མི5ལ་རིག་གནས་ཤུལ་བཞག་སྲུང་སྐྱོབ་ལས་དོན་གྱི་སྔོན་ཐོན་མཚན་སྙན་ཐོབ།

文摘   2024-10-30 17:41   青海  

  ཟླ10པའི་ཚེས་28ཉིན། རིག་གནས་དང་ཡུལ་སྐོར་པུའུ་ཡིས་གནས་ཚུལ་ཁྱབ་སྒྲོག་བྱས་པ་ལྟར་ན། རྒྱལ་ཡོངས་ཀྱི་ལས་ཁུངས100ལ“རྒྱལ་ཡོངས་ཀྱི་མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོང་ལས་དོན་གྱི་སྔོན་ཐོན་ཐུན་མོང”གི་མཚན་སྙན་དང་མི198ལ“རྒྱལ་ཡོངས་ཀྱི་མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོང་ལས་དོན་གྱི་སྔོན་ཐོན་མི་སྒེར”གྱི་མཚན་སྙན་སྤྲད་པ་རེད། མཚོ་སྔོན་ཞིང་ཆེན་གྱི་ཐུན་མོང2དང་མི་སྒེར5ལ་རྒྱལ་ཡོངས་ཀྱི་མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོབ་ལས་དོན་གྱི་སྔོན་ཐོན་མཚན་སྙན་ཐོབ་པ་རེད།

