ཐུན་ཏེ་རྫོང་གི་ཞིང་ཕྱུགས་ལས་འཕེལ་རྒྱས་ཐད་ཀྱི་མཆོང་སྐྱོད་གསར་པ།

文摘   2024-10-25 17:34   青海  

ཐུན་ཏེ་རྫོང་གི་ཞིང་ཕྱུགས་ལས་འཕེལ་རྒྱས་ཐད་ཀྱི་མཆོང་སྐྱོད་གསར་པ།

ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ75སོང་བའི་རིང་། མི་རབས་ནས་མི་རབས་བར་གྱི་ཐུན་ཏེ་རྫོང་གི་ཞིང་ཕྱུགས་དང་ཆུ་བེད་ལས་སྒྲུབ་པ་ཚོ་གཞི་རིམ་དུ་གཞི་ཚུགས་ནས་ཐོན་ལས་དར་སྤེལ་དང་སྤྱི་ཚོགས་ཡར་ཐོན་གྱི་ངོ་མཚར་བའི་གཏམ་རྒྱུད་མང་པོ་བསྐྲུན་ཞིང་ཞི་མཐུན་འཕེལ་རྒྱས་དང་ལྗང་མདོག་འཕེལ་རྒྱས་ཀྱི་མཛེས་སྡུག་ལྡན་པའི་རི་མོ་མང་པོ་ཞིག་གནས་འདི་རུ་བྲིས་ཡོད། རོང་འབྲོག་པའི་འཚོ་བ་གཞི་རྩའི་ལྟོ་གོས་འཛོམས་པ་ནས་ཁྱོན་ཡོངས་ནས་འབྱོར་འབྲིང་དུ་སླེབས་པ་དང་། མཛེས་སྡུག་ལྡན་པའི་གྲོང་གསེབ་འཛུགས་སྐྲུན་བྱེད་པ་ནས་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་བར་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་བྱུང་བ། ཆུ་བེད་ཀྱི་རྨང་གཞིའི་སྒྲིག་བཀོད་མེད་པ་ནས་ཡོད་པའི་བར་དང་འཐུང་ཆུའི་བདེ་འཇགས་བཟོ་སྐྲུན་དང་མི་དམངས་ཁྲི་སྟོང་མང་པོར་ཕན་ཁེ་བསྐྲུན་ཏེ་ཆུ་གྲོན་ཆུང་རྣམ་པའི་སྤྱི་ཚོགས་འཛུགས་སྐྲུན་བར་གཡུར་ཟའི་གྲུབ་འབྲས་ཐོབ་ཡོད་པ་རེད། རོང་འབྲོག་སྡེ་བ་སོ་སོའི་བྱ་གཞག་ཁག་གི་འཕེལ་རྒྱས་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པ་དང་གནམ་ས་བླ་འོག་བརྗེས་པ་ལྟ་བུའི་འགྱུར་ལྡོག་བྱུང་ཡོད། 

ནོར་གནག་དང་བོད་ལུག་ནི་ཐུན་ཏེ་རྫོང་གི་ཁྱད་ལྡན་ཐོན་ལས་ཤིག་ཡིན་ལ་འབྲོག་ལས་དཔལ་འབྱོར་འཕེལ་རྒྱས་ཀྱི་འདེགས་སྐྱོར་ནུས་ལྡན་ཞིག་ཀྱང་ཡིན། ཉེ་བའི་ལོ་འགའི་རིང་། ཐུན་ཏེ་རྫོང་གིས་འཕེལ་རྒྱས་ཀྱི་བསམ་ཕྱོགས་ལ་རྒྱུན་ཆད་མེད་པར་འགྱུར་ལྡོག་བཏང་སྟེ་འབྲོག་ལས་ལ་བརྟེན་ནས་རྫོང་བརྟན་ལྷིང་ཡོང་བ་བྱ་རྒྱུ་དམིགས་ཡུལ་དུ་བྱེད་པ་དང་། ལྗང་མདོག་སྐྱེ་ཁམས་འཕེལ་རྒྱས་ཀྱི་འདུ་ཤེས་སྣེ་ཁྲིད་དུ་འཛིན་པ། ཐོན་སྐྱེད་གཉེར་སྐྱོང་བྱེད་སྟངས་འཚོལ་ཞིབ་དང་གསར་གཏོད་བྱེད་པ། འབྲོག་ལས་འཕེལ་རྒྱས་གཏོང་སྟངས་ལ་རྒྱུན་ཆད་མེད་པར་འགྱུར་ལྡོག་གཏོང་བ་བཅས་ཀྱི་ཐོག་ནས་ཐུན་ཏེ་རྫོང་གི་དེང་རབས་འབྲོག་ལས་ཚན་རྩལ་ཐོན་ལས་གླིང་གིས་མཚོན་པའི་འཕེལ་རྒྱས་ཀྱི་ལམ་བུ་གསར་པ་ཞིག་བསྐྲུན་ཏེ་ཀྲུང་གོའི་རྒྱུད་བཟང་ནོར་གནག་དཔེ་སྟོན་རྫོང་བསྐྲུན་པར་སྐུལ་འདེད་བཏང་བ་རེད། 

