཉིས་ཁ་བརྡ་ལབ་ཞོར་དུ་མོས་དྲིས་པ་ན། “སྐྱེ་རྟགས་ཞུས་པ་ཅི་བཤད་ཁུ”ཁོས་ཕྱིར་ལན་དུ“མི་འགྱངས་བར་བུ་མོ་ཞིག་གི་ལུས་རྟེན་ལེན་རྒྱུ་རེད་ཟེར་འདུག”ཅེས་མོ་ལ་བཤད།
ཟླ་གཅིག་གི་རྗེས་སུ། བདེ་སྐྱིད་མཚོ་མོའི་ཟླ་མཚན་དུས་ལྟར་མ་ཡོང་བས་མོས་བཀྲ་ཤིས་དཔལ་བཟང་ལ་བཤད། ཁོ་གཉིས་གྲོས་བྱེད་ནས་སྨན་ཁང་ལ་སོང་ནས་རྟག་དཔྱད་བྱས། སྨན་པས་ཁོ་གཉིས་ལས་བཤད་རྒྱུར། རྟེན་འབྲེལ་ཞུ། ཁྱོད་གཉིས་ལ་མ་འོངས་པར་བྱིས་པ་ཞིག་སྐྱེས་རྒྱུ་རེད། ཁྱོད་ཀྱི་ཆུང་མ་མངལ་ཆགས་འདུག་ཅེས་བཤད། ཡང་སྨན་པས་བཤད་རྒྱུར། ད་ལྟ་གཞོན་པ་ཕོ་མོ་མང་པོ་ཞིག་གིས་བྱིས་པ་སྐྱེས་འདོད་མེད་པས། བྱིས་པ་མི་དགོས་ཟེར་མཁན་འདུག ཁྱེད་གཉིས་བྱིས་པ་འདི་དགོས་སམ་ཟེར་ནས་དྲིས། ཁོ་གཉིས་ཀྱིས་ཐེ་ཚོམ་ཅི་ཡང་མེད་པའི་སྒོ་ནས་མགྲིན་གཅིག་ཏུ་དགོས་བཤད། དེ་ནས་ཁོ་གཉིས་ལ་དགའ་བ་རབ་ཏུ་རྒྱས་ནས་རྟེན་འབྲེལ་ཞུ་ཆེད་དུ་༼བཀྲ་ཤིས་གཡང་ཁྱིམ།༽ཟེར་བའི་བོད་ཟས་ཁང་ཞིག་ཏུ་ཟ་མ་ཟ་རུ་སོང་། ཟ་མ་ཟ་ཞོར་དུ་ཁ་བརྡ་གང་མང་བྱས། ཟོས་ཚར་ལ་ཉེ་བའི་སྐབས་སུ་གཡུང་དྲུང་ཟླ་བ་ཁོ་གཉིས་གམ་དུ་ཡོང་ནས་མཚམས་འདྲི་བྱེད། བཀྲ་ཤིས་དཔལ་བཟང་ཅི་ཡིན་མ་ཤེས་པར་ཁ་རོགས་བསྡད། བདེ་སྐྱིད་མཚོ་མོ་དོག་མི་བདེ་བ་ཞིག་ཡོད་ན་ཡང་གཡང་དྲུང་ཟླ་བ་དང་ཁ་བརྡ་ཅུང་ཙམ་མི་བྱེད་ཁ་མེད་བྱུང་། གཡང་དྲུང་ཟླ་བས་བཤད་རྒྱུར།“ཁྱོད་བདེ་མོ། ཐོག་མར་ཁྱེད་གཉིས་མགྲོན་དུ་ཕེབས་པར་དགའ་བསུ་ཞུ། ང་ངོ་ཤེས་འདུག་གམ། དེ་རིང་གི་ཟ་མ་ཚང་མ་ངས་མགྲོན་བྱེད། ” དེ་དུས་མོས་འཛེམ་དོག་གི་སྒོ་ནས་ཕྱིར་ལེན་འདེབས་ནས། “མིན། མིན། གཏན་ནས་མིན་ཅེས་ལབ།” ཡང་གཡུང་དྲུང་ཟླ་བས“དེ་འདྲ་མ་བྱེད། ཚང་མ་གྲོགས་པོ་སྒྲིག་ན་འདོད་ནས་ཡིན། སྐྱེས་པ་འདི་སུ་ཡིན་ནམ།”ཟེར་ནས་མོ་ལ་དྲིས། མོས་ཕྱིར་འཛུམ་ཞིག་བསྟན་ནས་ལེན་འདེབས་རྒྱུར། “ཁོ་ནི་ངའི་དགའ་རོགས་ཡིན། ཁྱེད་གཉིས་གྲོགས་སྒྲིག་ན་ཆོག་རེད”ཅེས་བཤད། དེ་ནས་བཀྲ་ཤིས་དཔལ་བཟང་གིས་ཀྱང་། “རེད། ངོ་མ་རེད། མི་འགྱངས་བར་ངེད་གཉིས་གཉེན་སྒྲིག་བྱེད་རྩིས་ཡོད།”ཅེས་བཤད།
དེ་དུས་གཡུང་དྲུང་ཟླ་བས་ཅུང་ཙམ་དོག་མི་བདེ་བའི་ངང་ནས་འཛུམ་ཞིག་བསྟན་ནས་བཤད་རྒྱུར། “འོ་ཡ། དེ་ན་ཁྱེད་གཉིས་དལ་མོ་བཞེས། ངས་བར་ཆད་མི་བྱེད།”ཅེས་བཤད་ནས་རྩིས་རྒྱག་སྒྲོམ་གྱི་ཕྱོགས་སུ་བུད་སོང་། གློ་བུར་དུ་ཁ་ཕྱིར་འཁོར་ནས་ཁོ་གཉིས་ལ“དེ་རིང་གི་ཟ་མ་ངེས་པར་དུ་ངས་མགྲོན་བྱེད”ཟེར་ནས་བུད་སོང་། ཁོང་གཉིས་ཡང་ཅུང་ཙམ་དོག་མི་བདེ་བའི་ངང་ནས་བློ་བབ་པའི་ཚུལ་དུ་འཛུམ་ཞིག་བསྟན།
དགོང་མོར་བདེ་སྐྱིད་མཚོ་མོའི་སྡོད་ཁང་དུ་སླེབས་པ་ན། མོའི་སྐད་འཕྲིན་སྟེང་ལ་གཡུང་དྲུང་ཟླ་བའི་སྐད་འཇོག་ཡོད་པ་མཐོང་། མོའི་སེམས་སུ་བཀྲ་ཤིས་དཔལ་བཟང་གིས་མོ་ལ་གཡུང་དྲུང་ཟླ་བའི་ཕྱོགས་ནས་སྐད་ཆ་གཅིག་ཀྱང་མི་དྲི་བ་ཅི་ཞིག་ཡིན་ནམ། དེང་མ་ཁོང་གཉིས་སློབ་གྲྭ་ན་ཡོད་དུས། སློབ་གྲོགས་སྐྱེས་པ་རྒྱུས་མེད་ཞིག་གི་མོ་ལ་འཛུམ་ཞིག་སྟོན་ཡང་དེ་ལ་དྲི་བ་རེ་ཡོད་པའི་སྲོལ་ཡོད། དེ་རིང་ངོ་མ་མཚར་པོ་རེད། ད་ནི་ཁོང་གཉིས་སྔོན་ཆད་དང་མི་འདྲ་བར་དགའ་རོགས་ཙམ་གྱིས་མིང་མིན་པར། བུ་ཕྲུག་གི་ཕ་མ་འགྱུར་ལ་ཉེ་བའི་མི་དར་མ་གཉིས་རེད། ཡང་ཅིག་བཤད་ན་མོར་ཡིད་ཆེས་དང་བརྩི་འཇོག་ཡོད་པས་རྐྱེན་གྱིས་ཡིན་ནམ་སྙམ་ནས། ཁ་ནས་ཅི་ཡང་མ་བཤད་པར་ཁ་རོག་བསྡད། བཀྲ་ཤིས་དཔལ་བཟང་གི་སེམས་སུ་ད་སྔོན་ཆད་དང་མི་འདྲ་བར་རང་གི་སེམས་ཐག་བཅད་པ་ལྟར། བུ་མོ་བདེ་སྐྱིད་མཚོ་མོ་ནི་ཚེ་གཅིག་གི་ཚེ་རོགས་བྱེད་རྩིས་ཡོད་པས། ད་ནི་མོ་ལ་ཡིད་ཆེས་དང་བརྩི་བཀུར་བྱེད་ན་འགྲིག་རེད་སྙམ་ནས། ཅི་ཡང་མ་བཤད་པར་ཁ་རོགས་བསྡད།