  གསར་འགོད་པས་མཚོ་སྔོན་ཞིང་ཆེན་རིག་གནས་དང་ཡུལ་སྐོར་ཐིང་ནས་ཤེས་གསལ་ལྟར་ན། ཐེངས་འདིའི་གཟེངས་བསྟོད་ནི2018ལོའི་རྗེས་སུ་རྒྱལ་ཡོངས་ཀྱི་ཁྱབ་ཁོངས་ནང་མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོང་ལས་དོན་གྱི་སྔོན་ཐོན་ཐུན་མོང་དང་མི་སྒེར་གནང་བའི་གཟེངས་བསྟོད་ཐེངས་ཤིག་རེད། དམིགས་ཡུལ་ནི་མིག་དཔེའི་ནུས་པ་འདོན་སྤེལ་བྱས་ནས། རྒྱལ་ཡོངས་ཀྱི་མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོང་ལས་དོན་པས་མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོང་རྒྱུན་འཛིན་གྱི་ལག་ལེན་ཁྲོད་སྙིང་སྟོབས་ཆེར་སྐྱེད་ཀྱིས་མདུན་སྐྱོད་དང་། དྲང་སྲུང་གསར་གཏོད་དང་སྔ་འཛིན་ཕྱི་གཏོད་བྱས་ཏེ། མངོན་མིན་རིག་གནས་ཤུལ་བཞག་གི་བརྒྱུད་རིམ་རང་བཞིན་སྲུང་སྐྱོང་ཏན་ཏིག་བྱ་ཆེད་སླར་ཡང་གྲུབ་འབྲས་བཟང་པོ་གཏོད་པ་དང་གཟི་བརྗིད་མུ་མཐུད་གཏོད་རྒྱུར་སྔར་ལས་ལྕག་སྐུལ་བྱ་རྒྱུ་དེ་རེད།
  “རྒྱལ་ཡོངས་ཀྱི་མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོང་ལས་དོན་གྱི་སྔོན་ཐོན་ཐུན་མོང”གི་མཚན་སྙན་ཐོབ་མཁན་ནི། མཚོ་སྔོན་ཞིང་ཆེན་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་རིག་གནས་ཁང(མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོང་རྒྱུན་འཛིན་ལྟེ་གནས)དང་། ཧོར་གྲོང་ཧོར་རིགས་རང་སྐྱོང་རྫོང་རིག་གནས་ཁང་གཉིས་ཡིན་པ་རེད། “རྒྱལ་ཡོངས་ཀྱི་མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོབ་ལས་དོན་གྱི་སྔོན་ཐོན་མི་སྒེར”གྱི་མཚན་སྙན་ཐོབ་མཁན་ནི། རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་མཚོན་བྱེད་རྒྱུན་འཛིན་པ་དབྱང་ཡུང་ལེང་དང་། བློ་བཟང་བསྟན་པ། ཞིང་ཆེན་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་མཚོན་བྱེད་རྒྱུན་འཛིན་པ་ཝུའུ་དབྱིང་། ཞིང་ཆེན་རིག་གནས་དང་ཡུལ་སྐོར་ཐིང་མངོན་མིན་རིག་གནས་ཤུལ་བཞག་ཁྲུའུ་ཡི་ཡུས་གོ་ཝུན། རྩེ་ཁོག་རྫོང་རིག་གནས་ཁང་གི་འགོ་གཙོ་མཁར་ལོ་རྒྱལ་བཅས་རེད།
  ཉེ་བའི་ལོ་ཤས་རིང་། མཚོ་སྔོན་གྱི་མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོབ་བྱ་གཞག་ལ་གྲུབ་འབྲས་མངོན་གསལ་ཐོབ་པ་དང་། མངོན་མིན་རིག་གནས་ཤུལ་བཞག་གི་རིམ་བཞིའི་མིང་གཞུང་མ་ལག་འཐུས་ཚང་དང་། སྲུང་སྐྱོབ་ལམ་སྲོལ་ཉིན་བཞིན་འཐུས་ཚང་། རྒྱུན་འཛིན་ནུས་པ་མངོན་གསལ་སྒོས་མཐོ་རུ་ཕྱིན་པ། ཁྱོན་ཡོངས་རང་བཞིན་གྱི་སྲུང་སྐྱོབ་ལ་བརྟན་པོའི་ངང་སྐུལ་འདེད་ཐེབས་པ། གསོ་སྦྱོང་དྲིལ་སྒྲོག་རྒྱ་ཁྱབ་ངང་སྤེལ་བ། མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོབ་ཀྱི་འདུ་ཤེས་མི་སེམས་ལ་གཏིང་ཟབ་ཟུག་པ་བཅས་བྱུང་ནས་རིག་གནས་ཀྱི་གདེང་ཚོད་དང་རིག་གནས་ཀྱི་མོས་སེམས་ཆེ་རུ་གཏོང་བ་དང་། ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་དར་སྤེལ་གཏོང་བ། ཞིང་ཆེན་ཡོངས་ཀྱི་རིག་གནས་དར་སྤེལ་གོང་འཕེལ་ལ་སྐུལ་འདེད་གཏོང་བ། ས་གནས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྣེ་ཁྲིད་པ། རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་དམིགས་ས་གཏོད་རོགས་བྱེད་པ་སོགས་ཀྱི་ཐད་ནུས་པ་གལ་ཆེན་འདོན་སྤེལ་བྱས་ནས། མངོན་མིན་རིག་གནས་ཤུལ་བཞག་ལ་དུས་རབས་གསར་པར་སྲུང་སྐྱོབ་དང་། རྒྱུན་འཛིན། འཕེལ་རྒྱས་བཅས་ཀྱི་རྣམ་པ་གསར་པ་ཞིག་ཐོན་ཡོད་པ་རེད། ཞིང་ཆེན་ཡོངས་ཀྱི་མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོང་ལས་དོན་པས་ཐོག་མའི་བསམ་འདུན་དང་འགན་འཁྲི་བློ་ལ་བརྟན་པོར་ངེས་པ་དང་། འགན་འཁྲི་གཙང་སྒྲུབ་ཧུར་ཐག་བྱས་པས་མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོང་དང་རྒྱུན་འཛིན་བྱས་པ་དང་། ཀྲུང་ཧྭའི་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་ཀྱི་གྲུབ་འབྲས་དངོས་དར་སྤེལ་གཏོང་བའི་མངོན་གསལ་དཔེ་མཚོན་འབོར་ཆེན་ཞིག་ཐོན་པ་རེད།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ།

ལོ་ཙཱ་བ། ཡེ་ཤེས་སྒྲོལ་མ།

རྩོམ་སྒྲིག་པ། ཡེ་ཤེས་སྒྲོལ་མ།

大美安多
青海省人民政府藏文网(www.qhtibetan.com)由中共青海省委宣传部主管,青海省互联网新闻中心主办。
 最新文章