ཐུན་ཏེ་རྫོང་གི་དེང་རབས་འབྲོག་ལས་ཚན་རྩལ་ཐོན་ལས་དཔེ་སྟོན་གླིང་ནི་རྐ་འབའ་སུམ་མདོ་གྲོང་རྡལ་གྱི་འབའ་ཐང་བྱང་མའི་མགར་རྩེ་སྡེ་བའི་ཟི་ལིང་ནས་གཅིག་སྒྲིལ་བར་གྱི་གཞུང་ལམ་རྒྱུད་དུ་གནས་པ་དང་ས་ཁྱོན་མུའུ་500བཟུང་ཡོད། དེང་རབས་འབྲོག་ལས་ཚན་རྩལ་ཐོན་ལས་དཔེ་སྟོན་གླིང་གིས་ཐོན་ལས་གླིང་དང་ཀུང་སི། མཉམ་ལས་ཁང་། ཕྱུག་སྐྱོང་ཁྱིམ་ཚང་བཅས་ཟུང་དུ་འབྲེལ་བའི་འཕེལ་རྒྱས་གཏོང་སྟངས་ལ་བརྟེན་ནས་མཉམ་འབྲེལ་གཉེར་སྐྱོང་ལ་སྐུལ་འདེད་བཏང་ཞིང་ཐོན་ལས་གླིང་དང་ཕྱུགས་སྐྱོང་ཁྱིམ་ཚང་བར་ཁེ་ཕན་གཅིག་མཐུན་མཉམ་སྤྱོད་ཆགས་པར་བྱས་ནས་ས་གནས་ཀྱི་རོང་འབྲོག་མང་ཚོགས་ཀྱི་ཡོང་འབབ་འཕར་སྣོན་ཐབས་ལམ་རྒྱ་བསྐྱེད་བཏང་བ་དང་། གསོ་སྤེལ་དང་རིམས་འགོག གཙང་སྦྲ། ཕྱིར་ཚོང་བཅས་ཀྱི་ལས་རྐང་ཚང་མར་ས་གནས་ཀྱི་མང་ཚོགས་བསྡུས་ཡོད་པ་རེད། 

