རྒྱལ་ཁབ་སྨན་བཅོས་འགན་སྲུང་ཅུའུ་ཡི་བརྡ་ཐོ་གསར་ཤོས།

文摘   2024-10-18 16:10   青海  

གསར་འགོད་པས་རྒྱལ་ཁབ་སྨན་བཅོས་འགན་སྲུང་ཅུའུ་ནས་རྒྱུས་ལོན་བྱུང་བ་ལྟར་ན། ཉེ་དུས་རྒྱལ་ཁབ་སྨན་བཅོས་འགན་སྲུང་ཅུའུ་ཡིས་སྒྲིག་འཛུགས་བྱས་པའི་ཆེད་དོན་འཕུར་སྐྱོད་ཞིབ་བཤེར་ལས་རྒྱུས་ལོན་བྱུང་བ་ལྟར་ན། གནས་གཏན་འཁེལ་གྱི་སྨན་བཅོས་སྒྲིག་གཞི་དང་གནས་གཏན་འཁེལ་གྱི་སྨན་རྫས་སིལ་འཚོང་ཁང་ཁག་གཅིག་གི་སྨན་བཅོས་འགན་སྲུང་སྨན་རྫས་ཀྱི་ཕྱི་སྡེབ་སྨན་ཡིག་གི་དོ་དམ་ཞིབ་ཚགས་མེད་པ་དང་། སྨན་ཐོ་རྫུས་མ་བཟོ་བ་དང་སྨན་སྟེར་ཚད་ཚད་ལས་བརྒལ་བ་སོགས་ཀྱི་སྣང་ཚུལ་ཡང་ཡང་ཐོན་གྱིན་ཡོད།

ཟླ10པའི་ཚེས16ཉིན་རྒྱལ་ཁབ་སྨན་བཅོས་འགན་སྲུང་ཅུའུ་ཡིས《སྨན་བཅོས་འགན་སྲུང་སྨན་རྫས་ཀྱི་ཕྱི་སྡེབ་སྨན་ཡིག་གི་དོ་དམ་ཚད་ལྡན་དུ་གཏོང་རྒྱུའི་སྐོར་གྱི་རྒྱལ་ཁབ་སྨན་བཅོས་འགན་སྲུང་ཅུའུ་གཞུང་ལས་ཁང་གི་བརྡ་ཐོ》པར་འགྲེམས་བྱས་ནས་སྨན་བཅོས་འགན་སྲུང་དང་སྨན་རྫས་ཀྱི་ཕྱི་སྡེབ་སྨན་ཡིག་གི་དོ་དམ་སྔར་ལས་ཚད་ལྡན་དུ་བཏང་།

བརྡ་ཐོར་གཞིགས་ན། དྲ་ཐོག་སྨན་བཅོས་འགན་སྲུང་གློག་རྡུལ་སྨན་ཡིག་ལྟེ་གནས་ཀྱི་སྤྱི་འདོམས་ས་ཁུལ་དུ་གནས་གཏན་འཁེལ་གྱི་སྨན་བཅོས་སྒྲིག་གཞིས་གློག་རྡུལ་སྨན་ཐོའི་ལྟེ་གནས་བརྒྱུད་སྨན་ཡིག་གི་ཕྱི་སྡེབ་ཞབས་ཞུ་མཁོ་འདོན་བྱེད་དགོས་པ་དང་། གློག་རྡུལ་སྨན་ཐོ་དེ་ཤོག་རིགས་ཀྱི་སྨན་ཡིག་ཞིག་ཏུ་པར་འདེབས་བྱས་ཏེ་རྒན་རྒོན་སོགས་དགོས་མཁོ་ཡོད་པའི་འགན་སྲུང་ནང་ཞུགས་མཁན་གྱིས་ཤོག་རིགས་སྨན་ཡིག་འཁྱེར་ནས། གནས་གཏན་འཁེལ་གྱི་སྨན་རྫས་སིལ་ཚོང་ཁང་དུ་སྨན་ཉོ་བར་འགྲོ་རྒྱུར་སྟབས་བདེ་སྐྲུན་དགོས། གནས་སྐབས་སྨན་བཅོས་འགན་སྲུང་གློག་རྡུལ་སྨན་ཡིག་ལྟེ་གནས་ཀྱི་སྤྱི་འདོམས་ས་ཁུལ་དུ་བཙུགས་མེད་པའི་གནས་གཏན་འཁེལ་གྱི་སྨན་བཅོས་སྒྲིག་གཞིས་བྲིས་པའི་ཤོག་བུའི་སྨན་ཡིག་དེར་ངེས་པར་དུ་སྨན་ཁང་དེའི་སྨན་བཅོས་འགན་སྲུང་གི་སྨན་པ་དཀའ་བཅུ་པའི་མིང་རྟགས་འགོད་དགོས་པ་མ་ཟད། ཕྱི་ནས་སྡེབ་སྦྱོར་བྱེད་པའི་སྨན་ཡིག་གི་ཆེད་སྤྱོད་ཐམ་ག་བརྒྱབ་རྗེས་གོ་ཆོད་ཀྱི་ཡོད།

