ཆུ་དམར་རྩོམ་རིག་སྤྱི་སྟེགས་སུ་ཕེབས་པར་ལེགས།
ཨ་བྷོ་བཀྲ་ཤིས་ཀྱི་མཚན་གང་བོར།
བསོད་ནམས་སྟོབས།
ཐལ་མོ་བརྡེབས་སྒྲ་ལྷང་ལྷང་གྲགས་པ་ན། དགེ་རྒན་ཆེན་མོ་མགོན་པོ་ལགས་ཀྱིས་འཆད་ཁྲིད་མཇུག་རྫོགས་སོང་། ཨ་བྷོ་བཀྲ་ཤིས་ཀྱང་སློབ་མ་གཞན་དང་འདྲ་བར་སློབ་གྲྭའི་ཇ་ཁང་ནང་ན་ནུབ་ཇ་འཐུང་དུ་སོང་། ནུབ་ཇ་འཐུང་ཚར་རྗེས་དཔེ་མཛོད་ཁང་ལ་སོང་ནས་དུས་ཚོད་གཅིག་ལྷག་ལ་བརྡ་སྤྲོད་ཀྱི་སྐོར་ནས་བལྟས། ཉལ་ཁང་ལ་སླེབས་རྗེས་དུ་བ་རྐང་གཅིག་འཐེན་ཞོར་ཉལ་ཁྲིའི་སྟེང་དུ་རྒྱབ་ཉལ་བྱེད། དེ་ནས་ཅུང་ཙམ་འགོར་རྗེས་ཨ་བྷོ་བཀྲ་ཤིས་ཀྱི་སེམས་སུ། ཆུང་དུས་ཕ་མ་གཉིས་ཀྱིས་ཁོ་རང་ཁྲིད་ནས་སྟོད་ཉི་མ་ལྷ་སར་མཇལ་བསྐོར་བྱེད་པ་དང་དེ་དུས་ཁོ་ནི་བྱིས་པ་བསམ་མེད་གཅིག་ཡིན། ཕལ་ཆེར་ལོ་བཞི་ཡར་མར་ཅན་གྱི་བྱིས་པ་བསམ་མེད་གཅིག་རེད་ལ། དྲན་ཤེས་ཀྱི་ངོས་ན་དོན་དག་རེ་གཉིས་འཛིན་ཐུབ་པའི་དུས་ཡང་ཡིན། དེ་ནས་བཟུང་ལོ་རེ་བཞིན་དུ་དོན་དག་མང་ཤོས་གསལ་བོ་ཡིད་ལ་མི་ཡོང་། ཉིན་ཞིག་ལ་ཁོ་གོ་འགྲམ་དུ་བསྡད་ནས་རྡོ་ཀ་ར་ཟ་བའི་སྐབས་སུ་ཡ་སོ་གཅིག་ཁ་ནང་ནས་ལྷུང་ཡོང་བའི་ཚོར་བ་ཞིག་སྐྱེས། དེ་ནས་ཁོས་མགྱོགས་པོར་སོ་དེར་ལག་ལ་ཁུར་ནས་ཨ་མྱེས་ཀྱི་གམ་དུ་སོང་། ཨ་མྱེས་ཡིས་ཁོ་ལ་བཤད་རྒྱུར། “ཚ་བོ་དགའ་དགའ་ཁྱོད་ད་ལོ་ལོ་བརྒྱད་ལ་ལོན་པ་རེད། ང་ཚོད་བོད་ཀྱི་གཏམ་དཔེ་ལ། ལོ་བརྒྱད་ཁ་ཆག་བཤད་སྲོལ་ཡོད་རེད། དེ་བས་ད་ཚ་བོ་ཁྱོད་སློབ་གྲྭ་འགྲོ་རན་ཡོད་རེད། ”ཅེས་བཤད། ཉིན་ཁ་ཤས་ཀྱི་རྗེས་ནས་ཨ་བྷོ་བཀྲ་ཤིས་ཞང་བོས་འཕྲུལ་རྟའི་ཕང་ལ་ཞོན་ནས་སློབ་གྲྭར་སོང་། ཐོག་མར་ཁྱིམ་ནས་ལམ་ལ་ཆས་པའི་སྐབས་སུ་ཨ་མས་ཁོ་ལ་སྲུང་འཁོར་གཅིག་སྐེ་ལ་བཏགས། ཨ་ཕས་ཁོ་ལ་སྒོ་མོ་ལྔ་ཉི་ཤུ་བྱིན། དེ་དུས་འབྲོག་ཁུལ་དང་ཡུལ་ཚོའི་བར་ལ་ལམ་ཚད་ལྡན་ཞིག་མེད་པས། ཞང་བོ་དང་ངེད་གཉིས་འཕྲུལ་རྟ་ཞོན་ཏེ་ཉིན་གང་བོར་སོང་། ཕྱི་དྲོའི་ས་རུབ་ལ་ཉེ་དུས་ད་བཟོད་རྨ་ཆུའི་ཁ་ལ་སླེབས། དཔྱིད་མགོ་ཡིན་པས་རྨ་ཆུའི་ངེད་གཉིས་ལ་འགྲོ་སྣོན་ཆེན་པོ་སྐྱེལ་མ་བྱུང་། ཕྱིར་ཉིན་ཨ་ཞང་གིས་ང་ཁྲིད་ནས་སློབ་གྲྭ་ལ་མིང་ཐོ་འགོད་དུ་སོང་། དེ་དུས་ངས་དགེ་རྒན་དང་སློབ་གྲོགས་གཅིག་ཀྱང་ངོ་མི་ཤེས་པས་ངའི་སེམས་སུ་ད་ནི་ཅི་ཞིག་བྱེད་དགོས་པ་གཏན་ནས་མ་ཤེས། ཉིན་མོ་སློབ་ཁྲིད་ལ་ཞུགས་པ་དང་སློབ་ཁྲིད་གྲོལ་རྗེས་སློབ་གྲོགས་དག་དང་མཉམ་དུ་རྩེད་དགོད་བྱེད་པས་ཁྱིམ་དེ་འདྲ་མི་དྲན། ཡིན་ཡང་དགོང་མོ་ཉལ་རྗེས་ནམ་རྒྱུན་གཉིད་མི་ཁུག ཉལ་དུས་ཉལ་ཐུལ་ནང་འཛུལ་རྗེས་ཡུན་རིང་ཞིག་ལ་ལུས་ཕུང་དྲོད་ཡོང་དཀའ། དེ་དུས་ཁྱིམ་ཤིན་ཏུ་དྲན། ནམ་རེ་ངུས་ངུས་ནས་གཉིད་སོང་། ནམ་རེ་ནམ་གང་བོར་གཉིད་མི་ཁུག གཟའ་མཇུག་གི་སྐབས་སུ་དགེ་རྒན་ཐམས་ཅད་རྫོང་ལ་བུད་འགྲོ ནམ་རྒྱུན་སློབ་མ་ཆེ་བ་ཞིག་གིས་མགོ་འཛིན་ནས་སློབ་མ་ཚོར་བརྙན་འཕྲིན་ལ་ལྟ་རུ་འཇུག་པ་རེད། ང་དང་བསོད་ནམས་སྟོབས་རྒྱལ་གཙོ་བྱེད་པའི་སློབ་གྲོགས་ཁ་ཤས་ཀྱི་སེམས་སུ་ཨ་ཕ་སློབ་གྲྭ་ལ་སྐོར་རྒྱག་གི་ཡོང་བ་རེ་སྒུག་བྱེད་ཡོད། སློབ་གྲོགས་ཚང་མས་བརྙན་འཕྲིན་ལ་ལྟ་བཞིན་པའི་སྐབས་སུ་ང་དང་སློབ་གྲོགས་རེ་འགའ་ཞིག་ཁ་རོག་སྤྱོད་ཁང་ལ་འགྲོ་བ་ཁ་གཡར་རྗེས་སྒོ་བུད་དེ་སློབ་གྲྭའི་བྱང་ཤར་གྱི་མཚམས་ན་ཐེ་ཕུང་ཆེན་པོ་ཞིག་ཡོད་པ་དེའི་སྟེང་དུ་སོང་སྟེ། མིག་གིས་མཐོང་མི་མཐོང་གི་མཚམས་ནས་འཕྲུལ་རྟ་འགའ་ཡོང་བ་ལ་རང་གི་ཨ་ཕ་ཡིན་པར་རེ་སྒུག་ཡང་ཡང་བྱས་འཕྲུལ་རྟ་དེ་དག་གཅིག་རྗེས་གཉིས་མཐུད་བྱས་ནས་ང་ཚོ་བསྡད་ཡོད་སའི་ཐེ་ཕུང་གི་འགྲམ་དུ་སླེབས་པ་ན་ཐམས་ཅད་ནང་ན་ངའི་ཨ་ཕ་མེད་པ་ད་བཟོད་ཤེས།
