ཚལ་རྔ་འགག་ཆུ་གློག་ས་ཚིགས“རྒྱལ་ཁབ་རྟགས་ཅན”གྱི་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་རྟེན་གཞིར་བདམས་པ།
ཟླ10པའི་ཚེས25ཉིན་རྒྱལ་ཁབ་གློག་ཤུགས་མ་འཇོག་སྡེ་ཤོག་རྨ་ཆུ་ཀུང་སིས་གཏམ་བཟང་ཞིག་སྤེལ་བ་སྟེ། རྒྱལ་གཅེས་རིང་ལུགས་ཀྱི་སྙིང་སྟོབས་རྒྱུན་འཛིན་དང་དར་སྤེལ་གཏང་ཆེད། རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་ཁོངས་རྒྱུ་ནོར་ལྟ་སྐུལ་དོ་དམ་ཨུ་ལྷན་གྱིས་མིང་བཏགས་ནས་ཁྱབ་སྒྲོག་བྱས་པའི་ཁག་གཉིས་པའི་ཀྲུང་དབྱང་ཁེ་ལས་ཀྱི་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་རྟེན་གཞི75ཡི་ནང་རྨ་ཆུ་ཀུང་སིའི་ཚལ་རྔ་འགག་གློག་འདོན་ཡན་ལག་ཀུང་སི་བདེ་བླག་ངང་ཚུད་འདུག་པ་དེ་རེད།
རྨ་ཆུའི“སྣེ་འདྲེན”གློག་འདོན་ས་ཚིགས་སུ་གྲགས་པའི་ཚལ་རྔ་འགག་གི་ཆུ་གློག་ས་ཚིགས་ནི་རང་རྒྱལ་གྱིས་རང་ངོས་ནས་ཇུས་འགོད་དང་ཨར་ལས་བྱས་པའི་ཆུ་བེད་འཁོར་མིག་ཆེ་གྲས་ཤིག་ཡིན་པ་དང་། དེས་དུས་རབས་ཉི་ཤུ་པའི་ལོ་རབས་བརྒྱད་ཅུ་པའི་ནང་ཀྲུང་གོའི་ཆུ་གློག་ལས་གཞིའི་ཆུ་ཚད་མཐོ་ཤོས་མཚོན་གྱི་ཡོད། སྐབས་དེར་ཆུ་རགས་མཐོ་ཤོས་དང་། ཆུ་མཛོད་ཀྱི་ཤོང་ཚད་ཆེ་ཤོས། ཆུ་འཁོར་འཕྲུལ་ཆས་རྐྱང་པའི་ཤོང་ཚད་ཆེ་ཤོས་བཅས་ཀྱི་ཐོག་ནས་འཛམ་གླིང་ཐོག་སྐད་གྲགས་ཆོད་མྱོང་། ཆུ་འདོན་ས་ཚིགས་དེ་བསྐྲུན་རྗེས་མཚོ་སྔོན་ཞིང་ཆེན་གྱི་གློག་ཤུགས་བཟོ་ལས་འཕེལ་རྒྱས་དེང་རབས་ཅན་གྱི་སྐས་རིམ་དུ་སླེབས་པ་རེད།
ཚལ་རྔ་འགག་ཆུ་ཤུགས་གློག་ཁང་ནི་རང་ཞིང་གི་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གསེར་ཆེན་རྫོང་དང་ཁྲི་ཀ་རྫོང་བར་གྱི་རྨ་ཆུའི་གཞུང་རྒྱུད་ན་ཡོད་ལ། དེ་ནི་རྨ་ཆུའི་སྟོད་རྒྱུད་ཀྱི་ལུང་ཆེན་དུམ་བུའི་འཆར་འགོད་ཁྲོད་ཀྱི་སྐས་རིམ་ལྟ་བུའི་ཆུ་ཤུགས་གློག་ཁང་ཆེ་གྲས་ཐོག་མ་དེ་ཡིན་ཞིང་། འཕྲུལ་ཆས་རྐྱང་པ་ནས་གློག་འདོན་ཚད་ཆན་ཝ་ཁྲི32དང་། གློག་འདོན་འཕྲུལ་འཁོར་ནས་གློག་འདོན་ཚད་བསྡོམས་འབོར་ཆན་ཝ་ཁྲི128ཤོང་ཐུབ་པས། ལོ་རེའི་ཆ་སྙོམས་གློག་འདོན་ཚད་ཆན་ཝ་ཆུ་ཚོད་རེར་དུང་ཕྱུར60ཡིན་ལ། ཤོང་ཚད་སྨི་རྒྱ་དཔངས་གྲུ་བཞི་མ་དུང་ཕྱུར247བཅས་ཟིན་སྟེང་གི་ཤོང་ཚད་ཆེ་ཤོས་དང་སྙོམས་སྒྲིག་བྱེད་ནུས་ལེགས་པའི་ལོ་མང་གི་སྙོམས་སྒྲིག་ཆུ་མཛོད་ཡིན་པར་མ་ཟད། ནུབ་བྱང་གློག་དྲའི་གཙོ་ཤུགས་གློག་ཁང་ཡང་ཡིན། དེས་འགུལ་ཚད་ལེགས་སྒྲིག་དང་། ཆུ་འགོག་པ། ཆུ་མཁོ་འདོན། ཞིང་ཆུ་འདྲེན་པ། གློག་འདོན་སོགས་ཕྱོགས་བསྡུས་ཀྱི་ནུས་པ་ཐོན་གྱི་ཡོད།
