མཚོ་སྔོན་གྱི་སྨན་ཁང10ཡིས“ནད་གཡོག་མེད་པའི”ནད་ཁང་ཚོད་ལྟ་བྱས་པ།

文摘   2024-11-19 17:29   青海  

  ཟླ11པའི་ཚེས15ཉིན། མཚོ་སྔོན་ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱིས《མཚོ་སྔོན་ཞིང་ཆེན་སྨན་ཁང་གི“ནད་གཡོག་མེད་པའི”ནད་ཁང་ཚོད་ལྟའི་ལས་དོན་ཇུས་གཞི(2024ལོ་ནས2025ལོ་བར)》པར་འགྲེམས་བྱས་ཤིང་། མཚོ་སྔོན་ཞིང་ཆེན་མི་དམངས་སྨན་ཁང་དང་། མཚོ་སྔོན་སློབ་ཆེན་ཞོར་གཏོགས་སྨན་ཁང་། མཚོ་སྔོན་ཞིང་ཆེན་བདེ་ཐང་སླར་གསོ་སྨན་ཁང་། ཟི་ལིང་གྲོང་ཁྱེར་མི་དམངས་སྨན་ཁང་དང་པོ། ཟི་ལིང་གྲོང་ཁྱེར་མི་དམངས་སྨན་ཁང་གཉིས་པ། མཚོ་ཤར་གྲོང་ཁྱེར་མི་དམངས་སྨན་ཁང་གཉིས་པ། སྟོང་སྐོར་རྫོང་མི་དམངས་སྨན་ཁང་། རྟ་ཐང་རྫོང་མི་དམངས་སྨན་ཁང་། དགོན་ལུང་རྫོང་མི་དམངས་སྨན་ཁང་། གཞོང་ཐང་རྫོང་མི་དམངས་སྨན་ཁང་བཅས་སྨན་ཁང10རུ་དུས་ཡུན་ལོ་གཅིག་ལ“ནད་གཡོག་མེད་པའི”ནད་ཁང་ཚོད་ལྟ་བྱས་ཏེ། སྨན་ཁང་གི་ནད་སྐྱོང་ཕྱོགས་གསུམ་པའི་ལས་རིགས་ཅན་དང་ཚད་ལྡན་ཅན་གྱི་དོ་དམ་དང་འཁོར་སྐྱོད་ལམ་སྲོལ་འཚོལ་ཞིབ་ཐོག་བཙུགས་ཏེ། ནད་པ་དང་ནད་བདག་གིས་སྨན་བཅོས་ལས་རོགས་ཀྱི་དགོས་མཁོ་སྣ་མང་བསྐང་རྒྱུ་རེད།
  《ཇུས་གཞི》ཡི་ནང་ནད་གཡོག་ནི་སྨན་ཁང་གི་འཕྲོད་བསྟེན་ཆེད་ལས་ལག་རྩལ་པའི་ཁོངས་སུ་མི་གཏོགས་པས། སྨན་ཁང་གིས་ནད་སྐྱོང་གི་ཆེད་ལས་ལས་ཀ་དེ་སྨན་བཅོས་ནད་གཡོག་པར་སྤྲད་མི་ཆོག ཚོད་ལྟ་བྱ་ཡུལ་སྨན་ཁང་གིས་སྨན་བཅོས་ནད་གཡོག་གི་གསོ་སྦྱོང་ཐོབ་ཐང་ཡོད་པའི་ཕྱོགས་གསུམ་པའི་ལས་ཁུངས་ལ“ནད་གཡོག་མེད་པའི”ནད་ཁང་འཛུགས་པའི་ལས་ཀའི་ལམ་སྲོལ་འཛུགས་ཐབས་འཚོལ་ཞིབ་ཧུར་ཐག་བྱས་ཏེ། ནད་པའམ་ནད་བདག་གིས་ཕྱོགས་གསུམ་པའི་ལས་ཁུངས་དང་སྨན་བཅོས་ནད་གཡོག་བར་ལ་ཞབས་ཞུའི་གན་རྒྱ་བཞག་ནས་ སྨན་ཁང་དུ་སྡོད་པའི་ནད་པའི་འཚོ་བར་ལྟ་རྟོག་དང་། རང་ཞིང་གི་སྨན་བཅོས་ནད་གཡོག་གི་དཔུང་ཁག་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བའི་ཐབས་འཚོལ་ཞིབ་བྱ་རྒྱུ་སྐོར་བསྟན་ཡོད།