ཡང་གཡུང་དྲུང་ཟླ་བའི་སེམས་སུ། རང་གི་ཟླ་ཁ་ཤས་ཀྱི་རིང་ལ་བློ་སེམས་རྩེ་གཅིག་གིས་ཞིབ་འདང་རྒྱབ་ནས་འཆར་གཞི་བཀོད་པ་དེ་ཡོངས་སུ་མེད་པར་བཟོས་སོང་། མ་གཞིར་ཡིད་འོང་མ་དེ་ནི་མོ་རྐྱང་མ་ཡིན་པར་མ་ཟད། བཟའ་ཚང་སྒྲིག་ལ་ཉེ་བའི་བུད་ཅིག་རེད་འདུག་སྙམ་ནས། རང་དབང་མེད་པར་དབུགས་ཞིག་འཐེན་ནས་དུ་བ་རྐང་གཅིག་འཐེན་ཞོར་ཁོ་རང་གི་རླངས་འཁོར་གཉིས་པ་པོ་མX7ནང་དུ་བསྡད། ང་གཡུང་དྲུང་ཟླ་བ་ལ་མཚོན་ན་ད་སྐབས་རྒྱུ་འབྱོར་བ་ཕུན་ཚོགས་འཛོམས་ནས་ཡོད། དུས་རྒྱུན་བུ་མོ་འདྲ་མིན་སྣ་ཚོགས་ཀྱིས་ང་ལ་འདུན་པ་ཡོད་པའི་མཉམ་གང་མང་སྟོན་ཡང་། ད་བར་དུ་ཡིད་ཀྱི་འདུན་པ་དབང་མེད་འཕྲོག་པའི་བུ་མོ་བདེ་སྐྱིད་མཚོ་མོ་ལྟ་བུ་ཞིག་འཕྲད་མ་མྱོང་། གང་ལྟར་ཀྱང་། བུ་མོ་དེ་ནི་ད་ལྟ་གཞན་གྱི་ཆུང་མ་འགྱུར་ལ་ཉེ་བས། དངོས་ཡོད་འཚོ་བས་ང་ལ་དགའ་སྐྱོ་འདྲེས་མའི་ཚོར་བ་ཞིག་སྟེར་ནས་མི་ཡུལ་གྱི་སྐྱོ་གར་ཞིག་འཁྲབ་སོང་བསམ་ནས་ནམ་སྨད་བར་དུ་དུ་བ་འཐེན།
ལོ་དེར་དབྱར་ཁ། བཀྲ་ཤིས་དཔལ་བཟང་དང་བདེ་སྐྱིད་མཚོ་མོ་གཉིས་ཀྱི་གཉེན་སྟོན་མཛད་སྒོ་སྤེལ། དེ་དུས་གཡུང་དྲུང་ཟླ་བ་ཡང་ཁོང་གཉིས་ཀྱིས་གཉེན་སྟོན་ཐོག་དུ་གདན་འདྲེན་བྱེད། དེ་སྔོན་ཡང་ཁོ་གཉིས་ཀྱི་གཉེན་སྟོན་ལ་གྲ་སྒྲིག་བྱེད་པའི་སྐབས་སུ། གཡུང་དྲུང་ཟླ་བས་རོགས་རམ་གང་མང་བྱས། གཉེན་སྟོན་བྱེད་ཚར་རྗེས་ཀྱི་ཉིན་གསུམ་པར་ཁོ་གཉིས་གྲོས་བྱེད་ནས་གཡུང་དྲུང་ཟླ་བས་གཉེན་སྟོན་གྲ་སྒྲིག་གི་མགོ་འཇུག་བར་དུ་རོགས་རེམ་མང་པོ་བྱེད་པས། བཀའ་དྲིན་ཞུ་ཆེད་དུ་ཁྱིམ་དུ་མགྲོན་ལ་བོས་ནས་འོ་ཇ་དང་ཤ་ཆང་གིས་སྣེ་ལེན་བྱས། དགོང་མོར་དེར་ཁོ་ཚོས་ཁ་བརྡ་མང་པོ་བྱས། བཀྲ་ཤིས་དཔལ་བཟང་གིས་གཡུང་དྲུང་ཟླ་བ་ལ་འདྲི་རྒྱུར“ཁྱོད་ཀྱི་མིང་ལ་གཡང་དྲུང་ཟླ་བ་ཟེར་བའི་རྒྱུ་མཚན་ཅི་རེད་བྲིས་པས།”གཡུང་དྲུང་ཟླ་བས་ཕྱིར་ལེན་འདེབས་ནས“དེའི་སྐོར་ནས་བཤད་ན་ངའི་ཨ་མྱེ་ཚེ་ཐོག་ཏུ་ཡོད་པའི་སྐབས་སུ་ངས་ཁོང་ལ་དྲི་བ་འདྲི་མྱོང་། དེ་དུས་ཁོང་གིས་ང་ལ་འདི་ལྟར་བཤད་མྱོང་། གཡུང་དྲུང་ཟེར་བ་ནི་ང་ཚོ་བོད་ཀྱི་གདོད་མའི་ཆོས་ལུགས་ཡིན་ལ། བོད་རང་གི་ཆོས་ལུགས་ངོ་མ་དེ་ཡིན། ད་ལྟ་བོད་ལ་དར་ཁྱབ་ཆེ་བའི་སངས་རྒྱས་ཆོས་ལུགས་ནི་ཕྱི་ཕྱོགས་ནས་དར་བའི་ཆོས་ལུགས་ཡིན། སྤྱིར་ང་ཚོ་བོད་མི་རིགས་འདི་བློ་སེམས་བརྟན་པོ་ཅན་གྱི་མི་རིགས་ཤིག་མ་ཡིན་པས། ཕྱི་ཕྱོགས་ཀྱི་དོན་དག་འདྲ་མིན་སྣ་ཚོགས་ལ་རྟག་དཔྱད་དང་ཞིབ་འཇུག་གང་ཡང་མེད་པར། ནང་ལེན་དང་ཁས་ལེན་བྱེད་པའི་ལྷན་སྐྱེས་ཀྱི་གླེན་རྟགས་ཤིག་གྲུབ་ཡོད། དེ་བས་ཨ་མྱེས་ཡིས་ང་ལ། ཁྱོད་ཀྱི་མིང་གི་མགོ་ན་གཡུང་དྲུང་འཇོག་ནས་རྟགས་དོན་ནི། གཅིག་ཡིན་ན། བོད་ཀྱི་ཕ་ཆོས་དག་མ་འདི་ནམ་ཡང་ཚ་བོ་ཁྱོད་ཀྱི་སེམས་ནས་མི་བརྗེད་པ་དང་། གཉིས་ཡིན་ན་རང་རེའི་བོད་ལ་མཚོན་ན་མགོ་མ་དེ་མཆོག་ཏུ་བརྩི་བའི་སྲོལ་ཡོད་པས་དེས་ཡིན། མ་གཞིར་གནའ་ནས་ད་བར་དུ་བོད་མི་རིགས་འདི་རྩ་བ་དོར་ནས་རྩེ་མོ་བསྙེགས་པའི་འདུ་ཤེས་ངན་པ་ཞིག་ཆགས་ཡོད་རེད། ངོ་མ་བཤད་ན་མིང་གི་རྗེས་སུ་ཟླ་བ་འདོགས་པ་འདི་ཡང་རྒྱ་གར་གྱི་རིག་གནས་ཀྱིས་ཤུགས་རྐྱེན་ཐེབས་ཡོད་པ་འདྲ། རྒྱུ་མཚན་ནི་རྒྱ་གར་ནས་ཉི་མ་དང་ཟླ་བ་གཉིས་ཟླ་བ་གཙུགས་སུ་འཛིན་པའི་རིག་གནས་ཀྱི་སྣང་ཚུལ་ངེས་ཅན་ཞིག་ཡོད་པས། བོད་ལ་ཟླ་བ་ཟེར་བའི་མིང་འདོགས་པའི་མིང་འདི་ཡང་རྒྱ་གར་གྱི་ཤུགས་རྐྱེན་ཐེབས་ཡོད་པ་ཐག་གི་ཆོད། ངའི་མིང་གི་རྒྱུ་མཚན་དེ་འདྲ་ཡིན།”ཅེས་བཤད། དེ་ནས་ཅུང་འགོར་རྗེས། གཡུང་དྲུང་ཟླ་བ་ཕྱིར་ཁྱིམ་ལ་ལོགས་སོང་། དེ་