ལོ་རིམ་གསུམ་པ་ནས་ལོ་རིམ་བཞི་བ་འཕར་བའི་སྐབས་སུ་ང་ཚོ་སློབ་གྲྭ་བསྐྱར་འཛུགས་ཀྱི་ལས་གཞི་ཞིག་ཐོན་ཡོད་རེད་ཟེར། དེ་དུས་ངས་གསལ་བོ་མ་ཤེས། ཡིན་ཡང་། ཉིན་ཁ་ཤས་ཀྱི་རྗེས་ནས་སློབ་མ་ཚང་མ་རྫོང་ཐོག་ལ་སློབ་གྲྭར་སོང་། དབྱར་གནང་གི་སྐབས་སུ་ཡུལ་ལ་ལོག་རྗེས་ན་ཟླ་ཚོ་དང་མཉམ་དུ་བེའུ་རྫི་དང་དགོང་ནོར་སྐོར་དུ་སོང་། དེ་དུས་ངེད་ཚང་ལ་འབྲི་མོ་གཡང་དཀར་བརྒྱ་མོ་ཟེར་བའི་འབྲི་དཀར་པོ་ཞིག་ཡོད། འབྲི་ཆེན་པོ་ཞིག་ཡིན། ངེད་ཚང་གི་ཁྱིམ་མི་ཚང་མས་དེ་ལ་བརྩི་བཀུར་བྱེད། སྐབས་དེར་ངས་ཅི་ཞིག་ཡིན་པ་མ་ཤེས། ཉིན་ཞིག་ངའི་ཨ་ཕ་ང་ལ་རྒྱུ་མཚན་བཤད་བྱུང་། མ་གཞིར་ངས་ཀྱང་ཟླ་གཅིག་གི་སྔོན་ལ་ཨ་ཕ་དྲིས་པ་ཡིན། ཨ་ཕས་བཤད་རྒྱུར།“འབྲི་མོ་གཡང་དཀར་བརྒྱ་མོ་འདི་ནི་ངེད་ཚང་འབྲི་བརྒྱ་ལོན་པའི་འབྲི་མོ་ཨང་བརྒྱ་ཐམ་པ་དེ་རེད། ད་རུང་འབྲི་འདི་ན་ནིང་ལྷ་འཐེན་ཚར་རེད། ཁྱོད་ཨ་མྱེས་ཚེ་ཐོག་ཏུ་ཡོད་པའི་སྐབས་སུ་ང་ལ་བཤད་མྱོང་། འབྲི་འདི་ཁྱོད་ལ་བྱིན་ཟེར་བས་དེ་རིང་ད་ངས་ཁྱོད་ལ་དངོས་སུ་བྱིན་ཡིན། ད་ནས་བཟུང་འབྲི་མོ་འདི་ཁྱོད་ཀྱི་སྐལ་རེད། ”ཅེས་བཤད།
ཉིན་ཁ་ཤས་ཀྱི་རྗེས་ནས་ང་ཡང་སློབ་གྲྭ་འགྲོ་རན་སོང་། ང་འགྲོ་བའི་སྐབས་སུ་ངས་འབྲི་མོ་ཨ་མ་བཅོལ་ནས་བུད་སོང་། རྫོང་ལ་སླེབས་པའི་སློབ་སྐབས་དང་པོའི་དུས་ལ་ང་ཚོ་གཞི་རིམ་ནས་ཡོང་བའི་སློབ་མ་ཚོ་ལ་ཐུབ་ཚོད་དང་ཁྱད་གསོད་གང་མང་བྱེད་མྱོང་། ཡིན་ཡང་། ཉིན་ཞིག་ངས་དུ་བ་སྒམ་གང་རྙེད་བྱུང་། ངས་དེ་ཁུར་སོང་ནས་ལོ་རིམ་དྲུག་པ་ཚང་ལ་ངའི་ངོ་ཤེས་ཤིག་ཡོད། དེ་སྔོན་ཁོས་ང་ལ་བཤད་མྱོང་། ཁོ་ནི་སློབ་གྲྭ་འདི་ནང་གི་ཆེས་བཙན་ཤོས་དེ་ཡིན་ཟེར། ངས་ཁོ་ལ་སྐྱབས་སྐྱོར་འདོད་པས་དུ་བ་རྙེད་པར་སྦ་གསང་མ་བྱེད་པར་ཁོ་ལ་བཤད། དུ་བ་ཡང་ཁོ་ལ་བྱིན། དུས་དེ་ནས་བཟུང་། ང་དང་ངས་ཡུལ་གྲོགས་དག་ལ་བརྙས་བཅོས་བྱེད་མཁན་ཇེ་ཉུང་སོང་། རིམ་གྱིས་ལོ་རིམ་འཕར་བ་ནས་བཟུང་ང་ཚོ་ཡང་སྟོབས་ཤུགས་རྒྱས་ཏེ་ཕར་ལ་བརྙས་བཅོས་བྱེད་པར་མ་གཏོགས་ཚུར་ལ་བརྙས་བཅོས་བྱེད་མཁན་མེད་པར་