ཚལ་རྔ་འགག་གློག་འདོན་ཡན་ལག་ཀུང་སིའི་རྒྱལ་གཅེས་རིང་ལུགས་སློབ་གསོ་རྟེན་གཞིའི་འགྲེམས་ཁང་ནི2000ལོའི་ཟླ5པར་བཙུགས་པ་དང་། 2023ལོར་ཉམས་གསོ་སྒྱུར་བཀོད་བྱས། འགྲེམས་ཁང་གི་རྒྱ་ཁྱོན་ལ་སྨི་ངོས་སྙོམས་གྲུ་བཞི་མ170ཙམ་ཟིན་པ་དང་། སྤྱི་ཚོགས་ཀྱི་སྤྱི་དམངས་ལ་རིན་མེད་ངང་སྒོ་ཕྱེ་ཡོད། འགྲེམས་ཁང་གི་ཇུས་འགོད་ནང་བྱེ་གཞོང་དང་། ཡུལ་ལྗོངས། ཡི་གེ པར་རིས། བརྙན་ལམ་སོགས་ཀྱི་གཞི་རྒྱུ་མཉམ་བསྲེས་བྱས་ཡོད་ཅིང་། གཙོ་བོ་གློག་ཁང་འཛུགས་སྐྲུན་གྱི་བརྒྱུད་རིམ་དང་། འགོ་ཁྲིད་ཀྱི་ཐུགས་ཁུར། འགྲན་སློང་རང་བཞིན་གྱི་ལས་གཞི། གཟི་བརྗིད་མཚན་སྙན་གྱང་། འོད་སྟོང་འཕྲོ་བའི་གྲུབ་འབྲས། འབྲུབ་འགོག་ཉེན་སེལ། ཚལ་རྔའི་སྙིང་སྟོབས་སོགས་ཚུད་ཡོད་པ་དང་། དེའི་ནང་ཚལ་རྔ་འགག་ཆུ་ཤུགས་གློག་ཁང་གི“སྔོན་ཆད་དང་ད་ལྟའི”གཏམ་རྒྱུད་ཀྱི་རྣམ་པའི་ཐོག་ནས་འཛམ་གླིང་སྐྱེ་བོ་ཀུན་གྱི་མིག་ལམ་དུ་བཤམས་ཡོད། ད་སྔར་རྟེན་གཞི་དེས་ལོ་རེར་ཆ་སྙོམས་སློབ་སྦྱོང་དང་ལྟ་སྐོར་བྱེད་མཁན་མི་ཐེངས600ལྷག་ཙམ་ལ་སྣེ་ལེན་ཞུས་ཡོད།
“རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་རྟེན་གཞིར་བརྟེན་ནས་ཡན་ལག་ཀུང་སིའི་ལས་བཟོ་པར་རྒྱལ་གཅེས་དང་ཁེ་ལས་ལ་དགའ་ཞེན་གྱི་སློབ་གསོ་སྤེལ་བ་དང་། དུས་མཚུངས་སྤྱི་ཚོགས་དང་སྤྱི་དམངས་ཀྱིས་སྟེགས་བུ་དེ་བརྒྱུད་ཚལ་རྔ་འགག་ཆུ་ཤུགས་གློག་ཁང་བསྐྲུན་པའི་ལོ་རྒྱུས་བསྐྱར་དྲན་བྱས་ཏེ། རྒྱལ་ཁབ་ཀྱི་ཆུ་གློག་བྱ་གཞག་དེ་དཀའ་སྤྱད་འབད་འཐབ་ནས་འོད་སྟོང་འཕྲོ་བའི་ཕྱོགས་སུ་བསྐྱོད་པའི་བརྒྱུད་རིམ་དངོས་ལ་ཉམས་སུ་མྱོང་བ་ཡིན”ཅེས་བཤད། ཚལ་རྔ་འགག་གློག་འདོན་ཡན་ལག་ཀུང་སིའི་འགྲེམས་ཁང་གི་འགན་འཁུར་བ་ཀྲང་ཀྲེ་ཝུའེ་ཡིས་འདི་སྐད། ལོ་མང་རིང་འགྲེམས་ཁང་དེ་ད་དུང་ཞིང་ཆེན་ཏང་ཨུའི་དྲིལ་སྒྲོག་པུའུ་ཡིས་ཞིང་ཆེན་རིམ་པའི་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་རྟེན་གཞི་དང་། མཚོ་སྔོན་ཞིང་ཆེན་གྱི“ཏང་ཀྲི་པུའི་རྩ་འཛུགས་ཀྱི་འཚོ་བའི་མཉམ་སྤྱོད་འཐབ་ས”སོགས་ཀྱི་གཟི་བརྗིད་མཚན་སྙན་སྔ་རྗེས་སུ་གནང་ཡོད་ཟེར།
ཡོང་ཁུངས། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་དྲ་བ།
ལོ་ཙཱ་བ། གཡང་སྐྱིད།
རྩོམ་སྒྲིག་པ། གཡང་སྐྱིད།