ནས་བདེ་སྐྱིད་མཚོ་མོའི་ཁྱིམ་གྱི་ཙག་ཙིག་རྣམས་ཉར་ཚར་བྱས་རྗེས། མལ་ཁང་དུ་སླེབས་པ་ན། བཀྲ་ཤིས་དཔལ་བཟང་གིས་ཁོང་གཉིས་ཀྱི་བུ་མོ་བསོད་ནམས་ལྷ་ཡག་རུམ་ནས་ཉལ་ཟིན། མོས་དེ་མཐོང་ནས། བྱིས་པ་གཉིད་བཀྲོགས་པར་དོག་ནས་སེམས་ཆུང་བྱེད་ནས་ཉལ། ཡིན་ཡང་། མོས་ཅི་འདྲ་སེམས་ཆུང་བྱེད་ཀྱང་། བཀྲ་ཤིས་དཔལ་བཟང་ཕ་བུ་གཉིས་གཉིད་ལས་དཀྲོགས་སོང་། མོས་བུ་མོ་ནུ་མ་བླུགས་ཞོར་དུ་བཀྲ་ཤིས་དཔལ་བཟང་ལ་ཁ་བརྡ་བྱེད་ནས། “སྐྱེ་རྟགས་ཞུ་རྒྱུ་ཅི་ཟེར་འདུག”ཅེས་དྲིས། བཀྲ་ཤིས་དཔལ་བཟང་གིས་ཕྱིར་མོ་ལ“ངའི་མ་དྲིན་ཆེན་གྱི་སྐྱེ་བ་ངེད་གཉིས་ཀྱི་བུ་བསོད་ནམ་ལྷ་ཡག་རེད་ཟེར། སྔོན་ཆད་ངས་སྐྱེ་བ་སྔ་ཕྱི་ལ་དེ་འདྲ་ཡིད་ཆེས་མེད་མོད། ཁྱོས་ཀྱང་ཤེས་རྒྱུ་རེད། ཡིན་ཡང་། ད་ཕྱིར་འདང་ཞིག་རྒྱབ་ན་ཡིད་ཆེས་མ་བྱེད་བཀོད་པ་མེད་འདུག ”ཅེས་བཤད་རྗེས་དབུགས་རིང་ཞིག་འཐེན་ནས་བློ་ཉལ་བྱེད། མོས་སེམས་སུ་བརྗོད་མི་ཤེས་པའི་ཚོར་བ་ཞིག་སྐྱེས། དོན་ངོ་མ་ལས་དབང་དང་དད་མོས། དངོས་ཡོད་འཚོ་བ་གསུམ་པོ་དེ་འདྲའི་ཁྱད་མཚར་ལྡན་པ་ཞིག་རེད་འདུག་སྙམ་ནས་ཁ་རོགས་བསྡད།
སྙན་ངག •ལོ་རྒྱུས། •ཆོས་ལུགས། •དཔྱད་རྩོམ། •བསྒྱུར་རྩོམ། •སློབ་གསོ། •གླུ་གཞས།
ཆུ་དམར་རྩོམ་རིག་འཕྲིན་སྟེགས།
ཡིག་སྒམ། 1659774550@qq.com
扫码关注
能看到很多生活乐趣
འཕྲིན་སྟེགས་སུ་མི་སྒེར་རམ་ཚོགས་པ་གང་གི་ཁེ་དབང་ལ་གནོད་པའི་ནང་དོན་ཡོད་ཚེ་མྱུར་དུ་ང་ཚོར་འབྲེལ་གཏུག་བྱོས་དང་དྲ་ངོས་ནས་བསུབ་ངེས་ཡིན།
དེ་ནང་བཞིན་སྐུ་ཉིད་ཀྱི་སྙན་རྩོམ་དང་གླུ་གཞས་གསར་པ། པར་རིས་དང་རྩོམ་རིག་བརྩམས་ཆོས་སྤེལ་འདོད་ཚེ་རྩ་བའི་ཆ་རྐྱེན་ཆབ་སྲིད་དང་མི་འགལ་བའི་ཐོག་འོག་གི་འབྲེལ་ལམ་རྒྱུད་དེ་འབྲེལ་བ་བྱོས་དང་ཁྱེད་ཀྱི་འདོད་བློ་ལྟར་གང་ཐུབ་བྱ་ངེས།