གྱུར། ལོ་རིམ་དྲུག་པའི་སྐབས་སླེབས་པ་ན་ང་ཚོའི་སྟོབས་ཤུགས་ལྷག་པར་དུ་ཆེན་པོ་གྱུར་སོང་། ང་ནི་སློབ་གྲྭ་ཡོངས་ཀྱི་ཆེས་བཙན་ཤོས་དེ་ཡིན། ལོ་རིམ་དྲུག་པའི་སློབ་སྐབས་རྗེས་མའི་ཉིན་ཞིག་ལ་ང་རང་ཉལ་ཁང་དུ་སླེབས་པ་ན། ལོ་རིམ་གསུམ་པའི་སློབ་མ་ཞིག་གིས་ངའི་སོ་སྨན་བཀོལ་སྤྱོད་བཞིན་པ་མཐོང་བས། ངས་དེ་ཁོ་ལ་་བཤད་ནའང་། ཁོས་ཁས་ལེན་མི་བྱེད་པས། ངས་ཁོ་ལ་འགྲམ་ལྕག་ཟིག་མི་བྱེད་ཀ་མེད་བྱུང་། ང་གཟུགས་སྟོབས་ཆེ་བས་ཁོས་ང་ལ་ངོ་ཡ་བྱེད་མི་ཐུབ། དེ་ནས་ཁོ་ངུ་ཞོར་དུ་ང་ལ་ངའི་ཕུ་བོ་ཁྲིད་ནས་ཁྱོད་ལ་བརྡུང་དགོས་ཟེར། སྐབས་དེར་ངས་ཉན་པ་ཙམ་གྱིས་དོ་སྣང་དེ་འདྲ་མ་བྱས། གཟའ་སྤེན་པའི་ཕྱི་དྲོ་ཞིག་ལ་ང་རང་གཅིག་པུ་སྤྱོད་ཁང་ལ་སོང་བ་ཡིན། དང་ཐོག་ངས་དེ་འདྲ་ཉམས་འཇོག་མ་བྱས། སྤྱོད་ཁང་ནང་དུ་འཛུལ་རྗེས་གོམ་པ་གསུམ་ཙམ་སོང་བ་ན་མི་གཉིས་ཀྱིས་ངའི་ལག་པའི་གཡས་གཡོན་དུ་འཛིན་ནས་གནམ་ལ་ཅུང་ཙམ་འདེགས་ནས་ཁུར་སོང་། ཕར་ལྟས་ཚོད་ཀྱིས་ང་ལས་ལོ་གསུམ་དང་ལྔ་ལྷག་ཆེ་བ་སྙམ་པའི་མི་གསུམ་འདུག དེ་སྔོན་ངས་འགྲམ་ལྕག་བྱེད་པའི་ལོ་རིམ་གསུམ་པའི་བྱིས་པ་དེ་ཡང་འདུག དེ་ནས་ཁོ་གསུམ་གྱི་ཁྲོད་ནས་མི་ཞིག་གིས་དོར་འདིག་ལེན་ནས་ང་ལ་ལེན་འགའ་འགྲབ་པ་དང་རྐང་ལག་ཀྱིས་བཅར་རྡུང་གང་མང་བྱས། དེའི་ཁྲོད་ནས་མི་ཞིག་གིས་ང་ལ་བཤད་རྒྱུར། “དེ་རིང་ཁྱོད་ལ་བཅར་རྡུང་བྱེད་པ་ནི་ཁྱོད་ལ་ཐོག་མའི་ཉེན་བརྡ་བཏང་བ་ཡིན། གལ་ཏེ་ཁྱོད་ཀྱིས་རྗེས་མ་ངའི་ནུ་བོ་ལ་བརྙས་བཅོས་བྱས་ན་ངས་ཁྱོད་ལ་རང་ཁ་མི་བསྐྱུར་ཁོ་ཐག་ཡིན། ཁྱོད་ཀྱིས་མཉམ་འཇོག་བྱེད་ན་འགྲིག་རེད། ”ཟེར་ནས་ལ་ཐ་ཚིག་ཡང་ཡང་བསྒྲགས། ངས་ཡང་ཁས་མི་ལེན་ཀ་མེད་བྱུང་། ཉིན་དེ་ནས་བཟུང་ངས་བྱིས་པ་གཅིག་ལའང་ཐུབ་ཚོད་བྱེད་མ་མྱོང་།
