ཞོགས་བརྡ། མགོ་ལོག
ནམ་གོང་དུ་ཆབ་ཆར་སླེབས
འགྲོ་ལམ་མི་བདེ་བའི་སྣང་བ་མང་དུ་སྐྱེས་ཀྱང་
ང་རང་སྐྱེས་ནས་བཞུད་པས ད་ཐེངས་ཀྱང་འདི་ལྟར་མི་བཞུད་ཐབས་མེད་བྱུང་
མཚན་ལྗོངས་ཀྱི་སྨུག་པས
ལམ་བར་དུ་འདུས་པའི་རབ་རིབ་མག་མོག་དག་ཡོངས་སུ་བཏུམ་ཏེ
ཅི་ཡང་མི་སྣང་པར་གྱུར
ཁ་བ་བྲེལ་མྱུར་གྱིས་བབས་ཚུལ་འདི
བཤས་རར་འདྲུད་ཀྱིན་པའི་ལུག་ཁྱུ་དེ་དག་གི་སེམས་ཁམས་དང་ཤིན་ཏུ་མཚུངས
ངས་ལུག་ཁྱུ་དེ་དག་མཐོང་བའི་མོད་ལ
རང་ཉིད་ཀྱི་སེམས་ལའང་དངངས་འཚབ་རེ་སྐྱེ་ཞོར
ནམ་ཞིག་རང་ཉིད་ཀྱང་འདི་ལྟར་བཤས་རར་འདྲུད་ཀྱིན་ཡོད་པ་དྲན་སོང་
ལམ་བར་གྱི་མཚན་ལྗོངས མཚན་ལྗོངས་ཀྱི་ལམ་བར
ནམ་གོང་དུ་ཆབ་ཆར་སླེབས་ཀྱང་
ཆབ་ཆའི་སྦྱིན་བདག་མ་ཞིག་གིས་ངར་སྐད་དང་བཅས
ང་རང་མགྲོན་ཁང་གི་ཕྱི་ལ་བདའ་ཚུལ་འདི
འདོད་པའི་སྦྱོར་བ་ཡོངས་སུ་མཇུག་རྫོགས་མ་ཐུབ་པས་ལན་པ་ཡིན་ནམ་སྙམ
༢༠༢༤/༡༠/༤ཉིན་གྱི་ནམ་གོང་དུས་ཚོད་ལྔ་ཕྱེད་སྟེང་དུ་ཆབ་ཆ་རུ་བྲིས།
རྡོག་སྒྲ་མཁྲེགས་པོ་ཞིག་དང་བཅས
ང་རང་བསམ་པའི་གནས་སུ་ཐོན
ཁྱོད་རང་དྲན་པའི་ཡི་ག་གཏིང་ནས་འགག་ཀྱང་
ཞེན་ཆགས་ཀྱི་དབང་གིས་རྨི་ལམ་འདི་ལས་གཏོང་ཐབས་མ་བྱུང་
གནས་འདི་རུ་ངའི་ཡིད་དུ་འོང་བའི་མི་སུ་ཡང་ཡོད་མི་སྲིད
ལམ་བར་ནས་མཐོང་བས་ཉི་ཟླ་རི་བོའི་མཚན་ལྗོངས་ཀྱིས
ངས་རླངས་འཁོར་གྱི་ཤེལ་སྒོ་ཕབ་སྟེ
རླུང་སྒྲ་དང་བཅས་པས ཆར་སྒྲ་དང་བཅས་པས
བརྟན་བརླིང་གི་ཁྱོད་ཀྱི་ངོ་གདོང་ལ
སེམས་པ་སྐྱོ་སྐྱོའི་མི་ལྟ་ཐབས་མེད་བྱུང་
སུན་སྣང་མི་འདུག འཇིགས་པ་མི་འདུག
ད་ལྟ་ཡོད་ཚད་འགྱུར་བ་ཕྲ་མོ་རེ་འཐེབ་སྟེ
མིག་ལམ་གྱི་རྣམ་པ་ཡང་མངོན་ཆུང་གིས་འགྱུར་སོང་
༢༠༢༤/༡༠/༥ཉིན་ཟི་ལིང་དུ་སྦྱར།
རྨ་སྟོད་ལམ་བར་གྱི་སྙན་ཚིག
སྤྲིན་པ་དུམ་བུ་མང་པོ་ཞིག་གིས་ང་ལ་མགྲོན་བསུ་བྱེད་བཞིན་འདུག
ལམ་བར་གྱི་གངས་རི་དང་ ལུག་ཁྱུ