རྫོང་ཞིང་ཕྱུགས་ཆུ་བེད་དང་ཚན་རྩལ་ཅུའུ་ཡི་ཕྱུགས་རིགས་སྨན་པའི་ས་ཚིགས་ཀྱི་མགོ་གཙོ་ལིན་ཡོན་གྱིས་བཤད་རྒྱུར།  ཐུན་ཏེ་རྫོང་གི་དེང་རབས་ཕྱུགས་རིགས་ཚན་རྩལ་ཐོན་ལས་དཔེ་སྟོན་གླིང་གིས་ཐུན་ཏེ་རྫོང་ལ་རྒྱུད་བཟང་ནོར་གནག་འདེམས་གསོ་དང་རྒྱུད་སྤེལ། ཁྱབ་གདལ། རྒྱུད་བཟང་ནོར་ནག་གི་ཐོན་ཁུངས་ལེགས་འདེམས་བཅས་ཀྱི་ལས་དོན་སྤེལ་ནས་ཐོན་ལས་དང་སློབ་སྦྱོང་། ཞིབ་འཇུག་གསུམ་ཟུང་འབྲེལ་བྱས་ཤིང་།  རྒྱུད་སྤེལ་དང་འཕེལ་རྒྱས། སྐུལ་འདེད་བཅས་གཞི་གཅིག་ཅན་གྱི་འཕེལ་རྒྱས་མ་ལག་ཅིག་བཏོད་དེ།  གསོ་སྤེལ་གྱི་གཞི་ཁྱོན་རྒྱ་བསྐྱེད་པར་ཆ་རྐྱེན་ལེགས་པོ་བསྐྲུན། ང་ཚོས་དེང་རབས་ཀྱི་སྐྱེ་དངོས་ལག་རྩལ་གྲུབ་འབྲས་སྤྱད་དེ་ཁམས་དཀར་འཁྱག་བཟོ་འི་ལག་རྩལ་ཁྱབ་གདལ་བཏང་བ་དང་། མིའི་ཐབས་ལ་བརྟེན་ནས་ནོར་གནག་གི་ཁམས་དཀར་སྡེབ་སྦྱོར་བྱེད་པའི་ལག་རྩལ་སྤྱད་དེ་ཐུན་ཏེ་རྫོང་གིས་ལོ་རེར་ནོར་གནག་1500ལ་མིའི་ཐབས་ལ་བརྟེན་ནས་ཁམས་དཀར་སྡེབ་སྦྱོར་བྱེད་ཐུབ་པ་དང་།  རྒྱུད་བཟང་ཕྱུགས་རིགས་ཀྱི་གྲངས་འབོར་ནུས་ལྡན་ངང་མང་དུ་བཏང་བ་དང་ད་ཡོད་ཀྱི་ནོར་ཁྱུའི་གསར་བརྗེ་ཇེ་མགྱོགས་སུ་བཏང་ནས་རྒྱུད་བཟང་ནོར་གནག་གི་ཁྱབ་ཚད་མཐོ་རུ་བཏང་ཡོད་ཟེར། 

མིག་སྔའི་བར་ཐུན་ཏེ་རྫོང་དེང་རབས་འབྲོག་ལས་ཚན་རྩལ་ཐོན་ལས་གླིང་དུ་ཚད་གཞི་མཐོ་བའི་ཕྱུགས་ཁང་9བསྐྲུན་པ་དང་། གཡག20དང་རྒྱུད་བཟང་འབྲི་མོ310གསོ་སྤེལ་བྱས་ཡོད། ཚན་རིག་དང་མཐུན་པའི་གསོ་སྤེལ་དོ་དམ་དང་མིའི་ཐབས་ལ་བརྟེན་ནས་ཁམས་དཀར་སྦྱོར་པའི་ལག་རྩལ་བརྒྱུད་ལོ་གཅིག་ལ་འབྲི་མོར་མངལ་ཆགས་ཚད70%ཡན་ཟིན་པ་དང་ལོ་རེར་རྒྱུད་བཟང་བེའུ217བཙའ་ཐུབ་ཡོད།  དེང་རབས་འབྲོག་ལས་ཚན་རྩལ་ཐོན་ལས་དཔེ་སྟོན་གླིང་ནི་ཐུན་ཏེ་རྫོང་གིས་དེང་རབས་ཅན་གྱི་གསོ་སྤེལ་མ་ལག་ཧུར་ཐག་བསྐྲུན་ནས་ཐོན་སྐྱེད་བྱེད་སྟངས་ཕྱོགས་སྒྱུར་མངོན་འགྱུར་བྱུང་བའི་བསྡུས་གཟུགས་ཤིག་ཏུ་གྱུར་ཡོད་པ་རེད།