ལོ་དེར་ཟླ་བདུན་པར་ང་རང་ཡང་སློབ་ཆུང་མཐར་ཕྱིན་སོང་། ཟླ་དགུ་བའི་བར་དུ་ཁྱིམ་ལ་འདུག་ཆོག ཡུལ་ལ་ཡོད་པའི་ཉིན་ཞིག ང་རང་ནོར་རྫི་སོང་བ་ན། དེང་ཐོག་གནམ་ངོ་དྭངས་ཤིང་གསལ་ལ་ཉི་འོད་ཡང་ལམ་ལམ་དུ་འཕྲོས། ངའི་སེམས་སུ་དེ་རིང་ནི་ཉི་མ་ཡག་པོ་འདུག་པས་རི་མགོ་ལ་སོང་ནས་སྤང་སྟེང་དུ་ཉི་མ་ཞོལ་ཞོར་ངལ་གསོ་ན་སྐྱིད་པོ་ཡོང་བ་སྙམ། ཨ་མས་ང་ལ་གྲོ་ཁ་མང་མོ་སྟེར་བྱུང་། ཞོར་དུ་བཤད་རྒྱུར། “རི་མགོ་ལ་ནོར་རྫི་སོང་ན་གཉིད་མ་འདུག གྲོ་ཁ་ཟོས་ཚར་རྗེས་ཕྱིར་ཁྱིམ་ལ་རྒྱུགས་ཤོག་ཟེར་ནས་བཤད། ”ངས་གྲོ་ཁ་རྣམ་ཁྱེར་ནས་ནོར་རྫི་སོང་བ་ཡིན། ཡར་འགྲོ་བའི་ལམ་ཁ་ན་རྩྭ་ཡི་སྟེང་དུ་ཆུའི་ཟེགས་མ་མང་པོ་ཡོད་པས་ངས་དེ་རིང་སྔ་མོ་གསར་བ་གྱོན་པའི་ལྷམ་གསར་རློན་པ་བྱས་སོང་། ཉིན་གུང་ཐོན་ལ་ཉེ་བའི་སྐབས་སུ་ད་གཟོད་རི་སྐེད་ལ་འཛེགས་ཐུབ་སོང་། འགྱིག་གྱིས་བཟོས་པའི་སྟོད་གོས་ལ་ཉི་འོད་ཕོག་ཚེ་དྲོད་རྒྱུན་ཆད་མེད་པར་ལུས་ལ་གཏད། སྨི་གྲུ་བཞི་མ་སུམ་ཅུ་ལྷག་ལོས་ཡོད་སྙམ་པའི་སྤང་ལེབ་ཞིག་གི་སྟེང་དུ་ལྷམ་གཉིས་ཕུད་ནས་ཕྱོགས་གཅིག་ལ་བཞག་རྗེས་གྲོ་ཁ་ལེན། ངས་གྲོ་ཁ་གཙོ་བོ་ནི་ཞོ་ཤེལ་སྦུག་གང་དང་ལུག་ཤ་རྩུབ་གུ་གཉིས་ཤུབ་ཅན་ཞིག་ཡིན།
དང་པོར་གྲོ་ཁ་ནང་ནས་ཤ་ཟོས་པ་ཡིན། དེའི་རྗེས་ནས་ཞོ་འཐུང་བ་ཡིན། ང་ཚོའི་ཕ་ཡུལ་ནས་དམར་མགོ་དཀར་གྱིས་གནན་དགོས་ཟེར་བའི་བཤད་སྲོལ་ཡོད། ཉི་འོད་ལམ་ལམ་ངའི་རྒྱབ་ཏུ་འཕྲོས་པ་ན། ཡུད་ཙམ་ལ་མནར་ནས་འདུག་དགོས་སྙམ་པའི་འདུན་པ་ཟིག་ངང་གིས་སྐྱེས། དེ་ནས་ཅུང་ཙམ་འགོར་བ་ན། གཉིད་ཤོར་སོང་། རྨི་ལམ་དུ་ཆར་བ་བབ་རྗེས་ཉི་འོད་འཕྲོས་བྱུང་། ང་རང་རྟ་ཕོ་སྔོ་སྐྱ་ཞིག་ལ་ཞོན་ནས་ལྷོ་ཕྱོགས་སུ་ཁ་འཁོར་ཏེ་གོམ་འགྲོས་བདེ་མོ་སོང་བ་རྨིས་བྱུང་། སོང་སོང་ནས་རི་སྒང་ཞིག་ཐོན་རྗེས་རྟ་ལས་བབ་ནས་ངལ་གསོ་ཡུན་ཙམ་བྱས་པ་ན། ཡང་ཆར་རླུང་དྲག་པོ་ཞིག་གིས་ང་རང་མགྱོགས་པོ་མི་འགྲོ་ཀ་མེད་བྱུང་། ཆར་གྱིས་གྱོན་པ་དང་ངོ་རློན་པ་བྱས་པས་གཉིད་ལས་སད་བྱུང་། ད་བཟོད་རྨི་ལམ་ལས་བྱུང་བའི་ཆར་རླུང་དྲག་པོ་དེ་དངོས་ཡོད་འཚོ་བའི་ཁྲོད་དུ་བྱུང་བ་ཤེས་བྱུང་།