ད་དུང་ཡིད་དུ་སིམ་པའི་མཛེས་ལྗོངས་ཀྱི་སྣང་བརྙན
ང་རང་རྨ་སྟོད་ནས་ལམ་ལ་ཆས་ཏེ
སྐྱེ་རྒུ་མདོར་སླེབས་དགོས་ན་ཡང་
རེ་དོགས་དང་བྲལ་བའི་སེམས་ཁམས་འདིའི
མཛེས་ཆོས་གཞན་ཞིག་གི་རྣམ་པ་ལ་ངོ་གདོང་གཏད་འདུག
ཐང་ཡངས་པོར་རྒྱང་ལྟ་རེ་བྱས་ཚེ
ཨ་སྔོན་གྱི་མཐའ་དང་ཤིན་ཏུ་མཚུངས་སྙམ་པ་བྱུང་ཡང་
དེ་ཡང་གནས་སྐབས་ཀྱི་འཁྲུལ་སྣང་ཡིན་པ་ཤེས
རྨ་སྟོད་དུ་དགོང་ཁ་སླེབས་བཞིན་འདུག
རང་ཉིད་ལས་ཀྱང་རིང་བའི་གྲིབ་མ
སྤང་ཐང་དུ་བཞུར་བའི་ཆུ་ཕྲན་གྱི་ཕར་ཕྱོགས་ལ་བསྐྱང་དེ
མུ་མཐའ་མེེད་པའི་ནམ་མཁའ་ལ་ཡུན་གྱིས་བལྟས
༢༠༢༤/༡༠/༧ཉིན་མགོ་ལོག་རྨ་སྟོད་ཀྱི་ལམ་བར་དུ་སྦྱར།
སྐུ་གདུང་མཆོད་རྟེན་གྱི་གཟི་མདངས་འོད་ལམ་ལམ་དུ་འཚེར་ལ
སྟོན་ཁའི་མཛེས་སྡུག་གི་ལོ་མའང་ཐར་ཐོར་གྱིས་བསྐྱོད
སྐུ་འབུམ་དུ་གློ་བུར་ངང་རླུང་ཕྲན་ཙམ་གཡུག་ཡང་
རླུང་ནང་དུ་སྤོས་དྲི་དང་དད་ལྡན་མི་སེར་གྱི་ལུས་དྲི
ཡང་ན་ཡུལ་སྐོར་བས་བྱུགས་རྫས་ཀྱིས་དྲི་མས་ཡོངས་སུ་བཀང་འོང་
གྲྭ་གཟུགས་རེ་འགའི
དམིགས་རྩེ་མ་ལས་གཞན་རྗེ་རིན་པོ་ཆེའི་གསོལ་འདེབས་མི་གཅིག་པ་ཞིག་འདོན་ཏེ
མ་གྱུར་ཀུན་ལ་སྨོན་ལམ་གྱི་གཏེར་ཁ་འབུལ་བཞིན་མཆིས
ལྷིང་འཇགས་ཀྱིས་གནས་པའི་སྐུ་གདུང་རེ་འགའ་ནི
སེམས་ཁོང་དུ་དྲི་བ་སྣ་ཚོགས་ཀྱིས་ཁེངས་པའི་ཟོལ་གྱིས
མཇལ་བ་ཕོ་མོ་དག་ལ་རིས་མེད་ཀྱིས་གཟིགས་ཀྱིན་འདུག་ལ
ཉིན་མཚན་བར་མེད་དུ
མར་མེའི་དྲི་དང་མར་མེའི་འོད་ལ་བརྟེན་ནས
སྐུ་འབུམ་གླིང་དུ་མི་ཚོགས་བསྡུ་བཞིན་འདུག
ང་རང་གནས་འདི་རུ་སླེབས་དུས
ཡིད་ལ་དྲན་འོང་པ་ནི་ཞིང་ཁམས་གཞན་ཞིག་གི་རྣམ་པ་དང་
ཡང་ན་ཡུལ་ལྗོངས་གཞན་ཞིག་གི་བསླུ་བྲིད་ཀྱིས་ཡོངས་སུ་འཁྲུལ་སོང་
༢༠༢༤/༡༠/༧ཉིན་ཟི་ལིང་དུ་སྦྱར།
སྐྱེ་རྒུ་ནས ངས་སེམས་ངལ་ཡོད་ཚད་ཕྱིར་ཕུད་དེ
རང་གི་འདོད་པ་ལྟར
སྙིང་གཏམ་གང་འདོད་དུ་བཤད་ཀྱང་