  《ཇུས་གཞི》ཡི་ནང་ཕྱོགས་གསུམ་པའི་ལས་ཁུངས་དང་། ནད་གཡོག ། སྨན་ཁང་། ནད་པ་དང་ནད་བདག་བཅས་ཀྱི་འགན་འཁྲི་ཁ་གསལ་བཏོན་ཡོད། སྨན་བཅོས་ནད་གཡོག་ལ་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་སྡེ་ཁག་གིས་ཆོག་མཆན་སྤྲད་པའི་གསོ་སྦྱོང་ལས་ཁུངས་ཀྱི་གསོ་སྦྱོང་ཚད་མཐུན་ལག་རྟགས་ཡོད་དགོས་ཤིང་། སྔོན་ལ་ནད་པའམ་ཡང་ན་ནང་མིར་གྲོས་མཐུན་འགོད་དགོས། ཕྱོགས་གསུམ་པའི་ལས་ཁུངས་དང་ཚོད་ལྟ་བྱ་ཡུལ་སྨན་ཁང་གིས་མཉམ་དུ་ལས་ཞུགས་སྔོན་གྱི་གསོ་སྦྱོང་བྱེད་དགོས་པ་དང་། སྨན་གཡོག་གི་ཁྲིད་སྟོན་འོག་ནང་མིའི་ཚབ་བྱས་ནས་སྨན་ཁང་དུ་སྡོད་པའི་ནད་པའི་འཚོ་བར་ལྟ་སྐྱོང་བྱེད་དགོས། ཕྱོགས་གསུམ་པའི་ལས་ཁུངས་ཀྱིས་ཁྲིམས་ལྟར་སྨན་ཁང་དུ་སྡོད་པའི་ནད་པར“ནད་གཡོག་མེད་པའི”ཞབས་ཞུ་བྱེད་མཁན་ནད་གཡོག་ལ་སྤྱི་ཚོགས་ཀྱི་འགན་བཅོལ་གྲོན་དངུལ་སྤྲོད་དགོས་པ་དང་། ནད་གཡོག་གི་གླ་ཕོགས་ཀྱི་ཐོབ་ཐང་དེ་ལས་ཀའི་སྤུས་ཚད་དང་ཞབས་ཞུ་བྱ་ཡུལ་གྱི་བློ་ཡིད་ཚིམ་ཚད་སོགས་ཀྱི་དམིགས་ཚད་དང་འབྲེལ་མཐུད་བྱེད་དགོས། ཚོད་ལྟའི་སྨན་ཁང་གིས་གྲངས་འབོར་ངེས་ཅན་གྱི“ནད་གཡོག་མེད་པའི”ནད་ཁང་གཏན་འཁེལ་དང་། “ནད་གཡོག་མེད་པའི”ནད་ཁང་གི་དོ་དམ་ལམ་ལུགས་དང་དཔྱད་ཞིབ་གདེང་འཇོག་གི་ཚད་གཞི་བཟོས་ཏེ། དུས་བཀག་ལྟར་དཔྱད་ཞིབ་དང་ཕྱོགས་གསུམ་པའི་ལས་ཁུངས་ཀྱི་ཞབས་ཞུའི་སྤུས་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་བར་ལྟ་སྐུལ་དང་ཁྲིད་སྟོན་བྱེད་དགོས་པ་བསྟན་ནོ། །

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ

ལོ་ཙཱ་བ། ཡེ་ཤེས་སྒྲོལ་མ།

རྩོམ་སྒྲིག་པ། ཡེ་ཤེས་སྒྲོལ་མ།

大美安多
青海省人民政府藏文网(www.qhtibetan.com)由中共青海省委宣传部主管,青海省互联网新闻中心主办。
 最新文章