ཉེ་བའི་ལོ་འགའི་རིང་། ཐུན་ཏེ་རྫོང་གིས་ཆེད་སྤྱོད་མ་དངུལ་བཏང་སྟེ་གསོ་སྤེལ་ཁྱིམ་ཚང་གིས་གསོ་སྤེལ་མཉམ་ལས་ཁང་འཛུགས་རྒྱུར་སྐུལ་ལྕག་དང་། གསོ་སྤེལ་ལས་རིགས་འཕེལ་རྒྱས་ཤུགས་ཆེན་གཏོང་བ། རྒྱ་ཆེའི་ཁྱིམ་ཚང་དབུལ་པོས་ནོར་ལུག་གསོ་སྤེལ་བྱས་ནས་ཡོང་འབབ་འཕར་སྣོན་དང་ཕྱུག་འགྱུར་ཡོང་བར་རོགས་སྐྱོར་དང་ཁྲིད་སྟོན་བྱེད་པ། སྐྱེ་ཁམས་དང་མཐུན་པའི་ནོར་ལུག་གསོ་སྤེལ་ལས་རིགས་ནུས་ཤུགས་ཡོད་རྒུས་འཕེལ་རྒྱས་གཏོང་བ། རྣམ་གྲངས་རོགས་སྐྱོར་དང་དངུལ་བུན་སྐྱེད་གསབ་སོགས་ཀྱི་བྱེད་ཐབས་སྤྱད་པ།མཉམ་ལས་ཁང་དང་ཕྱུགས་སྐྱོང་ཁྱིམ་ཚང་ཟུང་དུ་འབྲེལ་བའི་ཐོན་སྐྱེད་གཉེར་སྐྱོང་བྱེད་སྟངས་འཚོལ་ཞིབ་བྱེད་པ། བོགས་གཡར་དང་འགན་གཙང་ལེན། མ་རྐང་ནང་ཞུགས་པ་སོགས་ཀྱི་བྱེད་ཐབས་སྣ་ཚོགས་བརྒྱུད་ཐོན་ཁུངས་ཀྱི་རྒྱུ་རྐྱེན་དེ་མཉམ་ལས་རྩ་འཛུགས་དང་ཐོན་ལས་ཁྱིམ་ཆེན་དུ་གཅིག་སྡུད་བྱ་རྒྱུར་ཁྲིད་སྟོན་བྱེད་པ། ཞིང་ཕྱུགས་ཆེད་ལས་མཉམ་ལས་རྩ་འཛུགས་འཛུགས་པ་སོགས་ལ་ཁ་ཕྱོགས་པར་སྣེ་ཁྲིད་དེ་དཔེ་སྟོན་རང་བཞིན་གྱི་ཁྱིམ་ཚང་ཕྱུགས་ར་ཁག་གཅིག་སྐྱེད་སྲིང་བྱེད་པ་བཅས་བྱས་པས་རོང་འབྲོག་ཁྱིམ་ཚང་གི་ཟབ་ཞུགས་ཚད་རིམ་གྱིས་མཐོ་རུ་ཕྱིན་ཡོད་པ་རེད། 
རྫོང་ཞིང་ཕྱུགས་ཆུ་བེད་དང་ཚན་རྩལ་ཅུའུ་ཡི་ཅུས་ཀྲང་ཉི་མ་ཚེ་རིང་གིས་བཤད་རྒྱུར། ཉེ་བའི་ལོ་འགའི་རིང་། རང་རྫོང་གིས་མ་དངུལ་སྒོར་འབུམ་གསུམ་སྟོང་གཉིས་དྲུག་བརྒྱ་བཏང་ནས་སྐྱེ་ལྡན་རྩྭ་ཐང་མུའུ་ས་ཡ་བཞི་འབུམ་ལྔ་ཁྲི་ལྔ་སྟོང་གཅིག་ལྔ་བརྒྱ་དང་། ནོར་གནག་འབུམ་གཉིས་ཁྲི་གཅིག་སྟོང་གཉིས། བོད་ལུག་འབུམ་གསུམ་ཁྲི་ལྔ་སྟོང་གཉིས་སུམ་བརྒྱ་ཡི་སྐྱེ་ལྡན་ངོས་འཛིན་ཡོངས་འགྲུབ་བྱས་པ་དང་།  མ་དངུལ་སྒོར་དུང་ཕྱུར་གཅིག་བྱེ་བ་ལྔ་ས་ཡ་གཉིས་བཏང་ནས་དུང་དཀར་དང་ཧ་ཞ། ན་རིན། འབེ་བཟའ།  དཀྱིལ་འཁོར། གསེར་གཞུང་། ཧྲོང་བོ། སེ་རྒྱ།  ཐོ་སི་སོགས་སྡེ་བར་ཚད་ལྡན་གྱི་ནོར་གནག་དང་བོད་ལུག་ གསོ་སྤེལ་ཁུལ་ཆུང་40གསར་སྐྲུན་བྱས་པ་དང་། མ་དངུལ་སྒོར་བྱེ་བ་བཞི་ས་ཡ་གཅིག་འབུམ་གཅིག་ཁྲི་བདུན་བཏང་ནས་ཁོ་རྒྱ་དང་ཧྲོང་བོ།  འབུམ་ལུང་། གོང་མ། འབའ་མདོ་སོགས་སྡེ་བ་ཚོར་ཞིང་ཕྱུགས་ལས་ཀྱི་རྨང་གཞིའི་སྒྲིག་བཀོད་ཀྱི་རིམ་སྤོར་རྣམ་གྲངས་40ཡོངས་འགྲུབ་བྱས་ཤིང་།  མ་དངུལ་སྒོར་ཁྲི་ས་ཡ་བཞི་བཏང་ནས་ནོར་གནག་དང་བོད་ལུག་གི་སྐྱེ་ཁམས་ཕྱུགས་ར2རེ་གསར་དུ་བསྐྲུན་ཡོད།