འདི་ལྟར་ཤོད་སོང་ཟེར་བ་ཞིག་དང་
འདི་ལྟར་ཡིད་ལ་འབབ་སོང་བ་ཟེར་བ་གཅིག་ཀྱང་མ་བྱུང་
རྨི་ལམ་ནས་རྨིས་པ་གངས་རི་ཡིན་ན་ཡིན་དུ་ཆུགས
ལམ་འགྲམ་དུ་ལྷུང་བ་སྒོར་མོ་ཡིན་ནའང་ཡིན་དུ་ཆུགས
ང་ལ་དངུལ་དག་རྫུན་གང་ཞིག་ཡོད་ཀྱང་
དེ་ནི་མཚོ་མོའི་མཛེས་སྡུག་ལ་བལྟས་པ་དང་འདྲ་བ་ཙམ་ལས
ང་ལ་བཀོལ་སྤྱོད་བྱེད་རྒྱུའི་དབང་ཆ་མི་འདུག
མདང་དགོང་
རྒྱབ་ཀྱིས་འཁུར་བོ་དང་བཅས སེམས་ཀྱི་འཁུར་བོ་དང་བཅས
ནམ་གོང་གཉིད་དུ་ལན་གཅིག་ཤོར་ཡང་
དེ་རིང་འཁུར་བོ་འདི་དག་ད་དུང་འབོགས་ཐུབ་མེད་པ་ཤེས་རྗེས
ང་རང་དགའ་སྣང་ཞིག་ཏུ་མཉམ་དུའམ
ཡང་ན་སྟོང་བསམ་ཞིག་དང་ལྷན་ཏུ་ལངས་འདོད་གཞི་ནས་མ་བྱུང་
དུས་ཚོད་ཀྱི་རི་མོ་མཐོང་ཡང་ ཕྱི་རོལ་གྱི་ཟང་ཟིང་ཐོས་ཀྱང་
ང་ཉིན་ཁ་ཤས་ལ་འདི་ལྟར་སྦས་ཏེ་སེམས་ཚེགས་མེད་པར་གཉིད་དུ་ཡུར་ན་འདོད
དེ་ནི་གནས་སྐབས་ཙམ་གྱི་བདེ་སྐྱིད་ལས་མེད་ཀྱང་
༢༠༢༤/༡༠/༨ཉིན་སྐྱེ་རྒུ་རུ་བྲིས།
གནས་འདི་ནས་བསྒྲོད་སྐབས
བོད་པ་ཞིག་དྲན་བྱུང་
བོད་པའི་སྙན་ངག་པ་ཞིག་དྲན་བྱུང་
ངས་ཁོང་དྲན་ཐེངས་རེ་རེ
ནམ་མཁའི་མཁའ་རུ་ལན་རེར་བལྟས་པ་ཡིན
སེམས་ནས་ཅི་ཞིག་བོར་འདུག་སྙམ་པ་བྱུང་མོད
མ་གཞི་སྙན་ངག་པ་གང་དེ་གནས་འདིར་མེད་པས་རེད་ལ
ཡང་ན་འཇིག་རྟེན་འདིར་མེད་པས་རེད
ཉི་ཟླ་རི་བོ་བརྒྱུད་དུས
སུ་ཞིག་ཁོམ་གྱིན་ཡོད་མེད་ལ་ལྟ་ཁོམ་མེད་པར
ཉི་ཟླ་རི་བོའི་མཛེས་སྡུག་ཁོ་ན་ལ་སྐྱོ་ཉམས་ཀྱིས་བལྟ་དགོས་ལ
བཞུད་ཟིན་པའི་སྙན་ངག་པ་ཞིག་གི་གདུང་སེམས་དང་རྨི་ལམ
ཡང་ན་ཆིག་ལབ་མང་པོ་ཞིག་གི་ཆོ་འཕྲུལ་ལ་བལྟ་དགོས
ཉི་ཟླ་རི་བོ
ཁྱོད་ཀྱིས་ངའི་དྲན་གདུང་ལ་སྐྱོར་མ་བྱས་པ་གྲངས་ལས་འདས་ལ
ཁྱོད་ཀྱིས་ངའི་ཡིད་སེམས་འཕྲོག་པས་ཀྱང་ཡུན་རིང་འགོར
དེ་རིང་འདི་ལྟར་འཕྲད་དུས
སེམས་པ་ཇེ་སྐྱོ་ནས་ཇེ་སྐྱོ་རུ་བྱིན་འོང་
༢༠༢༤/༡༠/༡༤