བརྡ་ཐོའི་ནང་གནས་གཏན་འཁེལ་གྱི་སིལ་ཚོང་སྨན་ཚོང་ཁང་གིས་འགན་སྲུང་ནང་ཞུགས་མཁན་ལ་ཕྱི་ཕྱོགས་ནས་སྨན་ཡིག་སྙོམས་སྒྲིག་བྱེད་སྐབས། སྨན་ཡིག་གི་བདེན་པའི་རང་བཞིན་དང་། ཁྲིམས་མཐུན་རང་བཞིན། ཚད་ལྡན་རང་བཞིན་བཅས་ལ་ཞིབ་བཤེར་ནན་ཏན་བྱེད་པ་དང་། སྨན་ཡིག་གི་ཆ་འཕྲིན་དང་། གོ་ཆོད་དུས་ཚོད་སོགས་དང་དེ་བཞིན་འགན་སྲུང་ནང་ཞུགས་མཁན་གྱི་ཆ་འཕྲིན་ལ་ཞིབ་མཆན་འགོད་དགོས། གནད་དོན་ཤེས་རྟོགས་བྱུང་ཚེ་སྙོམས་སྒྲིག་དང་ལེན་མི་བྱེད་པ་ཟད་ད་དུང་ས་གནས་དེའི་སྨན་བཅོས་འགན་སྲུང་ལས་ཁུངས་ལ་དོགས་གཞི་ཡོད་པའི་སྨན་ཡིག་སྡེབ་སྦྱོར་གྱི་ཁུངས་སྣེ་དུས་ཐོག་ཏུ་སྙན་སེང་ཞུ་དགོས་པའི་བླང་བྱ་བཏོན།

གནས་གཏན་འཁེལ་གྱི་སིལ་ཚོང་སྨན་ཚོང་ཁང་གིས་གཅིག་གྱུར་འཆར་འགོད་ས་ཁུལ་གྱི་གནས་གཏན་འཁེལ་གྱི་སྨན་བཅོས་སྒྲིག་གཞིའི་ཕྱི་སྡེབ་སྨན་ཡིག་ལ་བརྟེན་ནས་ཕྱིར་ཚོང་བྱེད་པའི་སྨན་རིགས། གཏན་འབེབས་དང་མཐུན་པ་རྣམས་སྨན་བཅོས་འགན་སྲུང་གི་གཅིག་གྱུར་འཆར་འགོད་ཐེབས་རྩའི་གཏོང་སྤྲོད་བྱེད་ཁོངས་སུ་བཅུག་ཆོག གཅིག་གྱུར་འཆར་འགོད་ས་ཁུལ་དེའི་ཕུད་པའི་སྨན་བཅོས་ལས་ཁུངས་ཀྱི་ཕྱི་སྡེབ་སྨན་ཡིག་གནས་སྐབས་དང་ལེན་མི་བྱེད།