ལོ་དེར་སྟོན་མགོ་ཟླ་དགུ་བར་ང་རང་སློབ་འབྲིང་ལ་སོང་། ང་ཚོའི་རྫོང་ལ་མཚོན་ན་སློབ་འབྲིང་ནི་རིམ་པ་ཆེས་མཐོ་བའི་སློབ་གླིང་དེ་ཡིན། དེའི་ནང་ལ་འགྲོ་བ་ཡང་སྐབས་དེར་མཚོན་ན་གཟི་བརྗིད་ཅིག་ཡིན། རྒྱུ་མཚན་ནི། སྐབས་དེར་སློབ་གྲྭ་འགྲོ་བ་ནི་ལས་ཡག་པོ་ཞིག་ལ་འཛིན་མེད། དེ་ལས་ལྡོག་སྟེ་སློབ་བྱོལ་འགྲོ་བ་ནི་ཡག་པོ་ཞིག་ལ་འཛིན་ཡོད། དེང་མ་ངེད་འཛིན་གྲྭ་དམའ་འབྲིང་དང་པོ་ཡིན་པའི་སྐབས་སུ་འཛིན་གྲྭ་ཡོངས་ལ་སློབ་མ་ཞེ་གསུམ་ཡོད། ལོ་རིམ་གཉིས་པའི་སློབ་སྐབས་རྗེས་མ་སླེབས་པ་ན་སློབ་མ་སོ་བརྒྱད་ལྷག་ཡོད། སློབ་མ་ལྔ་སློབ་བྱོལ་བྱེད་པའི་ནང་ནས་གཅིག་ནད་བྱུང་ནས་སློབ་བྱོལ་བྱས་པ་མ་གཏོགས་གཞན་བཞི་གཉེན་སྒྲིག་བྱས་ནས་བུད་སོང་། དེའི་ནང་ནས་བུ་མོ་གཅིག་གི་ལས་དབང་ཤིན་ཏུ་ཡ་ང་བ་ཟིག་རེད། དམའ་འབྲིང་ལོ་རིམ་གཉིས་པའི་སློབ་སྐབས་དང་པོའི་སྐབས་སུ། ཉིན་ཞིག་ཞོགས་པར། རྩིས་རིག་དགེ་རྒན་གྱིས་ང་ལ་རྩིས་རིག་སློབ་ཚན་གྱི་འགན་འཛིན་པ་འབོད་ཤོག་ཟེར། དེ་ཕྲལ་ང་འདུར་རྒྱུགས་བྱས་ནས་མོའི་འདུག་སའི་ཅོག་ཙེ་གམ་དུ་སོང་བ་ན། མོ་མེད་ཁུ། དེ་ནས་ངས་མོ་ཅོག་ཙེའི་སྒམ་ནང་དུ་བལྟས་པ་ན། དཔེ་ཁུག་མི་འདུག ཅོང་བརྡ་གྲགས་པ་དང་མཉམ་དུ་སློབ་ཚན་མགོ་རྩོམ་བྱུང་། ཏག་ཏག་ཏུ་ཐུན་དང་པོ་རྩིས་རིག་སློབ་ཐུན་ཡིན། དགེ་རྒན་ཁྲིད་སྟེགས་སྟེང་དུ་ཕེབས་པ་དང་མཉམ་དུ་འཛིན་གྲྭ་གང་བོར་ཡར་ལངས་ནས་དགེ་རྒན་མཚམས་འདྲི་བྱེད་སྲོལ་ཡོད། དེ་ནི་ངེད་འཛིན་གྲྭའི་ཁྱད་ཆོས་ཤིག་དང་སྲོལ་རྒྱུན་གཅིག་ཡིན། ང་ཚོ་མར་འདུག་ཚར་རྗེས་དགེ་རྒན་གྱིས་རྩིས་རིག་འགན་འཛིན་པའི་མིང་ནས་བོས་པ་ན་ད་བཟོད་ང་ཚོས་རྩིས་རིག་འགན་འཛིན་པ་ཐོན་མེད་པར་ཤེས། ཡང་དགེ་རྒན་གྱིས་