ཆུ་དམར་རྩོམ་རིག་སྤྱི་སྟེགས་སུ་ཕེབས་པར་ལེགས།
ཕྱིར་མིག་གི་འཇིག་རྟེན།
སྲུང་མ། (ཆུ་དམར།)
ཆང་འཐུང་རྗེས་ཀྱི་ཚོར་བ་དེ
སེམས་སྐྱོ་བའི་ངང་ཚུལ་ལས་བཟི་སོང་བའི་རྣམ་པ་གང་ན་ཡིན
ངས་ཁྱོད་རང་དྲན་སའི་འཁོར་ཡུག་དེ་ནི
དོན་དུ་ཕྱིར་མིག་གི་ནང་ན་ཁྱོད་ཡོད་པའི་དོན་སྤྱི་དེ་ཡིན་
ཁ་སང་
ཆང་ལས་འཕྲོས་པའི་ལས་དབང་གི་གྲིབ་གཟུགས་དེ་ནི
དར་རྒྱས་ཀྱི་ཉིས་ཐོག་ལ་ཆང་འཐུང་དུ་ཡོང་བ་མིན་ལ
ཁྱོད་ཀློག་པའི་ཆེད་དང
ཁྱོད་དྲན་པའི་ཁ་གསབ་ལ་གདུང་སེམས་སློག་ཆེད་གཅིག་པུ་དེ་ཡིན་པས
ངས་ཆང་འཐུང་བ་ལ་དོན་དུ་ལྡན
གང་ལྟར་མྱི་སེམས་ནི་རྟ་ཁ་དང་འདྲ་སྟེ
གསེར་སྲབ་ཀྱིས་སྒྱུར་སོང་བས་ན
ཁྱོད་ཀྱི་གམ་དུ་ལོག་པ་ནི་མིག་ཆུ་དང་ཕྱིར་མིག་གི་འཇིག་རྟེན་དེ་ཡིན
ངས་་་་་་་སེམས་པ་རྡོག་གཅིག་ལ་སྐད་ཆ་འཕྲོས་པ་ནི
ཡིད་འོང་གི་འཛུམ་དཀར་ལས་སྙི་སོང་བའི་ང་རང་ལ་འོ་ཞིག་བྱས་པ་དེས་ཡིན
དེའི་རྗེས་༼ ཆ་མེད་རྒྱུས་མེད་ཀྱི་འཛུམ་ཀོང་ལས་མེ་ཏོག་འཕོས་པ་ནི ༽
ནམ་དུས་མ་ངེས་པར
སེམས་པ་ནི་སྐྱོ་ལ་མི་སྐྱོ་བའི་བར་གསེང་ཞིག་ནས
བཤད་མི་ཤེས་པའི་ཚོར་བས་བརླན་པའི་ང་རང
ཅི་ཆ་མེད་ལ
རི་སྒང་གི་མེ་ཏོག་གཅིག་ལ་ཅེར་ཏེ
སྙི་སེམས་ལ་ཁ་བརྡ་ཐེངས་གཅིག་གི་སྣང་བ་རོལ
སེམས་སུ་གསལ་བའི་སྒྲོན་མེ་ལྟར་དུ
རང་སེམས་ལ་ཁ་བ་ཇི་ལྟར་འབབ་ཀྱང་སྣང་མེད་དུ་བྱས
སྐབས་ཐོགས་དེར
ཆང་ཕོར་བ་གང་ལའང་ཚོར་བ་བརྒྱ་ཕྲག་གི་རིམ་པ་འགོག་མེད་དུ་འཆར་ཡོང
ང་ནི
སྣང་སེམས་གཞན་དུ་ཁུག་པའི་གཞོན་པ་དེ་མ་ཡིན་ལ
རང་སེམས་དབང་དུ་བསྡུད་པའི་སྙན་ངག་པ་ཞིག་གིས