རྨ་བྱང་ཞང་གུར་དཀར་སྡེ་བའི་དཔལ་འབྱོར་མཉམ་ལས་ཁང་གི2024ལོའི་ལོ་དཀྱིལ་གྱི་ཁེ་སྤོགས་བགོ་བཤའ་རྒྱག་པའི་མཛད་སྒོའི་སྟེང་རྒྱན་འཕེན་པའི་བྱ་ཐབས་བརྒྱུད་མཉམ་ལས་ཁང་གིས་རྐང་འཛིན་ཉོ་མིར་རྒྱུད་བཟང་ནོར་གནག168སྤྲད་པ་དེའི་རིན་གོང་མི་དམངས་ཤོག་སྒོར་་དུ་ཕབ་ན་སྒོར་འབུམ་ལྔ་སྟོང་བཞི་ཟིན་ཡོད་པ་རེད། ཉེ་ཆར་འཚོགས་པའི་ཧོ་ཐོག་སྡེ་བའི་ཞིང་ཕྱུགས་ཆེད་ལས་མཉམ་ལས་ཁང་གི་ཁེ་སྤོགས་བགོ་བཤའ་རྒྱག་པའི་མཛད་སྒོའི་སྟེང་མཉམ་ལས་ཁང་དུ་ཞུགས་ཡོད་པའི་མི་སྣ154ལ་བསྡོམས་པས་ཁེ་སྤོགས་ནས་རྒྱ་མ་འབུམ་གཉིས་སྟོང་བརྒྱད་དགུ་བརྒྱ་རེ་དྲུག་བགོ་བཤའ་བརྒྱབ་པ་དེ་མི་དམངས་ཤོག་སྒོར་ལ་ཕབ་ན་སྒོར་271654.6འབུམ་གཉིས་ཁྲི་བདུན་སྟོང་གཅིག་དྲུག་བརྒྱ་ང་བཞི་ལྷག་ཟིན་ཡོད་པ་རེད། 

ཉེ་བའི་ལོ་ཤས་རིང་ཐུན་ཏེ་རྫོང་གིས་ཡུལ་བབ་དང་བསྟུན་ཏེ་ཐོན་ལས་ཀྱི་གཙོ་རྒྱུག་ཁ་ཕྱོགས་ཡག་པོ་འཚོལ་བ་དང་། ཐོ ན་ལས་འཕེལ་རྒྱས་ཀྱི་སྦྲེལ་ཐག་རིང་དུ་གཏོང་བ། གཉེར་སྐྱོང་གི་ཕན་འབྲས་ཁྱོན་ཡོངས་ནས་ཆེ་རུ་གཏོང་བ་བཅས་བྱས་ཏེམིག་གིས་མཐོང་བའི་ཐུན་མོང་དཔལ་འབྱོར་དེ་ལག་ཏུ་འབྱོར་བའི་མཉམ་སྤྱོད་ཁེ་ཕན་དུ་འགྱུར་བར་བྱས་ནས་མང་ཚོགས་ཀྱི་སྐྱིད་སྣང་དང་ཐོབ་སྣང་ཆེ་རུ་བཏང་ཡོད། 