ང་ཚོ་ལ་དྲི་བ་འདོན་ནས་མོ་མ་ཐོན་བའི་རྒྱུ་མཚན་དྲིས་པ་ན། ང་ཚོ་སུ་གཅིག་གིས་ཀྱང་ལེན་སྟེར་མ་ཐུབ། ཕལ་ཆེར་ཤེས་མཁན་མེད་པ་འདྲ། མོ་ནི་རྒྱུན་པར་སློབ་ལྭ་གྱོན་པ་དགའ་བྱུང་བབ་ཆགས་ཀྱི་བུ་མོ་ཞིག་ཡིན། སྐྲ་ཡི་ཁ་དོག་ནག་ཅིང་སྣུམ་ལ་ཤིན་ཏུ་རིང་། ངོ་ཡི་ཤ་མདངས་དཀར་ལ་སྨུག་མདོག་ཅུང་ཙམ་ལྡན། ཕར་བལྟས་ཚོད་ཀྱིས་ངོ་མདོག་དཀར་པོ་ཅན་གྱི་རིགས་མིན། ངེད་འཛིན་གྲྭའི་བུ་ཆུང་ཞིག་མོ་ལ་དགའ་བ་ང་ཚོས་ཤེས་ཡོད་རེད། དོན་དངོས་སུ་བཤད་ན་ང་ཡང་མོ་ལ་ཤུན་ཏུ་དགའ། ཡང་ཉིན་ཁ་ཤས་ཀྱི་རྗེས་ནས་སློབ་གྲོགས་ཤིག་གིས་ང་ལ་གསང་གཏམ་ཞིག་བཤད་བྱུང་། ང་ཚོའི་འཛིན་གྲྭའི་རྩིས་རིག་འགན་འཛིན་པ་འབྲི་ཆུའི་ཕ་རོལ་གྱི་སྡེ་བ་ཞིག་ལ་མནའ་མ་བྱིན་ཚར་རེད་ཟེར། གཏམ་དེ་ངའི་རྣ་བར་ཐོས་པ་ན། དྲན་པའི་ངོས་སུ་བརྗོད་མི་ཤེས་པའི་ན་ཟུག་དྲག་པོ་ཤིག་དབང་མེད་དུ་སྐྱེས། ཚོར་བ་དྲག་པོ་དེ་འདྲ་ཟིག་ད་བར་དུ་སྐྱེས་མ་མྱོང་།
དམའ་འབྲིང་མཐར་ཕྱིན་རྗེས་ངས་སློབ་སྦྱོང་གི་མགོ་ད་བཟོད་དངོས་སུ་བརྩམ་པ་ཡིན། མཐོ་འབྲིང་ལོ་རིམ་དང་པོ་ནས་གསུམ་པའི་བར་དུ་ངའི་དུས་ཚོད་ཡོད་ཚད་སློབ་སྦྱོང་གི་སྟེང་ན་བཀོལ་པ་ཡིན། མཐོ་འབྲིང་ལོ་རིམ་གཉིས་པའི་དབྱར་གནང་གི་ཉིན་ཞིག་ལ་ང་གྲོགས་པོ་རེ་འགའ་དང་མཉམ་དུ་རྐང་དྲུག་རྩེད་དུ་སོང་རྗེས། ཟ་ཁང་ཞིག་ལ་སོང་ནས་ཟ་མ་ཟོས་པ་ན། གླས་ཤག་ཞིག་གི་ནང་ནས་བུད་མེད་དར་མ་ཞིག་སྒོ་བུད་དེ་རྩིས་རྒྱག་སྒྲོམ་བུ་ཕྱོགས་སུ་སོང་ནས་བཏུང་བྱ་འགའ་ཁྱེར། ཞོར་དུ་མིག་གིས་ངའི་ཕྱོགས་ལ་ནན་ཏན་གྱིས་ལྟ་བཞིན་ཡོད། དེང་མ་ངས་མཉམ་འཇོག་དེ་འདྲ་མ་བྱས། ཅུང་ཙམ་འགོར་རྗེས། ཡང་བུད་མེད་དེ་གླས་ཤག་ལས་ཕྱིར་བུད་ནས་ངའི་གམ་དུ་ཡོང་། ཕར་བལྟས་ཚོས་ཀྱིས་ཧ་ཅང་རྒྱུས་ཡོད་ཞིག་རེད། ཡིན་ཡང་། མིང་ཡིད་ལ་མི་ཡོང་ཁུ། མོ་ངའི་གམ་དུ་ཐོན་མ་ཐག་ང་ལ་ལག་འཇུ་བྱེད་བྱུང་། ང་ལ་བཤད་རྒྱུར“ངོ་མི་ཤེས་ནི་འུ་རེད། ཡིན་རྒྱུ་མ་རེད་པ། ”ཅེས་བཤད། དེ་དུས་ངས་ལེན་འདེབས་མ་ཐུབ། དྲང་པོར་བཤད་ན་མོའི་མིང་ཡིད་ལ་དྲན་འདུག