ཉམས་དོད་པོས་མཚན་གཅིག་གི་འཚོ་བ་དེ་ལྷོད་ཀྱིས་སྐྱེལ་མཁན་དེ་ཡིན་འདུག
རོགས་ཆུང་ལོ་ཞེས་པའི་ཐ་སྙད་དང
སྐད་གསེང་སྙི་མོར་མཚོན་པའི་ཁ་བཏགས་དེས
སེམས་ཀྱི་ཀུན་དགའ་དེའང་ཡ་མེད་རྦབ་ཆུ་ཞིག་མཚུངས་བར
མིག་གིས་འཚོས་སའི་ས་ཕྱོགས་དེ་རུ་ཤག་ཤག་ཏུ་འབེབས་པར་བྱས
སྙིང་ཉེ་བའི་ཨ་འགྲུག་དེའང་གོ་ས་གཞན་དུ་སྤོར་བའི་སྣང་བ་རུ་འཆར་ཡོང
གཞན་དུ
ཁེར་རྐྱང་གི་དོ་ནུབ
ངས་ང་གཅིག་པུར་བསྡད་དེ་སྙན་ངག་དུམ་གཅིག་ཁྱོད་ལ་བྲིས
ཀློག་ཀླད་ཆེན་མོ་ཞིག་སྔུན་ལ་བཞག་ཅིང
འཆང་བཟུང་རྩིས་འཕྲུལ་ཞིག་མདུན་དུ་དགྱེལ་ལ
པི་ཝང་ཆུང་ཆུང་ཞིག་འགྲམ་ལ་བཞག་ནས་དགོད་ཞོར་དུ
དོན་སྤྱི་ལས་འཁྲེངས་བའི་འཛུམ་ཀོང་ཞིག་ལ་འཕྲིན་ཞིག་འབུལ་བ་ནི
དོ་ནུབ་ང་རང་ཁེར་རྐྱང་གི་རྣམ་པ་དང་མཚན་ལམ་དེ་ཡིན་འདུག
ད་སྐབས་ཀྱི་ཁྱོད་རང་ནི
ངས་ཚོད་དཔག་བྱས་ན
སྣང་སེམས་ཆང་གིས་ཁུག་པའི་མགྲོན་པོ་དེ་དག་དང
ཆ་མེད་རྒྱུས་མེད་ཅན་གྱི་དགའ་དུང་དེ་དག་དང་ལྷན་དུ
གཡུལ་ས་ཆེན་མོ་དང་འདྲ་བའི་ཁོར་ཡུག་གཅིག་ནས
རང་ཉིད་གཅིག་པུར
འཛུམ་མེར་མེར་གྱི་ཚུགས་ཀ་དང
ཉམས་ལྡེམ་ལྡེམ་གྱིས་མྱོང་བ་ཞིག་སྐྱོང་ཞོར
བྲེལ་བྲེལ་གྱིས་ལས་ལ་ཞུགས་ཡོད་པ་ནི་ཐག་ཆོད་ཡིན
སྐབས་རེར
སྐྱོ་བས་སེམས་ཀྱི་འཁང་ར་བྱས་ཚེ
ཡར་ཀློང་གི་ཆུ་བོ་ལྟ་བུའི་སེམས་པ་ཞིག་བསྐྱེད་དང
མི་སེམས་ཀྱི་ཆར་པ་དག་རང་ཤུགས་ཀྱིས་འཐིམས་འགྲོ
༢༠༢༣-༡༠-༢༨-༠༡-༥༥-རང་ཁྱིམ་ནས་ཕྱིར་མིག་ཚོར་འདུ་ཤར་མར་བྲིས་པ།
ཟླ་བཅུ་བའི་མཚན་མོའི་དར་རྒྱས་དང་འཛུམ་ཆུང་།
མཚན་མོ་དེའི་ཟླ་འོད་ནི་ཁྱེད་དང་འདྲ་ཆེ་བས
ང་རང་ཁྱེད་ཀྱི་གམ་དུ་འབྱོར་སོང
གནའ་དེང་མའི་ཁྱེད་རང་ཇི་ལྟར་ཡིན་པ་མ་རྟོགས་ཀྱང
ལས་སླ་མོའི་ཧེ་བག་ནི་ཁྱོད་དང་ཁྱོད་ཀྱི་ལས་དབང་གསེར་གྱི་སྒོ་མོ་དེའང་ཡིན་ཤེས་ཆེ་སྟེ
ངས་ལས་ཀྱིས་བཀོས་པ་ཡོད་ཚད་དང་དུ་བླངས་ནས་སྐད་ཆ་ཞིག་བཤད་ན
མཐར་ཐུག་ནི་མི་སེམས་ཀྱི་མཁའ་དབྱིངས་མཐོང་བའི་གོ་སྐབས་དེ་ཅི་ལ་མིན
ལམ་གྱི་མི་རྣམས་ནི་རང་བཞིན་དུ་འགྲོ་བའི་ལྷན་དུ
ཁྱོད་ཀྱི་སྒམ་ཚུགས་ནི་སྔར་བཞིན་གངས་རི་དང་རྫ་རི་ལ་འཐིམས་ཏེ
རྣམ་ཤེས་ཀྱི་གོས་པའི་རུས་པ་ལ་གསེར་ཕྲེང་སྟོང་གིས་བརྒྱན་པའི་ལོ་རྒྱུས་བཞེངས།
སྐབས་དེ་ནི་ང་རང་ཆེས་ཚོར་ཤེས་ཀྱིས་གོས་པའི་རྨི་ལམ་གྱི་དག་ཞིང་དེ་ཡིན་འོས
དགའ་སྐྱོ་འདྲེས་མའི་གཏམ་རྒྱུད་དུ་དྲངས་བ་ནི་ལས་དབང་གིས་བགོ་སྐལ་གནོངས་བ་མ་ཡིན་ལ
སུ་ཞིག་གནའ་ཤུལ་དུ་གབ་པའི་མི་ཚེའི་དབྱངས་རྟ་དང་ལས་དབང་གིས་བཅད་པའི་འཁོར་བ་དེ་ཡིན་སྲིད་པས
ཚེ་སྲོག་གི་འཇིག་རྟེན་ལ་འོད་སྣང་གིས་སེམས་པ་ཁྱབ་པའི་རེ་བ་ནི་ནམ་ཡང་ཁྱོད་ཀྱི་གམ་དུ་བསྒྲེངས་ངེས
འཆི་བ་ནི་ནམ་ཡང་ངེས་མེད་ཀྱི་མགྲོན་པོ་ཞིག་ཡིན་པས
ཚེ་སྲོག་ལ་བརྩེ་དུང་གིས་གྲུབ་པའི་འཇིག་རྟེན་ཞིག་ཧ་ཅང་གལ་ཆེ་ན་བསམ
ཡ་ཆུང་ནས་ཤོད་པའི་སྐྱོ་གཏམ་ནི་ནམ་ཡང་མངར་སྐྱུར་གྱི་ཚོར་ཤེས་སུ་ལུས
དགུན་གྱི་ཁ་བ་ནི་ལྷབ་ལྷབ་དང་བབས་པའི་དབང་དུ་བཏང་ནའང
སེམས་ལ་ལྷིང་བའི་ཁ་བ་ནི་གཡོ་འགུལ་མེད་ཀྱང་གྲངས་མེད་ཀྱི་འཇིག་རྟེན་ཞིག་ཏུ་གབ་འདུག
དེ་བས
ཁྱོད་ཀྱི་སྒམ་ཚུགས་ཀྱི་མོ་གཤིས་ལ་ལས་དབང་གིས་འགྱུར་བ་མ་གཏོང