ཐུན་ཏེ་རྫོང་གིས་སྐྱེ་ཁམས་ཕྱུགས་ལས་ལས་མཉམ་ལས་ཁང་གཞི་རྟེན་དུ་བྱས་ཏེ་ནོར་གནག་དང་བོད་ལུག་གི་ཐོན་ལས་རྒྱུན་མཐུད་ངང་འཕེལ་རྒྱས་བཏང་བ་དེས། མེད་པ་ནས་ཡོད་པ་དང་ཡོད་པ་ནས་མངོན་འགྱུར་བྱུང་སྟེ་རོང་འབྲོག་པའི་ཡོང་འབབ་རྒྱུན་མཐུད་ངང་འཕར་བར་སྐུལ་འདེད་ནུས་ལྡན་བཏང་ཡོད། མིག་སྔའི་བར་རྫོང་ཡོངས་ཀྱིས་ཞིང་ཆེན་རིམ་པའི་དཔེ་སྟོན་མཉམ་ལས་ཁང3དང་། ཞིང་ཆེན་རིམ་པའི་དཔེ་སྟོན་རང་བཞིན་གྱི་ཁྱིམ་ཚང་ཕྱུགས་ར་12ཁུལ་རིམ་པའི་དཔེ་སྟོན་མཉམ་ལས་ཁང་19ཁུལ་རིམ་པའི་དཔེ་སྟོན་རང་བཞིན་གྱི་ཁྱིམ་ཚང་ཕྱུགས་ར་30བཅས་སྐྱེད་སྲིང་བྱས་པ་དང་། སྐྱེ་ཁམས་ཕྱུགས་ལས་མ་རྐང་ལམ་ལུགས་27སྒྱུར་བཀོད་བྱས་ཤིང་།  རྫོང་ཡོངས་ཀྱི་ཞིང་ཕྱུགས་ལས་སྒྲིག་འཛུགས་ཅན་དུ་འགྱུར་ཚད་60%ཡན་ཟིན་པ་དང་།  ནོར་གནག་དང་བོད་ལུག་ཁུངས་འདེད་ཁྱབ་ཚད་60%བཅས་ཟིན་ཡོད་པ་རེད། 

ད་ལྟ་ཐུན་ཏེ་རྫོང་གི་ཞིང་ཕྱུགས་ལས་ཀྱི་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་ཀྱི་ཁྱད་ཆོས་སྔར་ལས་གསལ་བ་དང་གྲུབ་ཆ་སྔར་ལས་ཚན་རིག་དང་མཐུན་པ། ཕན་འབྲས་སྔར་ལས་དོན་དངོས་དང་མཐུན་པ། འཕེལ་རྒྱས་བརྟན་པོའི་ཁྲོད་ཡར་རྒྱས་ཡོང་བ་བཅས་བྱུང་ཡོད། 

རྫོང་ཞིང་ཕྱུགས་ཆུ་བེད་དང་ཚན་རྩལ་ཅུའུ་ཡི་ཅུའུ་ཀྲང་གཞོན་པ་ཝང་ཆིན་ཁྲུན་གྱིས་བཤད་རྒྱུར། ཉེ་བའི་ལོ་འགའི་རིང་ཐུན་ཏེ་རྫོང་གིས་ཚད་གཞི་མཐོ་བའི་ཞིང་ས་མུའུ་ཁྲི་གསུམ་སྟོང་གསུམ་གསར་སྐྲུན་བྱས་པ་དང་མུའུ་ཁྲི་གསུམ་སྟོང་ལྔ་ཡི་རྫས་ལུད་དང་ཞིང་སྨན་སྤྱོད་ཚད་ཉུང་གཏོང་དང་ཕན་འབྲས་ཆེ་རུ་གཏོང་བའི་ལས་འགན་བསྒྲུབས་པས་རྫས་ལུད་དང་རྫས་འགྱུར་ཞིང་སྨན་སྤྱོད་ཚད་སོ་སོར 25%དང་20%ཡན་ཇེ་ཉུང་དུ་ཕྱིན་པ་དང་ལྗང་མདོག་སྔོན་འགོག་ཚོད་འཛིན་ཁྱབ་ཚད་100%ཟིན་ཡོད་པ་རེད། རྫོང་ཡོངས་ཀྱི་འབྲུ་རིགས་འདེབས་པ་ཁྱོན་མུའུ་ཁྲི་འབུམ་གཅིག་ཁྲི་གཅིག་སྟོང་གསུམ་ཡན་དང་། སྣུམ་རྒྱུའི་ལོ་ཏོག་མུའུ་ཁྲི2ཡན་བརྟན་པོ་བྱུང་བ།  འབྲུ་རིགས་ཐོན་ཚད་ཏུན་ཁྲི་གཉིས་སྟོང་བདུན་ཟིན་པ་དང་ལོག་དཀར་གྱི་ཐོན་ཚད་ཏུན་སྟོང་གཉིས་སུམ་བརྒྱ་ཟིན་པ་རེད། རྫོང་ཡོངས་སུ་ད་ཡོད་ཀྱི་རྩྭ་གཟན་ཕྱུགས་རིགས་ཁྲི་ས་ཡ་གཅིག་ཁྲི་དྲུག་ཡན་ཡོད་པ་དང་། ནོར་ལུག་འབུམ་གསུམ་ཁྲི་གཉིས་ཡན་བཤས་གཏོང་བྱས། ནོར་ལུག་གི་ཤའི་ཐོན་འབབ་ཏུན་ཁྲི་གཅིག་སྟོང་གཅིག་བཞི་བརྒྱ་ཡན་ཡོད་ལ། འོ་མའི་ཐོན་འབབ་ཏུན་ཁྲི་གཅིག་སྟོང་གཉིས་ཡན་ཟིན་ཡོད་ཟེར།  

