རང་ཞིང་གིས་སྐུད་ཡོད་བརྙན་འཕྲིན་རིན་མེད་སྒོས་མཁོ་འདོན་བྱས་པ།

文摘   2024-11-13 16:57   青海  

  རང་རེའི་དྲ་བའི་འཕྲིན། ཟླ11པའི་ཚེས11ཉིན། མཚོ་སྔོན་ཞིང་ཆེན་སྲིད་གཞུང་གིས་དམིགས་བསལ་ཚོགས་སྤྱིའི་སྐུད་ཡོད་བརྙན་འཕྲིན་ཉོ་བའི་སྤྱི་གཞུང་ཞབས་ཞུའི་ལས་གཞི་ཟི་ལིང་དུ་ལག་བསྟར་བྱེད་འགོ་བརྩམས། ལས་གཞི་དེ་སྲིད་གཞུང་གིས་རྩིས་བརྒྱབ་ནས་ཆ་རྐྱེན་དང་མཐུན་པའི་དམིགས་བསལ་ཚོགས་སྤྱིར་རིན་པ་མི་དགོས་པའི་སྐུད་ཡོད་བརྙན་འཕྲིན་གྱི་ཞབས་ཞུ་མཁོ་འདོན་བྱེད་ཀྱིན་ཡོད་པས། མཚོ་སྔོན་ནི་རྒྱལ་ཡོངས་ཀྱི་སྔོན་དུ་ཞིང་ཆེན་ཡོངས་ཀྱི་ཁྱབ་ཁོངས་སུ་སྲིད་གཞུང་གིས་དམིགས་བསལ་ཚོགས་སྤྱིའི་སྐུད་ཡོད་བརྙན་འཕྲིན་ཉོ་བའི་སྤྱི་པའི་ཞབས་ཞུའི་ལས་གཞི་ལག་བསྟར་བྱེད་མཁན་ཞིང་ཆེན་དང་པོར་གྱུར་བ་རེད།
  རྒྱུས་ལོན་བྱས་པ་ལྟར་ན། ལས་གཞི་དེ་ལག་བསྟར་བྱས་པ་ནི་རྒྱང་སྒྲོག་བརྙན་འཕྲིན་གྱི་སྤྱི་པའི་ཞབས་ཞུ་ཚད་ལྡན་ཅན་གྱི་མ་ལག་འཛུགས་སྐྲུན་བྱེད་ཚད་ཇེ་མགྱོགས་སུ་གཏོང་བ་དང་། མི་དམངས་མང་ཚོགས་ཀྱི་བསམ་པའི་རིག་གནས་འཚོ་བ་ཕུན་སུམ་ཇེ་ཚོགས་སུ་གཏོང་བ། དམིགས་བསལ་ཚོགས་སྤྱིའི་གཞི་རྩའི་རིག་གནས་ཁེ་དབང་ལ་འགན་སྲུང་། མི་དམངས་མང་ཚོགས་ཀྱིས་རྒྱང་སྒྲོག་བརྙན་འཕྲིན་བྱ་བའི་ཡིད་ཚིམ་ཚད་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ་བཅས་ཀྱི་གསོན་ཉམས་ལྡན་པའི་ལག་ལེན་ཞིག་རེད། འགོ་རྩོམ་མཛད་སྒོའི་སྟེང་། དམིགས་བསལ་ཚོགས་སྤྱིའི་འཐུས་མི་ཚོས་གཅིག་རྗེས་གཉིས་མཐུད་ངང་བཤད་རྒྱུར། སྲིད་གཞུང་གིས་སྐུད་ཡོད་བརྙན་འཕྲིན་གྱི་ཞབས་ཞུ་ཉོས་པ་བརྒྱུད། ཁོ་ཚོས་སྤུས་ཚད་མཐོ་བའི་རྒྱང་སྒྲོག་བརྙན་འཕྲིན་གྱི་ལེ་ཚན་སྔར་ལས་མང་པོར་རིན་མེད་ངང་ལྟ་ཐུབ་པས། རྒྱལ་ཁབ་ཀྱི་དོན་ཆེན་དང་སྐབས་དོན་ཆབ་སྲིད་ཀྱི་གསར་འགྱུར་གལ་ཆེན་ཤེས་རྟོགས་ཐུབ་པར་མ་ཟད། བསམ་པའི་རིག་གནས་འཚོ་བ་ཕུན་སུམ་ཇེ་ཚོགས་སུ་གྱུར་ནས་ཁོ་ཚོའི་ཐོབ་སྣང་དང་སྐྱིད་སྣང་ཆེ་རུ་ཕྱིན་ཡོད་ཟེར།