དེ་ནི་སྙིང་གི་རེ་བཞག་ཏུ་འཇོག་པའི་མི་སེམས་ཤིག་གི་དར་རྒུད་ཀྱི་མཆོད་སེམས་དྭངས་མ་དེ་ཡིན
དར་རྒྱས་ཀྱི་མཁའ་དབྱིངས་ནི་ནམ་ཡང་ཚོད་འཛིན་མི་ཐུབ་པའི་རུ་མ་ཞིག་གམ
ཡར་རླུང་དུ་ཆུ་ལ་བསྐུར་བའི་མི་སེམས་ཀྱི་སྒོ་མོ་དོག་པོ་སྟེ
འཇིག་རྟེན་ལ་ཞེ་སེམས་ཐོགས་པའི་གུ་དོག་གི་རྒྱལ་ཁམས་ཀྱི་མིང་དུ་འགེལ་བ་ཡིན་པས
ཁྱོད་རང་ཀྱི་སེམས་པ་ཡངས་ཤིང་ཆེ་བའི་ཞིང་ས་ཞིག་ཏུ་སྨོན་པ་ལེགས
ང་ནི་མགྲོན་པོ་ཞིག་སྟེ
ནམ་ཡང་ངེས་མེད་ཀྱི་གཤོག་ཐོག་ཤིག་སྟེ
བརྩེ་སེམས་དང་ཕྱིར་དྲན་བསྐྱར་ཏེ་ཕྱོགས་བཞི་རུ་འཕུར་འགྲོ་སོང་ན
སླར་ཡང་མི་སླེབས་པའི་དམ་ཚིག་དེ་ནི་ལས་སླ་མོའི་ཐེངས་གཅིག་གི་ཟས་མགྲོན་ཡིན་ཕྱིར
རང་གི་ཁ་ཕོར་ལ་ཕྱིར་མིག་ཐེངས་གཅིག་གི་ལས་དབང་སྩོལད་ཤོག
༢༠༢༣–༡༠–༢༥-༠༡-༢༢ གཟའ་འཁོར་གསུམ་པའི་ནམ་གུང་ལ་སྲུང་མའི་ཚོར་ཤེས་ཀྱི་རྨི་ལམ་མཁའ་རུ་འཕུར་ཏེ་གནས་མལ་མི་ཚེ་ཞེ་ལ་ཐོགས་བཞིན་བྲིས།
སྙན་ངག •ལོ་རྒྱུས། •ཆོས་ལུགས། •དཔྱད་རྩོམ། •བསྒྱུར་རྩོམ། •སློབ་གསོ། •གླུ་གཞས།
ཆུ་དམར་རྩོམ་རིག་འཕྲིན་སྟེགས།
ཡིག་སྒམ། 1659774550@qq.com
扫码关注
能看到很多生活乐趣
▼ 点击下面语音,播放歌
འཕྲིན་སྟེགས་སུ་མི་སྒེར་རམ་ཚོགས་པ་གང་གི་ཁེ་དབང་ལ་གནོད་པའི་ནང་དོན་ཡོད་ཚེ་མྱུར་དུ་ང་ཚོར་འབྲེལ་གཏུག་བྱོས་དང་དྲ་ངོས་ནས་བསུབ་ངེས་ཡིན།
དེ་ནང་བཞིན་སྐུ་ཉིད་ཀྱི་སྙན་རྩོམ་དང་གླུ་གཞས་གསར་པ། པར་རིས་དང་རྩོམ་རིག་བརྩམས་ཆོས་སྤེལ་འདོད་ཚེ་རྩ་བའི་ཆ་རྐྱེན་ཆབ་སྲིད་དང་མི་འགལ་བའི་ཐོག་འོག་གི་འབྲེལ་ལམ་རྒྱུད་དེ་འབྲེལ་བ་བྱོས་དང་ཁྱེད་ཀྱི་འདོད་བློ་ལྟར་གང་ཐུབ་བྱ་ངེས།