ད་ལྟ་སྐྱེ་སྟོབས་ཀྱི་དཔལ་འབར་བའི་ཞིང་ས་གཤིན་པོར་རྒྱང་ལྟ་བྱས་ཚེ། སྐྱེ་ཁམས་མཆམ་མཐུན་དང་ཐོན་ལས་དར་ཞིང་རྒྱས་པའི་རོང་འབྲོག་པའི་སྡེ་བ་རེ་རེ་བཞིན་མིག་ལམ་དུ་ཤར་ཡོང་ཞིང་། རོང་འབྲོག་མང་ཚོགས་ཀྱི་ཡོང་འབབ་འཕར་སྣོན་ལ་སྐུལ་ཁྲིད་ཐུབ་པའི་ཞིང་ལས་ལས་གཞི་རེ་རེ་དོན་འཁྱོལ་བྱས་པ་སོགས་རྫོང་རུའི་ས་གཞི་ཆེན་མོའི་སྟེང་དུ་སྐྱེ་སྟོབས་དང་རེ་བས་ཁེངས་པའི་ལྗང་མདོག་གི་རི་མོ་མང་པོ་ཞིག་ཕབ་ཡོད་པ་རེད།  ཐུན་ཏེ་རྫོང་གི་སྔོ་ལྗང་གི་རི་ཚོགས་དང་དྭངས་གཙང་གི་ཆུ་བོ། མཛེས་ཤིང་ལྟ་ན་སྡུག་པའི་ཡུལ་ལྗོངས།  ཞིང་གསུམ་འཕེལ་རྒྱས་དང་ཐོན་ལས་དར་སྤེལ་གཏོང་བའི་ངོ་མཚར་བའི་འཆར་བཀོད་སོགས་ལས་ང་ཚོས་དུས་རབས་གསར་བའི་རླབས་རྒྱུན་དང་འགྲོགས་པའི་གྲོང་གསེབ་དར་སྤེལ་གྱི་དགེ་མཚན་དང་སྐྱེ་ཁམས་དང་མཐུན་པའི་ཐོན་ལས་དར་སྤེལ་གྱི་མིག་རྒྱང་རྟོགས་ཐུབ། 

སྔ་རབས་རྗེས་འཇུག


ཐུན་ཏེ་གསར་འགྱུར། 2024.10.23


རང་རྫོང་གི་ཁྱད་ལྡན་ཐོན་རྫས་འགྲེམ་ཚོང་ཟི་ལིང་དུ་བསྡུས།


སློབ་གསོའི་གསོ་སྦྱོང་འཛིན་གྲྭ་རྫོང་ཨུའི་ཏང་གི་སློབ་གྲྭར་ཚོགས།

净秀同德藏文版
ཏང་གི་སྲིད་ཇུས་དྲིལ་སྒྲོག་དང་ས་གནས་རིམ་པའི་རིག་གནས་སྔོག་འདོན་སྒོས།དཔལ་འབྱོར་འཕེལ་རྒྱས་ཀྱི་གནས་མཆོག་འབའ་རྫོང་བསྐྲུན།
 最新文章