ཡིན་ཡང་། ངས་ཐད་ཀར་དུ་འབོད་མ་ཕོད། ནོར་སོང་ན་སེམས་ལ་ཕམ་འགྲོ་སྙམ། དེ་ནས་མོས་ང་ལ་བཤད་རྒྱུར་“ང་བསོད་ནམས་བདེ་སྐྱིད་ཡིན། དམའ་འབྲིང་ངེད་གཉིས་འཛིན་གྲྭ་གཅིག་རེད། ཁྱོས་ཡིད་ལ་མི་ཡོང་ངམ། ”གཏམ་སྟེ་རྣ་ལ་ཐོས་པ་ན། ད་བཟོད་ངའི་སེམས་སུ་མོ་ནི་དམའ་འབྲིང་ངེད་འཛིན་གྲྭའི་རྩིས་རིག་འགན་འཛིན་པ་རེད། དེང་་མ་སློབ་གྲྭ་ན་ཡོད་དུས་མོ་ནི་ཤིན་ཏུ་ཡག་མ་ཞིག་ཡིན། ཡིན་ཡང་། དེ་རིང་གི་མོ་ནི་རྒས་ཐོག་བབ་ཅན་གྱི་བུད་མེད་ཅིག་རེད་འདུག
མཐོ་འབྲིང་མཐར་ཕྱིན་རྗེས་ངེད་འཛིན་གྲྭའི་སློབ་གྲོགས་ཡོངས་ཀྱིས་རང་རང་གི་སྐར་འབྲས་དང་མཚམས་པའི་སློབ་ཆེན་ཞིག་ལ་སོང་བ་རེད། ང་ཡང་དེ་བཞིན་ཡིན། ད་ནི་སེམས་སུ་མ་འོངས་པར་སློབ་གྲྭ་འདི་ལས་མཐར་ཕྱིན་རྗེས་མུ་མཐུད་དུ་ཞིབ་འཇུག་ལ་རྒྱུགས་སྤྲོད་དམ་ཡང་ན་ལས་སྣེ་ཞིག་ལ་རྒྱུགས་སྤྲོད་དགོས་སྙམ་པའི་སྐབས་སུ་ཁ་པར་གྱི་དུས་ཚོད་ཅོང་བརྡ་གྲགས་བྱུང་། ད་གཟོད་རང་ཉིད་མཚན་གང་བོར་མ་གཉིད་པར་ཤེས་བྱུང་། དུས་ཚོད་དྲུག་དང་ཕྱེད་ཀ་རེད་འདུག
སྙན་ངག •ལོ་རྒྱུས། •ཆོས་ལུགས། •དཔྱད་རྩོམ། •བསྒྱུར་རྩོམ། •སློབ་གསོ། •གླུ་གཞས།
ཆུ་དམར་རྩོམ་རིག་འཕྲིན་སྟེགས།
ཡིག་སྒམ། 1659774550@qq.com
扫码关注
能看到很多生活乐趣
འཕྲིན་སྟེགས་སུ་མི་སྒེར་རམ་ཚོགས་པ་གང་གི་ཁེ་དབང་ལ་གནོད་པའི་ནང་དོན་ཡོད་ཚེ་མྱུར་དུ་ང་ཚོར་འབྲེལ་གཏུག་བྱོས་དང་དྲ་ངོས་ནས་བསུབ་ངེས་ཡིན།
དེ་ནང་བཞིན་སྐུ་ཉིད་ཀྱི་སྙན་རྩོམ་དང་གླུ་གཞས་གསར་པ། པར་རིས་དང་རྩོམ་རིག་བརྩམས་ཆོས་སྤེལ་འདོད་ཚེ་རྩ་བའི་ཆ་རྐྱེན་ཆབ་སྲིད་དང་མི་འགལ་བའི་ཐོག་འོག་གི་འབྲེལ་ལམ་རྒྱུད་དེ་འབྲེལ་བ་བྱོས་དང་ཁྱེད་ཀྱི་འདོད་བློ་ལྟར་གང་ཐུབ་བྱ་ངེས།