  ལས་གཞི་ལག་བསྟར་བྱས་རྗེས། ཀྲུང་གོ་རྒྱང་སྒྲོག་བརྙན་འཕྲིན་མཚོ་སྔོན་དྲ་བའི་མ་རྐང་ཚད་ཡོད་ཀུང་སིས་ཞིང་ཆེན་ཡོངས་ཀྱི་སྐུད་ཡོད་བརྙན་འཕྲིན་དྲ་བའི་ཁྱབ་ཁོངས་སུ། མ་མཐའི་འཚོ་བའི་འགན་སྲུང་ཁྱིམ་ཚང་དང་། དམིགས་བསལ་དཀའ་ངལ་ཡོད་པའི་ཁྱིམ་ཚང་། རིམ་པ་དང་པོ་དང་གཉིས་པའི་དབང་པོ་སྐྱོན་ཅན་གྱི་ཁྱིམ་ཚང་། རུ་འཁྱེར་དམག་མིའི་ལས་དོན་སྡེ་ཁག་བཅས་ཀྱིས་གཏན་འཁེལ་བྱས་པའི་རྒྱལ་ཁབ་ཀྱི་དུས་བཅད་གཟིགས་སྐྱོང་དང་འཚོ་བའི་ཁ་གསབ་ལོངས་སུ་སྤྱོད་པའི་གཟིགས་སྐྱོང་བྱ་ཡུལ་ལ་རིན་མི་དགོས་པར་ཀྲུང་དབྱང་དང་ཞིང་ཆེན། གྲོང་ཁྱེར། རྫོང་བཅས་ཀྱི་འཕྲིན་ལམ་ཚུད་པའི་གཞི་གྲངས་བརྙན་འཕྲིན་ཐད་གཏོང་ལེ་ཚན70ལྷག་ལ་བལྟ་ཐུབ་པའི་ཞབས་ཞུ་འདོན་སྤྲོད་བྱས། དེ་ནི་མཚོ་སྔོན་གྱི་རྒྱང་སྒྲོག་བརྙན་འཕྲིན་ཞབས་ཞུ་ཐོན་ཁུངས་དེ་གཞི་རིམ་དུ་བསྲིང་པ་དང་། ཐག་རིང་ས་ཁུལ་དང་འཚོ་བར་དཀའ་ངལ་ཡོད་པའི་མང་ཚོགས་ལ་ཕྱོགས་པའི་དམངས་སེམས་ཀྱི་ལས་གཞི་ཞིག་ཡིན་ལ། དེས་རྒྱང་སྒྲོག་བརྙན་འཕྲིན་གྱི་སྤྱི་པའི་ཞབས་ཞུ་ནུས་ལྡན་སྒོས་ཚད་ལྡན་ཅན་དང་། ཆ་སྙོམས་ཅན། སྤྱི་ཚོགས་ཅན་བཅས་སུ་འགྱུར་ཚད་མཐོ་རུ་གཏོང་ཐུབ་པ་དང་། ཏང་དང་སྲིད་གཞུང་གིས་དམིགས་བསལ་ཚོགས་སྤྱིར་ཐུགས་ཁུར་དང་ལྟ་རྟོག་གནང་བཞིན་པ་མཚོན་ཡོད་པ་རེད།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ།

རྩོམ་སྒྲིག་པ། ཡེ་ཤེས་སྒྲོལ་མ།

大美安多
青海省人民政府藏文网(www.qhtibetan.com)由中共青海省委宣传部主管,青海省互联网新闻中心主办。
 最新文章