བརྡ་ཐོའི་ནང་གློག་རྡུལ་སྨན་ཡིག་གི་ལྟེ་གནས་འཛུགས་སྐྲུན་ལ་མགྱོགས་མྱུར་སྐུལ་འདེད་གཏོང་དགོས། 2025ལོའི་ཟླ1པའི་ཚེས1ཉིན་ནས་བཟུང“འགྲོ་ལམ་གཉིས”ཀྱི་སྨན་རྫས་སྒྲིག་སྦྱོར་བྱས་པའི་གནས་གཏན་འཁེལ་གྱི་སྨན་རྫས་སྨན་ཚོང་ཁང་ཚང་མས་གློག་རྡུལ་སྨན་ཡིག་ལྟེ་གནས་བརྒྱུད“འགྲོ་ལམ་གཉིས”ཀྱི་སྨན་རྫས་སྨན་ཡིག་བརྒྱུད་བཤུག་བྱེད་པ་ལས་ཤོག་བུའི་སྨན་ཡིག་དང་ལེན་མི་བྱེད། དམིགས་བསལ་གནས་ཚུལ་གྱི་རྐྱེན་གྱིས་ཤོག་བུའི་སྨན་ཡིག་སྤྱོད་ཡུན་ཇེ་རིང་དུ་གཏོང་དགོས་ཚེ། སྤྱི་འདོམས་ས་ཁུལ་གྱིས་ཞིང་ཆེན་རིམ་པའི་སྨན་བཅོས་འགན་སྲུང་ལས་ཁུངས་ལ་མོས་མཐུན་ཐོབ་རྒྱུའི་སྙན་སེང་ཞུ་དགོས་པ་མ་ཟད། ད་དུང་རྒྱལ་ཁབ་སྨན་བཅོས་འགན་སྲུང་ཅུའུ་ལ་ཐོ་འགོད་བྱེད་དགོས་པ་དང་དུས་འགྱངས་དུས་ཚོད་ཟླ་བ་གསུམ་ལས་མི་བརྒལ་བ་བྱེད་དགོས་པའི་བླང་བྱ་བཏོན།

བརྡ་ཐོའི་ནང་སྨན་བཅོས་འགན་སྲུང་གི་ཕྱི་སྡེབ་སྨན་ཡིག་སྤྱོད་པའི་ཆེད་དོན་བཅོས་སྒྲིག་གཅིག་སྡུད་ཐོག་བྱེད་དགོས། སྤྱི་འདོམས་ས་ཁུལ་གྱི་སྨན་བཅོས་འགན་སྲུང་ལས་ཁུངས་ཀྱིས་གནས་གཏན་འཁེལ་གྱི་སྨན་བཅོས་སྒྲིག་གཞི་དང་གནས་གཏན་འཁེལ་གྱི་སིལ་ཚོང་ཁང་གི་ཕྱི་སྡེབ་སྨན་ཡིག་ལ་ཞིབ་བཤེར་བྱ་རྒྱུ་དེ་མགོ་སྐོར་གཡོ་འཕྲུལ་ལ་རྡུང་རྡེག་གཏོང་བའི་འབྲེལ་ཡོད་འགུལ་སྐྱོད་ནང་བཅུག་ནས2024ལོའི་ཟླ12པའི་ཟླ་མཇུག་གོང་སྒོ་བསྟེན་སྨན་བཅོས་ཀྱི་གཅོང་ནད་དང་། དམིགས་བསལ་ནད་ཀྱི་འགན་སྲུང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་སྒོ་བསྟེན་སྨན་བཅོས་ཀྱི“ནད་གཉིས”ཀྱི་སྨན་སྤྱོད་ལམ་སྲོལ་གྱི་སྨན་ཡིག་སྟེར་བའི་སྨན་རྫས། དེ་བཞིན་དངུལ་གྲངས་མང་བ་དང་། འགྲོ་གྲོན་ཆེ་བ། མགོ་སྐོར་གཡོ་འཕྲུལ་གྱི་ཉེན་འགོག་འགན་བཅོལ་གྱི་ཉེན་ཁ་ཆེ་བ་བཅས་ཀྱི་སྨན་ཡིག་སྟེར་བའི་སྨན་རྫས་གཞན་དག་བཅས་ལ་དམིགས་ནས་ཆེད་དོན་ཞིབ་བཤེར་བྱེད་དགོས་པའི་བླང་བྱ་བཏོན།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་དྲ་བ།

ལོ་ཙཱ་བ། གཡང་སྐྱིད།

རྩོམ་སྒྲིག་པ། གཡང་སྐྱིད།

大美安多
青海省人民政府藏文网(www.qhtibetan.com)由中共青海省委宣传部主管,青海省互联网新闻中心主办。
 最新文章